Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲ་སྒྲིག་སྡུག་ས་ནས་བྱེད་དགོས་སམ།

Posted on 2015-02-102015-02-10 By ཁ་བརྡ་ 1 Comment on གྲ་སྒྲིག་སྡུག་ས་ནས་བྱེད་དགོས་སམ།

ཁྲི་རལ་པ་ཅན།

 
བཙན་བྱོལ་བོད་གཞུང་གི་ལྟེ་བ་དང་༧གོང་ས་སྐྱབས་མགོན་ཆེན་པོའི་བཞུགས་སྒར་དུ་གྲགས་པ། རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལ་ནི་འཛམ་གླིང་གང་དུའང་བོད་དོན་འཐབ་རྩོད་ཀྱི་མཚོན་རྟགས་དང་རེ་བའི་འབྱུང་ཁུངས། བོད་མིའི་ཆབ་སྲིད་ཀྱི་ཀླད་པ་དང་སྙིང་ལྟ་བུ་འཕར་ལྡིང་བྱེད་བཞིན་པ་དེ་ཡིན་གཤིས། འཛམ་གླིང་གང་སའི་སྲིད་དོན་མི་སྣ་གྲགས་ཅན་དང་སྒྱུ་རྩལ་པ། ཚན་རིག་པ་དང་སྨན་པ། མིའི་རིག་པ་བ་དང་ཆོས་པ་འདྲ་མིན། གློག་བརྙན་འཁྲབ་སྟོན་པ་དང་སྤྱི་ཚོགས་ཞབས་ཞུ་བ། བོད་མི་ནང་བཞིན་རང་དབང་འཐབ་རྩོད་པ་དང་ཡུལ་སྐོར་བ། སྣང་བ་སྐྱིད་པོ་བྱས་ཏེ་ཡུལ་འདྲ་མིན་ནང་མི་འཁྱམས་ཀྱིས་འཚོ་བ་བསྐྱལ་མཁན་སོགས། མི་སྣ་མཐོ་དམན་སྣ་ཚོགས་ཤིག་འཛོམས་ས་ཡིན་པ་མ་ཟད། བོད་ནས་གསར་འབྱོར་ལོ་རེའི་ནང་སྟོང་ཕྲག་ཁ་ཤས་རེ་རྟག་པར་འབྱོར་ཏེ། རི་རྩེའི་གྲོང་བརྡལ་འདི་ནི་ཆོས་སྲིད་གང་ཅིའི་ཆ་ནས་ཧ་ཅང་གིས་འཁྲུག་ཆ་དོད་པ་ཅིག་ཡིན།

འོན་ཀྱང་། ང་ཚོས་འདོད་མོས་ཡོད་མེད་ལ་མ་ལྟོས་པར་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ལ་ལྟོས་ཏེ། གནས་བབ་གང་ལའང་འགྱུར་བ་འགྲོ་རྒྱུ་ཡོད་པ་འཇིག་རྟེན་ཆོས་ཉིད་ཡིན་ལ། སྐབས་ལན་རེར་ལྟས་དབང་གིས་ང་ཚོས་ནམ་ཡང་ཚོད་དཔག་བྱེད་མ་ཐུབ་པའི་གནས་ཚུལ་དེ་འདྲའང་ཡོང་མི་སྲིད་པ་མིན། གང་ལྟར། ད་ཆ་རྣམ་ཀུན་རྡ་ས་ནས་བསྡད་པ་ཚོའི་མངོན་སུམ་མཐོང་ཆོས་སུ་གྱུར་ཡོད་པ་ནི། དེང་སང་གི་རྡ་རམ་ས་ལ་འདིར་རྒྱ་གར་ཡུལ་མིས་ཁེངས་བསྡད་པ་ཙམ་མ་གཏོགས། སྔོན་མ་བཞིན་ཕྱི་རྒྱལ་གྱི་མི་སྣ་ཚོགས་ཀྱིས་ཁེངས་བསྡད་པ་དེ་ཚོ་མཐོང་ཡུལ་དུ་མེད་ལ། བོད་ནས་གསར་འབྱོར་ཀྱང་ཧ་ལམ་ཡོངས་སུ་སྟོང་སྟེ་སྣེ་ལེན་ཁང་དང་གསོག་སྒར་སློབ་གྲྭ་ནམ་རྒྱུན་ཁོམ་བསྡད་པ་འདྲ་བོ་རེད།

སྔ་མོ་སླེབས་པའི་བོད་འབྱོར་རྣམས་ཀྱང་རེ་རེ་བཞིན་ཕྱི་རྒྱལ་ཁག་ནང་བཞུད་དེ་ལྡི་ལི་དང་རྡ་རམ་ས་ལར་བོད་མི་ཇེ་ཉུང་དུ་མངོན་གསལ་གྱིས་ཕྱིན་ཡོད་ཅིང་། གཞིས་ཆགས་ཁག་ནང་དུ་ནི་དེ་བས་ཀྱང་ཧ་ལམ་སྔ་མོ་ནས་བོད་མི་མང་པོ་ཕྱི་ལ་གནས་སྤོས་ཀྱིས་རྒན་རྒོན་དང་བྱིས་པ་ལས་ལྷག་མེད་པ་ཙམ་རེད། གནས་ཚུལ་དེ་རིགས་ངོས་ལེན་བྱེད་འདོད་མེད་པ་མི་ཨུ་ཚུགས་ཅན་ཚོར་མངོན་སུམ་མཐོང་ཆོས་སུ་གྱུར་པ། ང་ཚོ་སུས་ཀྱང་བརྟག་དཔྱད་བྱེད་ཐུབ་པའི་དཔེ་མཚོན་ཞིག་བཀོད་ན། རྡ་རམ་ས་ལར་ལམ་འགྲམ་དུ་བག་ལེབ་ཚོང་པ་ཚོར་དྲིས་དང་། ལོ་ཁ་ཤས་གོང་ཞོགས་པ་ཆུ་ཚོད་༩ ཙམ་ནས་བག་ལེབ་ཡོངས་རྫོགས་ཚོང་ཚར་ཏེ་བག་ལེབ་མི་རག་པ་རེད། དེང་སང་བག་ལེབ་ཉོ་མཁན་གྱི་བོད་པ་ཧ་ཅང་དཀོན་པོར་གྱུར་རྐྱེན། ཧ་ལམ་ཕྱི་དྲོ་ཆུ་ཚོད་༦ སྟེང་དུའང་བག་ལེབ་བསྟན་བསྡད་པ་མཐོང་རྒྱུ་ཡོད་པ་རེད། དེ་ཚོ་སུས་ཀྱང་ཁས་མི་ལེན་ཐབས་མེད་དང་ཁས་མ་བླངས་ན་རང་གི་དེ་ཉིད་བསྟན་པ་ཙམ་རེད།

མདོར་རྩ། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་མི་མཐོ་དམན་སུ་ཡིན་ན་རྒྱུ་རྐྱེན་གང་ཡིན་ཏག་ཏག་ཅིག་བཤད་ཤེས་མ་སོང་མོད། གང་ལྟར་རྒྱ་གར་ནང་གནས་བཅའ་མི་འདོད་པའི་ན་ཚ་ཅིག་བྱུང་སྟེ། རེ་རེ་བཞིན་ཕྱི་ལ་འཐོན་འགྲོ་གིན་ཡོད་པ་ནི་གཡོལ་ཐབས་བྲལ་བའི་དངོས་ཡོད་གནས་ཚུལ་ཅིག་རེད། དེ་ལའང་རིམ་པ་མི་འདྲ་བ་དང་འགྲོ་ས་མི་འདྲ་བ་སོགས་རིགས་མང་པོ་ཡོད། བོད་མི་རྙིང་འབྱོར་རྒྱ་གར་ནང་ས་ཞིང་ཁང་པ་ཡོད་པ་ཚོ་ཕར་བཞག་སྟེ། བཙན་བྱོལ་ནང་གི་སྐུ་དྲག་ས་ཆ་སྐྱིད་ས་ན་ཁང་བརྩེགས་མཐོན་པོ་དང་ས་རྒྱ་ཆེན་པོ་དབང་བསྡད་པ་ཚོའང་། རྒྱལ་པོ་ནང་བཞིན་གྱི་ས་ཁང་ཡོད་ས་དེར་མི་གནས་པར། བཟའ་ཚང་ཀུན་ཨ་རི་དང་ཁ་ན་དྲ་སོགས་སུ་གནས་སྤོས་བྱེད་པ་རྐྱང་ཡིན་ལ། ཆབ་སྲིད་བཙོན་པ་ཚོ་ནི་ཧ་ལམ་མང་ཆེ་ཤོས་ཕྱི་རྒྱལ་དུ་བཏང་ཚར་གྲབས་ཡོད་པ་རེད།

བོད་ནས་གསར་འབྱོར་ཚོའང་གང་ལྟར་རང་གཞན་སུ་ཡིན་ནས་སྒོར་མོ་ཅུང་ཐབས་ཤེས་གཏོང་ཐུབ་པ་ཅིག་ཡིན་ཚེ། ཕྱི་རྒྱལ་དུ་མི་ཚོང་གི་Human་trafficking བརྒྱུད་ལམ་ནས་འཚང་འགྲོ་བཞིན་པ་དང་། ཐབས་ཤེས་གཏན་ནས་མེད་པ་ཚོ་ཡང་ས་ཆ་འདི་ནས་འདུག་འདོད་མེད་པར། མི་རིགས་གཞན་དང་ཆང་ས་བརྒྱབས་ཏེ་ཕྱི་རྒྱལ་དུ་འགྲོ་བ་དང་། ཡང་ན་རྒྱ་དམར་གཞུང་ཚབ་ནས་ཡི་གེ་བླངས་ཏེ་བོད་ནང་ཕྱིར་ལོག་གི་གྲངས་འབོར་ཤིན་ཏུ་མང་པོ་རེད།

གལ་ཏེ། ང་ཚོའི་བཙན་བྱོལ་སྤྱི་ཚོགས་འདི་ཁ་འཐོར་རུ་འཐོར་དུ་མ་སོང་བའི་འདོད་པ་ཡོད་ན། བཙན་བྱོལ་བོད་གཞུང་དང་འབྲེལ་ཡོད་འགོ་ཁྲིད་ཚོས་གོ་སྐབས་ཡོད་དུས་དང་འཕྱིས་མ་དྲག་སྔ་མ་དྲགས་པའི་དུས་འདིར། དངོས་ཡོད་གནས་ཚུལ་དང་མཐུན་པ། མ་འོངས་ཕུགས་རེ་གཏད་སོ་ཡོད་པའི་སྲིད་ཇུས་ཤིག་ངེས་པར་བཟོ་དུས་སུ་བབས་ཡོད། བོད་རྙིང་བའི་དུས་ལའང་ང་ཚོས་གོ་སྐབས་རྒྱ་ཡན་དུ་བཏང་སྟེ། དངོས་ཡོད་དང་མཐུན་པའི་འགྱུར་བཅོས་མི་གཏོང་བར་སྣང་མེད་བག་ཕེབས་སུ་བསྡད་པ་དེས། ཐ་མ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་བ་ལོ་རྒྱུས་ལས་གསལ་བོར་མཐོང་ཐུབ་ཅིང་། ད་ལྟ་ཡང་དེ་བཞིན་དངོས་ཡོད་ལ་དཔག་པའི་འགྱུར་བཅོས་མེད་པར་རང་སྣང་གང་དྲན་བྱས་ན། མཇུག་འབྲས་ནི་ང་ཚོའི་བློ་ཡུལ་དུ་འཆར་དཀའ་མོ་ཅིག་ཏན་ཏན་ཡོང་རྒྱུ་རྗེས་དཔག་གིས་དཔྱོད་ཐུབ།

དེང་སང་མི་བསམ་ཡོད་ཚོར་བློ་འཚབ་ཡོང་གཞི་གཙོ་བོ་ཅིག་ནི། བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་གཅིག་པུ་ཙམ་མིན་པར། སྤྱི་འཐུས་གྲོས་ཚོགས་དང་གནད་ཡོད་མི་སྣ་སུ་ཡིན་ན། གཅིག་ན་ལྟ་རྒྱ་མཐོང་རྒྱ་ཆུང་ཆུང་ཡིན་པ་དང་རང་སྣང་དག་དྲགས་སྟེ་ཨུ་ཚུགས་ཆེན་པོ་ཡོད་པ། རྒྱལ་སྤྱིའི་ཆབ་སྲིད་གནས་ཚུལ་དང་བོད་མི་བཙན་བྱོལ་བ་མང་པོ་གནས་སའི་ཡུལ་ལུང་ཁག། བཙན་བྱོལ་བོད་མི་སྤྱིའི་བསམ་བློའི་འཁྱེར་སོ་དང་འཚོ་གནས་དགོས་མཁོ་གང་འཚོལ་བཞིན་པ། རྨང་གཞི་དེ་ཚོའི་སྟེང་ནས་ཡུན་རིང་བརྟན་པོ་ཡོང་ཐུབ་པའི་འཐབ་རྩོད་ཀྱི་ལམ་ཁ་ཅིག་བཟོ་མི་ཐུབ་པར། དངོས་ཡོད་གནས་ཚུལ་དང་ལྡོག་ཕྱོགས་ཀྱི་སྲིད་ཇུས་རྐྱང་རྐྱང་བཟོས་བཞིན་པ་ནི་འབྱུང་འགྱུར་ཉེན་ཁ་ཤིན་ཏུ་ཆེན་པོར་མཐོང་།

དཔེར་ན། གཞིས་ཆགས་ཁག་ནང་ད་ཆ་དེ་ཙམ་རེ་བ་བྱེད་ས་མེད་པར། ཞིང་ཁ་མང་ཆེ་བ་རྒྱ་གར་ཡུལ་མིར་གླ་བོག་ཏུ་བཏང་ཡོད་ལ། སློབ་གྲྭ་ཁག་མང་ཆེ་བ་སློབ་ཕྲུག་མེད་པར་རང་བཞིན་གྱིས་སྒོ་བརྒྱབ་དགོས་ཐུག་པའི་སྐབས་འདིར། བོད་གཞུང་གིས་སྔོན་རྩིས་མང་ཆེ་བ་གཞིས་ཆགས་ཁག་ནང་གཏོང་གི་ཡོད་ལ། སྒོར་མོ་འབུམ་བརྒྱ་ཕྲག་མང་པོས་འབུམ་ལ་ལྟ་བུར་སློབ་གྲྭ་གསར་བརྒྱག་གནང་གི་ཡོད་པ་རེད། བཙན་བྱོལ་བོད་མི་ཕར་ཟད་བོད་ནང་གི་བོད་མི་འབོར་ཆེན་ཕྱི་རྒྱལ་ཁག་ནང་ཤོར་བཞིན་པ་དང་། ད་ལྟ་ཕྱི་རྒྱལ་དུ་བོད་མི་གསར་འབྱོར་མི་ཐོག་དང་པོ་འདིས་བོད་ཀྱི་སྐད་ཡིག་ཤེས་པ་དང་། བོད་མིའི་འཐབ་རྩོད་ཀྱི་དཀའ་ངལ་ལ་རྒྱུས་མྱོང་ཚོར་བ་ཡོད་པ། བོད་མི་རིགས་སྤྱིའི་ཤ་ཞེན་ལར་རྒྱ་ཡག་པོ་ཡོད་པ། བཙན་བྱོལ་བོད་གཞུང་ལ་གཞུང་གཞན་ཚོས་ཆ་འཇོག་འབྲེལ་ལམ་ཡང་ཡག་པོ་ཡོད་སྐབས་འདིར།

གཞུང་ཕན་ཚུན་འབྲེལ་ལམ་བརྒྱུད་ཡུལ་ལུང་འདྲ་མིན་ནང་། བོད་མི་སྐྱབས་བཅོལ་བའི་གྲོང་སྡེ་འཛུགས་པ་དང་སློབ་གྲྭ་འཛུགས་པ། བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་གསོན་པོར་གནས་པར། དཔེ་མཛོད་ཁང་ལྟ་བུའི་ངོ་བོར་སློབ་སྦྱོང་གི་སྡེ་ཚན་ཆ་ཚང་འགྲོ་ཐུབ་པ་སོགས། བོད་མི་རྣམས་ཕྱི་ཡུལ་དུའང་ཡུན་རིང་བོད་མིའི་ངོ་བོར་གནས་ཐུབ་པ་དང་། བོད་མིའི་འཐབ་རྩོད་དེ་མི་རབས་མང་པོར་རྒྱུན་བསྲིངས་ཐུབ་པར་སྲིད་ཇུས་གཏིང་རིང་པོ་དེ་འདྲ་བཟོ་དུས་སུ་བབས་ཡོད་ལ། གཞུང་དམངས་ཚང་མ་མཉམ་རུབ་ཀྱིས་དུས་བབ་དང་ཁོར་ཡུག། དེང་རབས་བོད་མིའི་བསམ་ངོ་དང་མཐུན་པར་སྤྲོ་སྣང་འདྲེན་ཐུབ་པའི་ངང་། ཕུགས་ཕན་གྱི་ལས་འཆར་སྣ་མང་སྒྲིག་དགོས་པ་མ་གཏོགས། གཞུང་གིས་མི་མང་གི་དགོས་མཁོ་དང་འབྲེལ་མེད་ཀྱི་སྲིད་ཇུས་བཟོས། མི་མང་གཞུང་དང་འབྲེལ་མེད་ཁ་བྲལ་དུ་གང་ས་ནས་ཕྱིན་ན། ཐ་མའི་གྲུབ་འབྲས་ནི་ཕན་ཚུན་ཁ་འཐོར་འགྲོ་རྒྱུ་དང་། དེ་དུས་བོད་མི་དང་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་ཀྱང་ཕྱི་ནས་ཉམས་འགྲོ་རྒྱུ་་རེད།

དེ་ཚེ་ཕྱིའི་བོད་མི་སྐྱབས་བཅོལ་བའི་གནས་སྟངས་ནི་མི་རབས་གསར་པ་ཚོས་བོད་སྐད་བོད་ཡིག་མི་ཤེས། བོད་ལ་ཤ་ཞེན་དང་བོད་དོན་སྟེང་ཚོར་བ་གང་ཡང་མེད། བོད་ནས་གསར་དུ་ཕྱི་རྒྱལ་ནང་སྐྱབས་བཅོལ་ཡོང་བ་ཚོ་ནི། དེང་སང་ཤིན་ཅང་གི་མི་ཁྲི་ཚོ་ཁ་ཤས་འབྱུང་འགྱུར་ལ་གསལ་ཁ་མེད་པར་ཐེ་ལན་ནང་འགག་བསྡད་ཡོད་པ་དང་། རྒྱལ་ཁབ་རེ་གཉིས་ཙམ་ལས་ཐ་ན་ཁ་ཆེ་རྒྱལ་ཁབ་ཚོས་ཀྱང་ཁོང་ཚོ་རྒྱ་ནག་ལ་ཕྱིར་རྩིས་སྤྲོད་བྱེད་བཞིན་པ། ནང་སོག་གི་སྐྱབས་བཅོལ་བ་ཁྲི་གཅིག་ཙམ་ལ་ཁྲིམས་སྟེང་གི་ངོས་ལེན་དང་རེ་ས་སུ་གང་མེད་པར། རྒྱ་ནག་ལ་རྩིས་མ་སྤྲད་ཙམ་གྱི་ངང་ཉི་ཧོང་སོགས་སུ་གནས་ཡོད་ནའང་། ཁྲིམས་མཐུན་ཡིག་ཆ་ཅི་གང་མེད་པར་རྐུན་མ་ནང་བཞིན་གབ་དགོས་ཤིང་། རྒྱལ་ཁབ་གཞན་ཅིག་ལ་ཕྱིན་ན་ཁོང་ཚོའི་མདུན་ལམ་ནི། ཐ་ན་ཁོ་རང་ཚོ་ཕྱི་སོག་རང་བཙན་རྒྱལ་ཁབ་དེས་ཀྱང་ནང་སོག་པ་མང་པོ་ཐེ་ཚོམ་མེད་པར་རྒྱ་ནག་ལ་རྩིས་སྤྲོད་བཞིན་པ། དེ་ལྟ་བུ་ཞིག་བོད་པའི་སྟེང་དུའང་ཡོང་གཞིའི་རྒྱུ་རྐྱེན་མང་ཆེ་ཤོས་ཚང་བཞིན་ཡོད་པས། ཁ་ཙམ་དང་ཚིག་ཙམ་གྱིས་མ་ཎི་བཞིན་ནམ་རྒྱུན་བཟློས་བསྡད་པ་མིན་པར། རྣམ་དཔྱོད་ཡོད་ན་ད་ནི་གྲ་སྒྲིག་སྡུག་ས་ནས་བྱེད་རྒྱུ་འཕྱིས་དྲགས་མེད་ན་སྔ་དྲགས་མེད་ངེས་རེད།།

བསམ་ཚུལ།

Post navigation

Previous Post: ཨེ་ཝྃ་གྱི་དགའ་སྟོན་གེ་སར་མེ་ཏོག
Next Post: ཨ་མདོའི་ཚོད་མ་ཨེ།

Comments (1) on “གྲ་སྒྲིག་སྡུག་ས་ནས་བྱེད་དགོས་སམ།”

  1. ཁྱུང་དཀར says:
    2015-02-11 at 11:47 pm

    རལ་བ་ཅན་པོས་གོ་རྒྱུ་ཅན་གྱི་སྐད་ཆ་བཤད་ཡོད་ཀི ཆ་ཚང་འགྲིག་མིན་གང་ཤེས་ཀྱང་རྡ་ས་འདིར་བོད་མིའི་སྟོང་བཞིན་པ་དངོས་ཡོད་གནས་ཚུལ་རེད། ལོ་ཤས་སྔོན་མེག་ལོར་ཁྲོམ་གཞུང་དང་རླངས་འཁོར་འབབ་ཚུགས། ཞོལ་ཁྲོམ་ལམ་དུ་བོད་མིའི་ཁེངས་ཡོད་ལབ་ན་རྫུན་དུ་འགྱུར་རུང་སྐབས་དེར་བོད་མི་གང་མང་མང་རེད། ད་ཆ་མེག་ལོར་དང་ཞོལ་ཁྲོམ་གཞུང་དུ་བོད་མི་ཚོང་པ་ཁ་ཤས་ལས་ཡུལ་མིའི་ཁེངས་བསྡད་པ་ཞིག་ཏུ་མཐོང་སོང་། དེར་བལྟས་ན་ཡུན་རིང་མི་འགོར་བར་ཕྱི་བསྐྱོད་པ་དང་བོད་ནང་ལོག་མཁན་ཚོ་འགྲོ་ཚར་དུས་ཕལ་ཆེར་ཐོག་བརྩེགས་ཅན་གྱི་བོད་པའི་རྒྱུ་ཅན་ཚོ་ལས་ལྷག་རྒྱུ་མེད་པ་ནི་མིག་གིས་མཐོང་གསལ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme