Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱའི་ཧྭ་ཤང་གི་རྗེས་འཇུག་ནུབ་ཕྱོགས་ན་འདུག

Posted on 2015-01-102015-01-10 By ཁ་བརྡ་ 22 Comments on རྒྱའི་ཧྭ་ཤང་གི་རྗེས་འཇུག་ནུབ་ཕྱོགས་ན་འདུག

འཇིགས་མེད་བློ་གྲོས། རིགས་སློབ།

 
ཀུན་རྟོག་སེམས་ཀྱི་རྒྱུ་བ་འགགས་གྱུར་ཅིང་། །
འདི་ཡིན་འདི་མིན་འདུ་ཤེས་འཐོར་གྱུར་ཏེ། །
སྣང་གསུམ་སྟོང་པའི་དབྱིངས་སུ་ནུབ་གྱུར་པའི། །
འཕོ་མེད་བདེ་བའི་ཀློང་དུ་བརྒྱལ་དེར་འདུད། །

བོད་དུ་དབུ་མའི་ལྟ་གྲུབ་དང་འབྲེལ་བའི་དགག་སྒྲུབ་ཀྱི་གྲུབ་མཐའི་རྩོད་པ་སྣ་ཚོགས་ཤིག་བྱུང་བའི་ཁྲོད་ཀྱི་གླེང་གཞི་ཆེས་ཆེ་བ་ཅིག་ནི་རྒྱའི་ཧྭ་ཤང་གི་ལྟ་གྲུབ་དང་འབྲེལ་བའི་རྩོད་པ་དེ་ཡིན། རྩོད་པ་འདིའི་མགོ་དུས་རབས་བརྒྱད་པའི་སྨད་ཙམ་ནས་བསླངས་ཤིང་རྩོད་པའི་འཁྲུན་ཐག་ད་ལྟ་ཡང་ཆོད་མེད། བོད་དུ་རྩོད་པ་འདི་འབྲེལ་གྱི་རིག་པའི་གཞུང་ལུགས་དུ་མ་བྱུང་བའི་གྲས་ཀྱི་གྲགས་ཆེ་ཤོས་དང་སྔ་ཤོས་ནི་སློབ་དཔོན་ཀ་མ་ལ་ཤི་ལའི་སྒོམ་རིམ་དང་དེའི་རྗེས་ཀྱི་གཞུང་ལུགས་གྲགས་ཆེ་བ་ཅིག་ནི་རྗེ་བཙུན་ཙོང་ཁ་པའི་ལྷག་མཐོང་ཆེན་མོ་ཡིན་པར་སྙམ།

ལྕང་སྐྱའི་རྣམ་ཐར་དགེ་ལྡན་བསྟན་པའི་མཛེས་རྒྱན་༼ལྡེབ། ༡༣༨། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ ༡༩༩༡ ལོར་པར་ཐེངས་གཉིས་པ་བཏབ།༽ དུ་ཐུའུ་བཀྭན་ཆོས་ཀྱི་ཉི་མས་ལྕང་སྐྱ་རོལ་པའི་རྡོ་རྗེར་ཧྭ་ཤང་གི་ལྟ་གྲུབ་དང་འབྲེལ་བའི་སྐོར་དྲི་བ་ཞུས་པར། ལྕང་སྐྱའི་ཞབས་ཀྱིས། སྔོན་འཕགས་ཡུལ་ནས་ཀླུ་སྒྲུབ་ཡབ་སྲས་ཀྱི་རྗེས་འབྲང་གི་པཎྜི་ཏ་འགའ་ཞིག་རྒྱ་ཡུལ་དུ་བྱོན་ཅིང་། རྒྱའི་ཧྭ་ཤང་འགའ་ཞིག་ཀྱང་རྒྱ་གར་དུ་སོང་ནས་དབུ་མ་པའི་པཎ་གྲུབ་རྣམས་ལ་གཏུགས་པས་དེ་དག་གིས་དབུ་མའི་ལྟ་བ་རྒྱ་ཡུལ་དུ་ཅུང་ཟད་དར་བར་བྱས་འདུག་ཀྱང་བརྒྱུད་འཛིན་མང་དུ་མ་འཕེལ།
རྒྱ་སྐད་དུ་ཏཱ་མོ་ཙུ་ཤི་བྱ་བ་སློབ་དཔོན་བྷོ་དྷི་དྷརྨོཏྟ་ར་རྒྱ་ཡུལ་དུ་བྱོན་ནས་ལྟ་བའི་རྣམ་གཞག་གསུངས་པ་དར་ཆེ་བར་འདུག་ཅིང་། སློབ་དཔོན་དེ་འགའ་ཞིག་གིས་ཕ་དམ་པ་སངས་རྒྱས་ཡིན་ཡང་ཟེར་ལ། གང་ལྟར་ཡང་ལྟ་བའི་ངོ་བོ་བོད་ཀྱི་ཞི་བྱེད་ཀྱི་ལྟ་བ་དང་གནད་གཅིག་ཏུ་འདུག། དེང་སང་ལྟ་བའི་འདོད་ཚུལ་དར་རྒྱས་ཆེ་བ་ནི་སེམས་ཙམ་པའི་ལྟ་བ་དང་ཤིན་ཏུ་མཐུན་པར་སྣང་།

བོད་དུ་བྱུང་བའི་ཧྭ་ཤང་མཧཱ་ཡ་ནའི་ལྟ་བ་འཛིན་མཁན་དེང་སང་རྒྱ་ཡུལ་དུ་གཅིག་ཀྱང་མི་འདུག་ཅེས་ལན་གནང་བར་གཞིགས་ན་ཀ་མ་ལ་ཤི་ལའི་སྒོམ་རིམ་གྱི་ཕྱོགས་སྔའི་ཧ་ཤང་གི་ལྟ་བ་དེ་དུས་ཡུན་རིང་པོ་ཞིག་གི་སྔོན་ནས་ནུབ་པ་ལྟར་སྣང་མོད། ཁོ་བོ་༢༠༡༢ ལོའི་སྤྱི་ཟླ་ ༡༠ ཚེས་ ༧ ཉིན་བཀའ་གདམས་གོང་མའི་བརྟུལ་ཞུགས་ལ་གནས་པའི་ངེས་དོན་མཁས་པ་བཤེས་གཉེན་ཐུབ་བསྟན་དཔལ་བཟང་མཆོག་གི་དྲུང་དུ་ལྟ་བའི་དྭོགས་འདྲི་ལ་གཅར་བའི་སྐབས་ཤིག་རྒན་མཆོག་ནས། དེང་དུས་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་སྒོམ་དེ་དར་སྲོལ་ཇེ་ཆེར་འགྲོ་བཞིན་འདུག
སྒོམ་སྒྲུབ་པ་དེ་དག་ལ་སྤྱོད་ཕྱོགས་ནས་བྱང་ཆུབ་ཀྱི་སེམས་དང་ཕྱིན་དྲུག་གི་ཉམས་ལེན་ཚད་དང་ལྡན་པ་ཞིག་ཡོད་ན་འགྲིག་ངེས་ཀྱང་། ཡུལ་གྲུ་འགའ་ཞིག་ཏུ་སྤྱོད་ཕྱོགས་ཀྱི་ཉམས་ལེན་ལ་ཞེ་རྩིས་དེ་ཙམ་མེད་པར་ཡིད་བྱེད་འགོག་པའི་སྒོམ་ཙམ་ལ་འཇུག་མཁན་སྣང་བ་ཉེན་ཁ་ཆེན་པོར་སྣང་།

དེས་ན་རྗེའི་ལྷག་མཐོང་གི་ཕྱོགས་སྔ་དེང་དུས་ཀྱང་དངོས་སུ་ཡོད་སྟབས་ལྷག་མཐོང་ཆེན་མོར་སློབ་གཉེར་ཚད་ལྡན་ཞིག་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཡིན་ཞེས་ནན་ཏན་གྱིས་གསུངས་པར་མཛད་སོང་བས་ཁོ་བོའི་སེམས་སུ་ད་ལྟ་ཡང་ཧ་ཤང་གི་ལྟ་གྲུབ་དང་མཚུངས་པར་ཡིད་བྱེད་འགོག་པའི་སྒོམ་རིམ་ལ་ཉམས་ལེན་བྱེད་མཁན་ཡོད་པ་འདྲ་བསམ་པ་བྱུང་། འགའ་ཞིག་བོད་སྔ་རབས་པའི་ལྟ་བ་དང་ཧྭ་ཤང་གི་ལྟ་བར་ཁྱད་པར་མེད་ཟེར་བ་ལུང་རིགས་ཀྱི་ལམ་ནས་མི་འཐད་པར་གོ་ཡོད་པས་དེའི་ཁྱད་པར་ཞིབ་པ་ཁོ་བོས་བྲིས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་གདན་ས་ཆེ་ཁག་རྣམས་སུ་རྩ་བའི་ཡིག་ཆར་མཛད་པའི་འཕགས་བོད་ཀྱི་གཞུང་ལུགས་ཆེན་མོའི་སྐོར་དང་བཀའ་རྙིང་ས་དགེ་དགོངས་པ་གཅིག་སྒྲུབ་ཀྱི་གོ་བ་ཅུང་ཟད་བརྗོད་པ་ཞེས་པའི་དཔྱད་བརྗོད་ཅིག་ཏུ་བྲིས་ཟིན་པས་འདིར་མི་འབྲི།

སྤྱི་ལོ་༢༠༡༤ ལོར་ཁོ་བོ་ནུབ་ཕྱོགས་སུ་བསྐྱོད་པའི་སྐབས་ཤིག་ཡིད་བྱེད་འགོག་པའི་སྒོམ་རིམ་ལ་ཉམས་ལེན་བྱེད་མཁན་ཡོད་པ་དངོས་སུ་ཤེས་རྟོགས་བྱུང་ཞིང་། འོན་ཀྱང་འདི་དག་དང་ཧྭ་ཤང་གི་དབར་མ་འདྲ་བའི་ཁྱད་པར་གཅིག་ནི་ཧ་ཤང་གིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་དགོས་དོན་དུ་ཡིད་བྱེད་འགོག་པའི་སྒོམ་རིམ་ལ་ཉམས་ལེན་བྱེད་པ་ཡིན་ཅིང་། ནུབ་ཕྱོགས་པ་འདི་ཚོས་ལས་བྲེལ་སོགས་སྤྱི་ཚོགས་ཀྱི་དཀའ་ངལ་ཁྲོད་ནས་བསྐྱེད་པའི་སེམས་ངལ་དང་ཡིད་མུག རེ་ཆད་དང་ཁྲོ་སྡང་སོགས་རྣམ་རྟོག་གི་ཚོར་བ་རགས་པ་མངོན་འགྱུར་བ་རེ་ཞིག་མགོ་གནོན་གྱི་དགོས་པའི་དོན་དུ་སྟེ། མདོར་ན་དུས་ཐུང་གི་སེམས་ངལ་གསོ་བའི་དོན་དུ་ཡིད་བྱེད་འགོག་པའི་སྒོམ་རིམ་ལ་འཇུག་པ་ཙམ་རེད།

ཁོང་ཅག་ཕལ་ཆེར་ཞིག་ཆོས་ལ་དམིགས་བསལ་གྱི་དོ་སྣང་མེད་ཀྱང་སྐབས་འཕྲལ་གྱི་སེམས་ངལ་གསོ་བའི་དོན་དུ་ལུས་ཀྱི་འདུག་ལུགས་རང་རེའི་སྒོམ་རིམ་གྱི་གཞུང་ལུགས་ནས་འབྱུང་བ་ལྟར་གྱི་ཐོག་སེམས་ལ་བྱིང་རྒོད་འགོག་ལུགས་དང་དྲན་ཤེས་སྐྱོང་ལུགས་སོགས་ཀྱི་རྣམ་གཞག་རང་རེའི་ཞི་གནས་སྒྲུབ་ལུགས་ལྟར་དུ་མི་དགོས་པར། རྣམ་རྟོག་གི་འཕྲོ་རྒོད་རགས་པ་བཀག་ཏེ་བློ་ལྷན་ནེར་སྡོད་པ་ཙམ་གྱི་སྒོམ་ལ་འཇུག་པར་སྣང་ཞིང་། སྒོམ་ལུགས་འདིར་ཉིན་རེའི་ལས་དོན་དང་མི་དང་འབྲེལ་འདྲིས་སོགས་ཀྱི་ཁྲོད་ནས་བསྐྱེད་པའི་ཡིད་སེམས་ངལ་བར་བྱེད་པའི་རྣམ་རྟོག་གི་འཕྲོ་རྒོད་རགས་པ་རྣམས་རེ་ཞིག་ཞི་སྟེ་དུས་ཐུང་གི་ནང་སེམས་ལ་ངལ་གསོ་ཐེབས་པའི་བདེ་སྣང་གི་ཚོར་བ་ཉི་ཚེ་བ་ཞིག་ནི་བསྐྱེད་དུ་ཡོད་པར་སྣང་།

སྒོམ་ལ་འཇུག་པའི་དགོས་དོན་གྱི་ཁྱད་པར་ཙམ་ལས་བློའི་འཇོག་བཟོའི་ཆ་ནས་འདི་དང་སྔོན་གྱི་ཧྭ་ཤང་གི་མི་རྟོག་པའི་སྒོམ་ལུགས་གཉིས་ལ་ཁྱད་ཕལ་ཆེར་མེད་ངེས། བོད་ཀྱི་མཁས་གྲུབ་ཚད་ལྡན་རེ་གཉིས་ཀྱི་གསུང་དུ་སྔོན་གྱི་ཧྭ་ཤང་གི་ཡིད་བྱེད་འགོག་ཚུལ་དང་ཕྱག་རྫོགས་ཀྱི་གཞུང་ལུགས་ནས་འབྱུང་བའི་མི་རྟོག་པ་བསྐྱངས་ཏེ་འོད་གསལ་མངོན་དུ་བྱེད་པའི་སྒོམ་ལུགས་དབར་ཁྱད་པར་མེད་པ་ལྟ་བུའི་གསུང་ཕྱོགས་མཛད་པ་ཡོད་ཀྱང་། སློབ་དཔོན་ཀ་མ་ལ་ཤི་ལས་དབུ་མཛད་པའི་ཚད་མའི་སྐྱེས་བུ་ཕལ་ཆེར་གྱིས་ནི་ཧྭ་ཤང་གི་སྒོམ་ལུགས་ལ་ངེས་དོན་གྱི་ལྟ་བ་རྙེད་པའི་གནད་མེད་པར་གཅིག་གྱུར་གྱིས་གསུངས་ཏེ་དགག་པར་མཛད་ཅིང་། ཕྱོགས་སྔའི་འདོད་པ་ལེན་ལུགས་ལས་ཀྱང་ཧྭ་ཤང་གི་སྒོམ་ལུགས་དེ་དེང་དུས་ཀྱི་ནུབ་ཕྱོགས་པ་འདི་ཚོའི་ཡིད་བྱེད་འགོག་པའི་སྒོམ་ལུགས་དང་ཁྱད་མེད་པ་ལྟ་བུ་ཞིག་ཏུ་གསུང་བར་མཛད་སྣང་།

༸གོང་ས་སྐྱབས་མགོན་ཆེན་པོས་སྤྱི་ལོ་༢༠༡༤ སྤྱི་ཟླ་ ༡༡ ཚེས་ ༡༢ སྟེ་ཀོ་རེ་ཡའི་ཆོས་ཞུ་བར་སྩལ་བའི་རིན་ཕྲེང་གསུང་ཆོས་ཉིན་གཉིས་པའི་སྟེང་། གནས་སྐབས་འཇིགས་སྣང་མེད་པར་ལྷན་ནེར་སྡོད་པའི་སྐབས་སེམས་རྩེ་གཅིག་པའམ་མི་རྟོག་པ་འཁྱུག་ཙམ་སྐྱེ་བ་བྱ་བྱིའུ་དང་རི་བོང་ཙོག་པུར་འདུག་པའི་གནས་སྐབས་སུ་ཡང་ཡོང་ཆོག་པ་ཡིན་གསུངས། དེ་བཞིན་སྒོམ་ལུགས་འདི་ཉིད་སྔོན་གྱི་ཡེ་ཤུ་བའི་ཆོས་པའི་ནང་དང་གྷི་རིག་གི་ཆོས་གཞུང་དུ་ཡང་ཡོད་སྐོར་གསན་མྱོང་གསུངས། གང་ལྟར་ཧྭ་ཤང་མཧཱ་ཡ་ནའི་ཡིད་བྱེད་འགོག་པའི་སྒོམ་ལུགས་འདི་ཉིད་ཁྱབ་ཆེ་བ་ཞིག་ནི་ཡིན་པར་སྣང་།

རང་རེ་སངས་རྒྱས་པའི་ཆོས་པ་ཚོའི་ངོས་ནས་བཤད་ན་ཧྭ་ཤང་གི་སྒོམ་ལུགས་འདི་ཉིད་ལྟ་སྤྱོད་གང་གི་ཆ་ནས་ཀྱང་ཉེན་ཁ་ཆེན་པོ་ཞིག་ཏུ་ངོས་འཛིན་མཛད་པ་ཡིན་མོད་ཀྱང་། སྐྱེ་བ་སྔ་ཕྱི་དང་ལས་འབྲས་ཀྱི་རྣམ་གཞག་མི་འདོད་པའི་དེང་དུས་ཀྱི་སྐྱེ་བོ་ཚོས་གནས་སྐབས་ཀྱི་སེམས་ངལ་གསོ་བའི་དགོས་དོན་དུ་མི་རྟོག་པའི་འཇོག་སྒོམ་འདི་ལྟ་བུ་ཉམས་ལེན་བྱེད་པ་རང་ཤི་བརྒྱག་པ་དང་ཁྲོ་སྡང་གི་དབང་དུ་ཕྱིན་ཏེ་རང་གཞན་གཉིས་ཕོངས་ཀྱི་ལས་ངན་ཚབས་ཆེན་གསོག་པ་ལྟ་བུ་ལས་ཆེས་ལེགས་པ་ཞིག་ཏུ་སྣང་བས། ཆོས་ཁས་མི་ལེན་པའི་སྐྱེ་བོ་སྒོམ་གྱི་ཉམས་ལེན་འདི་ལྟ་བུར་འཇུག་མཁན་ཚོར་རང་རེའི་ཧྭ་ཤང་འགོག་པའི་གཞུང་ལུགས་ནས་གསུངས་པའི་གནོད་བྱེད་དང་སྒོམ་འབྲས་ངན་པའི་རིགས་རྣམས་འགྲེལ་བཤད་བྱེད་མི་དགོས་པར་སྒོམ་ལུགས་འདི་བུར་གཞུག་ཏུ་འཇུག་པ་ཤིན་ཏུ་ལེགས་པར་ཁོ་བོ་མཐོང་མོད།

འདི་དང་མཉམ་དུ་དཔྱད་སྒོམ་གྱི་ལམ་ནས་སྡུག་བསྔལ་འགོག་པའི་ཐབས་ལམ་རང་རེའི་ཆོས་གཞུང་ནས་གསུངས་པ་རྣམས་གང་ཐུབ་ཀྱིས་ཤེས་སུ་འཇུག་རྒྱུ་ནི་སྐྱེ་བོ་འདིའི་རིགས་ལ་སྒོམ་སྒྲུབ་དང་འབྲེལ་བའི་ལམ་སྟོན་པའི་བཤེས་གཉེན་རྣམས་ཀྱིས་མཁྱེན་དགོས་པའི་གནད་ཅིག་ཡིན་པར་སྣང་སྟེ། ཡིད་བྱེད་བཀག་ནས་སེམས་ངལ་གསོ་བ་ནི་ཕྲལ་གྱི་ཟུག་ཟེར་རྩེ་གཞིལ་བའི་དོན་དུ་ཟུག་འཇོམས་ཀྱི་སྨན་བསྟེན་པ་ལྟ་བུའི་སྐབས་འཕྲལ་གྱི་བཅོས་ཀ་ཙམ་ཞིག་ཡིན་ལ། སྡུག་བསྔལ་དང་ཡིད་མི་བདེའི་རྒྱུ་རྐྱེན་དང་ངོ་བོ། འབྲས་བུ་སོགས་ཀྱི་རང་བཞིན་རིགས་པས་དཔྱད་དེ་གནས་ཚུལ་ཕྱིན་ཅི་མ་ལོག་པར་ངེས་པའི་སྟེང་ནས་བདེ་སྡུག་གི་རྒྱུ་འབྲས་ལ་འདོར་ལེན་བྱེད་པ་ནི་འཕྲལ་ཕུགས་གཉིས་ཀར་ཕན་པའི་ཐབས་གཅིག་པུ་དེ་ཡིན་པའི་ཕྱིར་སྙམ་མོ། །

བཟང་ངན་རྣམ་པར་རྟོག་པའི་དཀར་ནག་སྤྲིན། །
དྭངས་པའི་སྟོང་སང་ནམ་མཁའི་རྣལ་འབྱོར་ལ། །
གཡེངས་མེད་རྩེ་གཅིག་གཞོལ་བའི་ཏིང་འཛིན་པ། །
བསིལ་ལྡན་གངས་ཁྲོད་རྒྱུ་བ་སྔོན་གྱི་དུས། །
ཐུབ་བསྟན་གངས་རི་སྐྱོང་བའི་རྒྱལ་པོའི་བཀས། །
ལུང་རིགས་མཆེ་སྡེར་རྣོན་པོའི་གཡུལ་བཤམས་པས། །
ཙོག་པུར་འཐོམ་མེར་འདུག་པའི་རི་དྭགས་ཚོགས། །
གངས་རིའི་ཕ་མཐའ་རིང་པོར་བསྐྲད་དོ་སྐད། །
དེ་ལྟའང་ཆོས་ཚུལ་ཀུན་གཟིགས་སྤྱན་མངའ་ཞིང་། །
གྲངས་ཡས་མངོན་རྟོགས་བྱེ་བའི་མཛོད་འཛིན་འགས། །
ཕྱག་རྫོགས་གྲུབ་པའི་སེམས་ངོ་སྐྱོང་བའི་སྒོམ། །
ཧྭ་ཤང་མཧཱ་ཡ་ནའི་ལུགས་ཞེས་འཛེར། །
འདི་དག་འགོག་ཡུལ་ཕྱག་རྫོགས་གྲུབ་པའི་སྒོམ། །
ཚད་ལྡན་ཕྱག་རྫོགས་མ་ཡིན་ཕྱག་རྫོགས་ཀྱི། །
ཅོལ་ཆུང་རེ་འགས་ལུགས་ངན་བསྲེས་སྒོམ་ལ། །
ཕྱག་རྫོགས་བརྡ་སྦྱར་སྒོམ་དུ་མཁས་པ་བཞེད། །
ཞིབ་པ་སྔོན་གྱི་ནོར་བཟང་རྒྱ་མཚོ་དང་། །
བར་གྱི་རྡོ་གྲུབ་ཞབས་དང་སྙན་དགོན་ཞབས། །
ད་ལྟའི་དུས་ཀྱི་༸རྒྱལ་མཆོག་བཅུ་བཞི་པའི། །
ཞལ་གསུང་དྲོན་མོ་དག་ལ་མཇོལ་དང་ཤེས། །
ད་དུས་ལྟ་ཉོན་སྙིགས་མ་བདོ་བའི་སྐབས། །
འཕྲོ་རྒོད་རྟོག་པས་མནར་བའི་སྐྱེ་བོ་འགས། །
རེ་ཞིག་སེམས་ཀྱི་ངལ་བ་གསོ་བའི་གཞིར། །
མི་རྟོག་སྒོམ་པ་བསྟེན་པའི་སྲོལ་ལུགས་འདི། །
དགེ་སྡིག་ཅིར་འགྱུར་དཔྱད་པ་མང་མོད་ཀྱང་། །
ཁྲོ་ཆགས་རྟོག་པས་མནར་ནས་ཤི་བ་ལས། །
ལེགས་པ་ཞིག་ཏུ་ཁོ་བོ་མཐོང་བས་ན། །
དགེར་མི་འགྱུར་ཡང་སྡིག་པར་མི་འགྱུར་ཞེས། །
མ་བཅོས་སེམས་ཀྱི་གཏིང་ནས་བརྗོད་པར་སྤོབས། །

གློ་བུར་བའི་རྟོག་པ་ཞིག་གིས་གཡོ་རྐྱེན་བྱས་པ་ལས། ཤེས་རྨོངས་འཇིགས་མེད་བློ་གྲོས་ཀྱིས་བྲིས།

དཔྱད་རྩོམ།

Post navigation

Previous Post: སྐྱེས་སྨན་ཞེས་པའི་ཐ་སྙད་ལས་འཕྲོས་པ།
Next Post: ཆུང་མའི་ལུས་སེམས་གསོ་བ།

Comments (22) on “རྒྱའི་ཧྭ་ཤང་གི་རྗེས་འཇུག་ནུབ་ཕྱོགས་ན་འདུག”

  1. གཅན བཟོད་རྒྱམ། says:
    2015-01-10 at 2:15 pm

    ཡག་བྱུང་།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-01-10 at 4:49 pm

    འཇིགས་མེད་བློ་གྲོས། རིགས་སློབ། མཆོག་གིས་ལེགས་པར་བྲིས་ཤིང་། ད་དུང་་ལེགས་པ་འདི་ལས་ལེགས་སུ་འཛེགས་པར་སྨོན་ནོ།

    བྷོ་དྷི་དྷརྨོཏྟ་ར༴བོ་དྷི་ཞེས་བ་ཡིག་ལ་ཧ་ཡིག་འདོགས་པ་མེད་ན། བྱང་ཆུབ་ལ་འཇུག བོ་དྷི་དྷརྨོཏྟ་ར༴བྱང་ཆུབ་ཆོས་དམ་པ།
    མཧཱ་ཡ་ན༴མཧཱ་ཡཱ་ན། ཞེས་དང་། ཀ་མ་ལ་ཤི་ལ༴་ཀ་མ་ལ་ཤཱི་ལ། ཞེས་དགོས་སམ་སྙམ།
    དྭོགས། ཞེས་གཞུང་དཔེ་ཆེན་པོ་དག་འགའ་རེ་ན་ཡོད་ཀྱང་། བོད་སྐད་ཀྱི་དག་ཡིག་ལ་དོ་སྣང་ཅན་བསྟན་དར་ལྷ་རམས་པས། ཝ་ཟུར་ཡི་གེ་བཅུ་གཉིས་བཀོད་པའི་རྗེས་དེ་མ་ཐག་ཏུ། དེ་ཡང་གུག་གྱེད་ཅན་ལ་གདགས་སུ་མི་རུང་ངོ་། གསུང་འབུམ་ཤོག་༥༨༠ན་གསུངས།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-01-10 at 4:54 pm

    གསུང་འབུམ་ཤོག། ཅེས་པར་ཞུས་དག་གསུང་འབུམ་དེབ་ཤོག་༥༨༠ན་གསུངས།

  4. ཁྱུང་སེ། says:
    2015-01-10 at 8:15 pm

    ཀློང་ཆེན་པས་ཧ་ཤང་བཀག་མེད་པར་མ་ཟད་རྫོགས་ཆེན་ལྟ་བ་དང་ཁྱད་མེད་པར་གསུངས་ཡོད།

  5. ཀླུ་སྨྱོན། says:
    2015-01-10 at 8:25 pm

    ངས་ལོ་ཤས་སྔོན་ནས་བོད་ཀྱི་ཟེན་Tibetan Zen ་ཟེར་བ་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་གྲུབ་ཅིག་མགོ་བཙུགས་ཏེ་ས་ཆ་མང་པོར་སྤེལ་ཅི་ཐུབ་བྱས་པ་ཡིན་ལ། ནུབ་ཕྱོགས་པ་མང་པོས་དགའ་བོ་བྱེད་བཞིན་འདུག ངས་ཁྱོད་ཚོ་གསང་སྔགས་ཀྱི་གདུལ་བྱ་མ་རེད་ཐ་མལ་སྣང་ཞེན་སྦྱོང་ཐུབ་ཀི་མི་འདུག ཐེག་ཆེན་གྱི་གདུལ་བྱ་མ་རེད་གཞན་གཅེས་འཛིན་སྒོམ་ཐུབ་ཀི་མི་འདུག ཁྱོད་ཚོ་ནུབ་ཕྱོགས་པ་ཚོ་ནི་ཅི་ཡང་ཡིད་མི་བྱེད་པའམ་རང་སངས་རྒྱས་ཀྱི་ལུགས་སྲོལ་གྱིས་འདུལ་ཐུབ་པ་དེ་འདྲ་ཡིན་པ་འདྲ་ཟེར་གིན་ཡོད། ངས་བོད་ཀྱི་ཟེན་སྐོར་ལ་དེབ་ཆུང་ཞིག་བྲིས་ཚར་ཏེ་དཔར་སྐྲུན་བྱེད་གྲབ་ཡིན།

  6. བཀྲ་ཤིས། says:
    2015-01-10 at 10:18 pm

    བདག་ཐོས་རྒྱ་མཐོང་རྒྱ་ཆུང་སོང་བའམ་ཅི་ཡིན་མི་ཤེས་འདུག། ཀློང་ཆེན་པས་ཧ་ཤང་གི་ལྟ་བ་དང་རྫོགས་ཆེན་གྱི་ལྟ་བ་གཉིས་ལ་ཁྱད་པར་མེད་གསུངས་པའི་རྩ་ཚིགས་དེ་གང་ཡིན་ནམ།

  7. གསེར་ས་ལེ་སྦྲམ། says:
    2015-01-10 at 10:24 pm

    སྤྱིར་ཧ་ཤང་གི་ལྟ་བར་གྲགས་པའི་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་བ་འདི་དང་། བོད་སྔ་རབས་པ་དག་གིས་རྒྱ་བོད་ཀྱི་གཞུང་ལུགས་མང་བོར་ཁུངས་གཏུག་ནས་གཏན་ལ་ཕབ་པའི་སྔ་རབས་པའི་ལྟ་བ་ཞེས་གྲགས་པ་དེ་གཉིས་ལ་ངེས་པ་དོན་གྱིས་ཁྱད་པར་འབྱེད་པའི་རྒྱུ་མཚན་ཡང་དག་ཅིག་སྟོན་རྒྱུ་མེད་ན། རྒྱ་ནག་ཧྭ་ཤང་གི་ལུགས་འཛིན་པ་མང་བོ་ད་ལྟའི་དུས་སུའང་བོད་གཞིས་བྱེས་གཉིས་སུ་ཆེས་ཆེར་དར་ཡོད་པ་ནི་དཔྱོད་ལྡན་ཞིག་ཡིན་ན་ཤེས་པར་ངེས། ནུབ་ཕྱོགས་ན་རྒྱའི་ཧྭ་ཤང་གི་ལུགས་འཛིན་པ་ཡོད་པ་ནི། ཡ་མཚན་དགོས་པའི་སྣང་ཚུལ་མིན་པར་ངེས་ཏེ། དེ་དག་གི་ཆུ་མགོ་གངས་ལ་གཏུགས་ས་ནི་ད་ལྟའི་བོད་ཀྱི་དབུ་མར་ཁས་འཆེས་པ་དག་ཡིན་པས་སོ།

  8. བློ་བཟང་། says:
    2015-01-11 at 3:45 am

    ཀླུ་སྨྱོན་འདིས་ག་དུས་ཡིན་རུང་། ང་དང་ངས་ཟེར་ནས་དངོས་བཏགས་ཅི་རིགས་དྲུད་ཡོང་གི་འདུག

  9. བློ་བཟང་། says:
    2015-01-11 at 3:46 am

    རྩོམ་ཡིག་འདི་ལ་བལྟས་ཟིན།

  10. ལུང་རྟོགས། says:
    2015-01-11 at 4:11 am

    མེད་དགག་ལྟ་བ་དང་ཧ་ཤང་ལྟ་སོགས་བོད་འདི་ལ་མང་ལེ་རེད་ཀོ།

  11. བཀྲ་ཤིས། says:
    2015-01-11 at 11:06 am

    མི་ཤེས་ཤེས་མདོག་བཟོ་མཁན་དྲ་རྒྱ་འདི་ནང་མང་པོ་འདུག་ག།

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-01-11 at 9:32 pm

    ཚུལ་ཁྲིམས་ལ་ནི་ཉམས་བླ་ཡི།
    ལྟ་ལ་ཅིས་ཀྱང་མ་ཡིན་ནོ།
    ་
    སློབ་དཔོན་འཕགས་པ་ལྷས་གསུངས།

    དང་པོ་ཉིད་ནས་བརྟག་དཔྱད་མེད་པར་ཅི་ཡང་ཡིད་ལ་མི་བྱེད་པ་དང་། བརྟག་དཔྱད་བྱས་ནས་མ་རྙེད་པས་ཅི་ཡང་ཡིད་ལ་མི་བྱེད་པ་གཉིས་ལ་ཁྱད་པར་ཡོད་པར་བསམས། དེ་ཡང་རྣམ་རྟོག་འགོག་པ་དང་། ཅི་ཡང་ཡིད་ལ་མི་བྱེད་པ་གཉིས་ཁྱད་པར་གང་མཆིས་སས། ཞེས་དྲི་བ་ཡོད་དོ།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-01-11 at 9:36 pm

    མཆིས་སམ། ཞེས་ཞུས་དག་བྱས་སོ།

  14. སྤོབས་པ་མཐའ་ཡས། says:
    2015-01-11 at 9:53 pm

    དེ་ན་ངས་རྩོམ་པ་པོ་ཁྱེད་ཚུད་པའི་དྲ་གྲོགས་ཚོར་དྲི་བ་ཞིག་འབུལ། དགེ་ལུགས་པས་ཅི་ཞིག་སྒོམ་གྱིན་ཡོད་རེད། རྟོག་པ་དང་རྟོག་མེད་གཉིས་གང་རུང་ཞིག་སྒོམ་གྱིན་ཡོད་རེད་དམ་དེ་གཉིས་ཀ་མ་ཡིན་པ་ཞིག་སྒོམ་གྱིན་ཡོད་རེད། སྒོམ་ལ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཡོད་ཚུལ་བཤད་ཀྱིན་ཡོད་མོད་དཔྱད་སྒོམ་ཟེར་བ་དེ་ཐོས་བསམ་སྒོམ་གསུམ་གྱི་ནང་ནས་བསམ་པ་ཞེས་པ་དེ་ཡིན་གྱི་སྒོམ་གྱི་ནང་དུ་སྣ་ཅི་ཙམ་འཐེན་རུང་ཁ་ནང་དུ་ཚུད་དཀའ་བར་འདུག་སྙམ། རང་ལུགས་འཇོག་མ་ཤེས་ན་གཞན་ལུགས་དགག་པའི་ཐོབ་ཐང་མེད་པ་ཤེས་དགོས།

  15. འཇིགས་མེད་བློ་གྲོས། རིགས་སློབ། says:
    2015-01-11 at 11:39 pm

    རྒན་བློ་བཟང་འཇམ་དཔལ་མཆོག སྐུ་ཁམས་བདེ་ལགས་སམ།
    ཉིད་ནས་གསུངས་པའི་བཞི་བརྒྱ་པའི་ཚིག་ལ་དག་ནོར་ཕྲན་བུ་བྱུང་བར་སྣང་། ཚུལ་ཁྲིམས་ལས་ནི་ཞེས་དང་ལྟ་ལས་ཞེས་འབྱུང་ཁུངས་ཆ་འདྲ་བའི་ཕྲད་ཐོབ་པ་ཡིན་སྣང་གི ལ་དོན་ཡིན་པར་མི་སེམས།
    ཧྭ་ཤང་ལུགས་ཀྱི་སྒོམ་སྐྱོན་སྐོར་གསལ་བ་སྒོམ་རིམ་དང་རྗེའི་ལྷག་མཐོང་སོགས་སུ་གསལ་ཞིང་། མདོར་བསྡུས་ནས་བཤད་ན་སོར་རྟོག་གི་ཤེས་རབ་འགོག་པས་ལྟ་བ་ལས་ཉམས་པ་དང་། སྦྱིན་སོགས་ཀྱི་ཐབས་ལ་སློབ་པ་འགོག་པས་སྤྱོད་པ་ལས་ཉམས་པ་སྟེ་ལྟ་སྤྱོད་གཉིས་ཀ་ལས་ཉམས་པ་ཡིན་ཕྱིར་མངོན་མཐོ་དང་ངེས་ལེགས་གཉིས་ཀའི་ལམ་ལས་གོལ་བ་ཡིན་ཞེས་ཉེས་སྡིག་ཤིན་ཏུ་ཆེ་བར་གསུངས་སྣང་།
    ལྟ་བ་ལས་ཉམས་ན་སྐྱོན་ཅི་ལྟར་ཡོད་པ་ནི། མདོ་ལས། གང་ཟག་ཏུ་ལྟ་བ་ནི་སླ་ཡི། སྟོང་ཉིད་ལ་ལོག་པར་ཞུགས་པ་ནི་དེ་ལྟ་མ་ཡིན་ནོ། །ཞེས་དང་། འདིའི་དོན་འགྲེལ་བའི་སྐབས། བྱང་ས་ལས། དེ་ལ་དགོངས་ནས་གང་ཟག་ཏུ་ལྟ་བ་ནི་སླ་ཡི་སྟོང་ཉིད་ལ་ལོག་པར་ཟིན་པ་དེ་ནི་དེ་ལྟ་མིན་ནོ་ཞེས་གསུངས་ཏེ། སྔ་མ་ནི་ཤེས་བྱ་ལ་རྨོངས་པ་ཙམ་ཡིན་གྱི་ཤེས་བྱ་ཐམས་ཅད་ལ་སྐུར་བ་མི་འདེབས་ཤིང་གཞི་དེ་དམྱལ་བར་ཡང་མི་སྐྱེ་ལ། གཞན་ཆོས་འདོད་པ་ཡང་ཕུང་བར་མི་བྱེད། བསླབ་པའི་གཞི་ལ་ཡང་གཡེལ་བར་མི་འགྱུར་ལ། ཕྱི་མ་ནི་དེ་དག་ལས་བཟློག་པར་འགྱུར་བས་སོ། །ཞེས་སོགས་གསུངས་པ་ལྟར་ཡིན་སྙམ།

  16. འཇིགས་མེད་བློ་གྲོས། རིགས་སློབ། says:
    2015-01-11 at 11:41 pm

    རྣམ་རྟོག་འགོག་པ་དང་ཡིད་བྱེད་འགོག་ཟེར་བ་གཅིག་པ་རེད།
    དེ་ཡང་ཧ་ཤང་གི་ལུགས་ལྟར་ན་དོན་དམ་ལ་དཔྱོད་པའི་རིགས་པའི་དཔྱད་པ་དང་སེམས་རིག་ཤན་འབྱེད་ཀྱི་སྒོམ་པ་སྐྱོང་བའི་ལམ་སྲོལ་གཉིས་ཀ་མ་བརྒྱུད་པར་བཟང་ངན་གྱི་རྣམ་པར་རྟོག་པའི་རྒྱུ་བ་རགས་པ་སྐྱེར་མི་འཇུག་པ་ཙམ་སྟེ། དམིགས་རྟེན་རགས་པའི་རྣམ་པ་བློ་ཡུལ་དུ་བྱེད་པ་བཀག་ནས་བློའི་འཇོག་བཟོ་འཐོམ་མེ་བའམ་དྲན་བ་སྟོར་བའི་ཚུལ་དུ་སྡོད་པ་ཉིད་རྣམ་རྟོག་འགོག་པ་དང་ཡིད་བྱེད་འགོག་པའི་སྒོམ་ཚུལ་དུ་འདོད་པ་ཧྭ་ཤང་ཕྱོགས་སྔར་ལེན་པའི་གཞུང་རྣམས་ཀྱིས་བསྟན་དོན་ཡིན་པར་སེམས།
    འདི་ལ་དགོངས་ནས་༸གོང་ས་སྐྱབས་མགོན་ཆེན་པོས་མི་རྟོག་པ་འདི་ལྟ་བུའི་སྐྱོང་ལུགས་ནི་འཇིགས་སྣང་སོགས་མེད་པར་སེམས་ལྷན་ནེར་སྡོད་པའི་སྐབས་ཀྱི་བྱ་བྱིའུ་དང་རི་བོང་ཙོག་པུར་སྡོད་པའི་རྒྱུད་ལ་ཡང་ཡུད་ཙམ་རེ་སྐྱེ་ཆོག་པ་ཡིན་གསུངས་པ་དོན་ལ་གནས་པ་རང་ཡིན།

  17. འཇིགས་མེད་བློ་གྲོས། རིགས་སློབ། says:
    2015-01-11 at 11:42 pm

    རྗེ་བཙུན་ཙོང་ཁ་པའི་གསེར་ཕྲེང་ནས་འབྱུང་བའི་ཡིད་བྱེད་འགོག་པའི་སྒོམ་ལུགས་དང་བོད་ཀྱི་ཆོས་བརྒྱུད་གཞན་གྱི་མཐའ་བཞི་སྤྲོས་བྲལ་བཞེད་པའི་སྐབས་ཀྱི་ཡིད་བྱེད་འགོག་པའི་སྒོམ་ལུགས་ཀྱི་རྣམ་རྟོག་འགོག་ཟེར་བ་དང་ཡིད་ལ་མི་བྱེད་གསུངས་པའི་ཚུལ་ནི་འདི་ལྟར་ཏེ།
    དོན་དམ་དཔྱོད་པའི་རིགས་པ་ཡང་དག་གིས་མཐའ་བཞི་རེ་རེར་དཔྱད་དེ་མཐར་ཆོས་རྣམས་མཐའ་བཞི་གང་དུ་ཡང་འཛིན་རྒྱུ་མ་རྙེད་ནས་སེམས་ཀྱི་དམིགས་གཏད་ཡོངས་རྫོགས་ཞིག་སྟེ། རྟོག་པའི་རྒྱུ་བ་འགགས་པའི་གནས་སྐབས་དེར་དེ་ཁོ་ན་ཉིད་མཐོང་བ་དང་ཆོས་ཉིད་མཐོང་བ་སོགས་ཀྱི་ཐ་སྙད་མཛད་པ་སྟེ། བློ་རྟོག་པའི་རྒྱུ་བ་འགགས་པ་འདི་ཉིད་ལ་མི་རྟོག་པ་སྐྱོང་བ་དང་ཡིད་ལ་མི་བྱེད་པ་བསྒོམ་ཟེར་བ་ཡིན། རྣམ་རྟོག་གི་རྒྱུ་བ་ཡོད་པ་དེ་སྲིད་དུ་དམིགས་གཏད་ཀྱི་སྤྲོས་པ་ཞི་བར་མི་འགྱུར་ཞིང་། དམིགས་གཏད་ཀྱི་སྤྲོས་པ་ཡོངས་རྫོགས་ཞི་བའི་གནས་སྐབས་སུ་རྣམ་རྟོག་གི་རྒྱུ་བ་འགག་དགོས་པ་ཡིན། འདི་ནི་མདོ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་པའང་མཐོང་མེད་པ། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ཞེས་པ་དང་། མ་མཐོང་བ་ནི་མཐོང་བ་དམ་པའོ་གསུངས་པའི་དགོངས་པའི་མཐིལ་མཐར་ཐུག་པ་དེ་ཡིན་པར་ཁོ་བོ་སེམས།

  18. འཇིགས་མེད་བློ་གྲོས། རིགས་སློབ། says:
    2015-01-11 at 11:45 pm

    ཕྱག་རྫོགས་ཀྱི་ལྟ་བ་མཐོན་པོའི་སྐབས་དང་འབྲེལ་བའི་མི་རྟོག་པ་སྐྱོང་ཟེར་བ་དང་རྣམ་རྟོག་འགོག་ཟེར་བ་ཡང་ཧྭ་ཤང་ལས་རིང་དུ་འདས་པ་སྟེ། འདིར་ཁོ་བོས་རྡོ་གྲུབ་ཞབས་ཀྱི་རྫོགས་ཆེན་གྱི་ཁྲིད་ཡིག་ཉུང་བསྡུས་ཤིག་ཡོད་པའི་ལུང་གལ་པོ་ཅན་ཞིག་འདྲེན་པར་བྱ་ཡིས་འདི་ཡིས་སྣེ་བྱས་ཏེ་ཧྭ་ཤང་དང་ཕྱག་རྫོགས་ཀྱི་ཡིད་བྱེད་འགོག་པའི་སྒོམ་ལ་ཁྱད་ཤིན་ཏུ་ཆེ་བའི་གནད་དམ་པ་གཞན་གྱི་ཞལ་གསལ་མཛད་པའི་གསུང་གཞན་ལ་བརྟེན་ནས་ཤེས་པར་བྱའོ། །
    རྡོ་གྲུབ་ཞབས་ཀྱིས། ཧྭ་ཤང་གི་ལྟ་བ་དང་། ཞི་གནས་རྟོག་མེད་དང་། སེམས་ཧད་པོ་གསུམ་གྱི་ཁྱད་པར་གང་ཡིན་ཟེར་བར། དང་པོ་ནི་ཅི་ཡང་མི་བསམ། ཡིད་ལ་མི་བྱེད་པ་ཁོ་ན་ཟབ་མོའི་ལམ་དུ་འདོད་པ་ཞིག་རེད། གཉིས་པ་ལ་བཤད་རྒྱུ་མང་ཡང་མདོ་རྩ་བྱིང་རྒོད་ཀྱི་སྐྱོན་གཉིས་བཅད་ནས་སེམས་གསལ་དྭངས་ཀྱི་སྟེང་དུ་བརྟན་ཆ་ཐོབ་པ། གསུམ་པ་འདི་ལ་མཆོག་དམན་བར་མ་སྣ་ཚོགས་ཡོད་པས་ཟེར་ཚོད་མེད་དེ་ཐ་ན་སྤྲང་པོ་ཁྱི་མང་གིས་རུབ་དུས་ཀྱང་སེམས་ཧད་དེ་བ་དེ་མི་ཡོང་ཧ་ཧ། དེ་ཐམས་ཅད་གློ་བུར་འཁོར་བའི་སེམས་སྟེང་ནས་འགྲོ་བ་རེད་མ་གཏོགས་སེམས་རིག་ལ་ཤན་ཕྱེས་ཏེ་རིག་པ་རྐྱང་འདེད་བྱེད་པ་ནི་གཅིག་ཀྱང་ག་ལ་ཡོད། ཅེས་གསུངས། འདིའི་སྐབས་ཀྱི་དེ་ཐམས་ཅད་གློ་བུར་འཁོར་བའི་སེམས་སྟེང་ནས་འགྲོ་བ་རེད་མ་གཏོགས་སེམས་རིག་ལ་ཤན་ཕྱེས་ཏེ་རིག་པ་རྐྱང་འདེད་བྱེད་པ་གཅིག་ཀྱང་མེད་ཟེར་བ་ཤིན་ཏུ་གལ་ཆེ་ཞིང་འདིའི་གནད་ཁོ་ནའི་སྟེང་ནས་ཕྱག་རྫོགས་ཀྱི་ཡིད་བྱེད་འགོག་པའི་སྒོམ་གྱི་ཟབ་ཁྱད་ཐོན་དགོས་པར་སྣང་ཞིང་། འདི་ལ་ཕྱག་རྫོགས་ཀྱི་གཞུང་རྣམས་ལ་མཇལ་རྟོག་དགོས་པ་ཤིན་ཏུ་གལ་ཆེ་བའི་སྟེང་། དགེ་ལྡན་པ་ཞིག་ཡིན་ན་འདིའི་ཁྱད་པར་གསལ་བ་མཁས་གྲུབ་ནོར་བཟང་རྒྱ་མཚོ་དང་སྙན་དགོན་གསུང་རབ་ཞབས་ཀྱི་གདམས་པ་ལ་བརྟེན་ནས་ཤེས་པར་བྱ་དགོས་སོ། །
    གོང་གསལ་མདོ་ལུགས་ཀྱི་སྤྲོས་བྲལ་ལ་མཉམ་པར་འཇོག་པའི་མི་རྟོག་པ་སྐྱོང་ལུགས་སྐབས་ཧྭ་ཤང་གི་ལྟ་བ་དང་མི་འདྲ་བའི་ཁྱད་པར་ཡོད་པ་ཀུན་མཁྱེན་གོ་རབས་ཞབས་ཀྱིས། རྒྱ་ནག་དགེ་སློང་མ་དཔྱད་པར། །རང་དགར་རྟོག་པ་བཀག་ཙམ་ལ། །སྒོམ་གྱི་མཆོག་ཏུ་སྨྲ་བ་དང་། །འདིར་ནི་རིགས་པས་དཔྱད་པའི་ཚེ། །མཐའ་བཞིའི་སྤྲོས་པ་མ་རྙེད་པའི། །འཛིན་མེད་ལྟ་བར་སྨྲ་བ་གཉིས། །མཚུངས་ཞེས་སྨྲ་བ་སྟོང་པ་ཉིད། །ཟབ་མོ་སྤོང་བའི་བདུད་ཚིག་ཡིན། །གསུངས་པ་ལྟར། དབུ་མའི་ལྟ་བར་དཔྱོད་པའི་རིགས་པའི་དཔྱད་པ་བྱེད་མིན་གྱི་ཁྱད་ཡོད་པ་ཙམ་མིན་པར་དངོས་གཞིའི་ལྟ་བ་སྐྱོང་ཚུལ་དང་དེའི་ཡུལ་ཅིར་ཡང་མ་གྲུབ་པ་ལ་ཡང་ཁྱད་པར་ཆེས་ཆེ་བ་སྨྲོས་ཅི་དགོས། འདི་ལ་དགོངས་ནས། གནས་ལུགས་མཐའ་བཞིའི་སྤྲོས་པས་དབེན་པ་དང་། །རྟོག་བྱེད་བློ་ཉིད་གཉིས་སུ་དབྱེར་མེད་པར། །བློ་ཉིད་སྤྲོས་བྲལ་ངང་དུ་ཐིམས་པ་ལ། །ལྟ་བ་ཆོས་ཉིད་མཐོང་བའི་ཐ་སྙད་མཛད། །ཅེས་གསུངས་པ་ཡིན། ཧྭ་ཤང་གི་ཡིད་བྱེད་འགོག་པའི་སྒོམ་ལ་ཁྱད་ཆོས་འདི་འདྲ་ཞིག་ཡོད་རྒྱུ་ན། ཀཱ་མ་ཤཱི་ལའི་སྒོམ་རིམ་གྱིས་ཧྭ་ཤང་གི་ལུགས་དཔྱིས་ཕྱིན་པར་དགག་རྒྱུ་ག་ལ་འོང་།
    འདི་དག་གིས་ཧྭ་ཤང་དང་དབུ་མའི་ལྟ་བའི་ཁྱད་ཅུང་ཟད་བཤད་པར་སེམས་ཀྱི་འདི་ལས་ཞིབ་པར་དགོས་ན། འབྲུག་པ་ཀུན་མཁྱེན་གྱིས། འཇོག་ཁྱེར་ཇི་ལྟ་བུ་དྲི་ན། མན་ངག་གསན་པ་ལ་ཕེབས་ཤིག་བཤད་པར་བྱའོ། །ཞེས་གསུངས་པ་ཁོ་ནར་འགྱུར་འགྲོ་སྙམ་མོ། ། ཧ་ཧ་སྐུ་རྩེད་རང་ཡིན་དཱ།

  19. ཀརྡོ་གཉེར་ཕྱག་པ་ says:
    2015-01-12 at 1:23 am

    ཧ་ཤང་གཅིག་ཆར་བ་དང་རིམ་བསྐྱེད་པ་གཉིས་ལ་རྩོད།

  20. རྫ་ཚེ་རིང་བཀྲ་ཤིས། says:
    2015-01-12 at 11:09 am

    དྲ་གྲོགས་རྙིང་པ་ཚོར་ཐུག་པ་དགའ་ཡོད། བྲེལ་བའི་གསེངས་ནས་རྩོམ་ཡིག་དང་མཆན་དག་རགས་ཙམ་བཀླགས་ནི་ཕྱིན་ཏོ།།

  21. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-01-12 at 11:18 am

    འཇིགས་མེད་བློ་གྲོས་མཆོག ཁྱེད་སྐུ་ཁམས་བཟང་པོ་ལགས་པ་ནས། ཁོ་བའི་ནོར་འཁྲུལ་ལ་དཔྱད་པར་སྤྲོ་བ་བརྟས། དེས་ན།
    ་
    ཚུལ་ཁྲིམས་ལས་ནི་ཉམས་བླ་ཡི།
    ལྟ་ལས་ཅིས་ཀྱང་མ་ཡིན་ནོ།
    ཚུལ་ཁྲིམས་ལས་ནི་མཐོ་རིས་སྐྱེ།
    ལྟ་བས་གོ་འཕང་མཆོག་ཏུ་འགྲོ།།
    ་
    གཅིག་ཆ་ན། འདི་ཀའི་དཔེ་མཛོད་ན། དབུ་མ་བཞི་བརྒྱ་པ་དང་དེའི་འགྲེལ་པ་དཔལ་ལྡན་ཟླ་གྲགས་ཀྱིས་མཛད་པ། དིང་དུས་ཀྱི་རྒྱ་གར་མཁས་པ་སློབ་དཔོན་གཙུག་ན་ཟླ་བས་ལེགས་སྦྱར་དང་བོད་དཔེ་གཉིས་ཀ་གཏན་འབེབས་མཛད་པ་དེ་ཡོད་ལ་ལྟ་ངེས། གོང་བཀོད་རྗེས་ཀྱི་ཚིག་རྐང་གཉིས་ཀྱང་ཇི་ལྟ་བ་བཞིན་བློ་ལ་མེད་ཀྱང་། དོན་དག་དེ་རང་ཡིན་བསམས། དཔྱད་པར་མཛོད།
    གཞན་ཡང་།
    ་
    ཐ་སྙད་ལ་ནི་མ་བརྟེན་པར།
    དམ་པའི་དོན་ནི་བསྟན་མི་ནུས།
    དམ་པའི་དོན་ནི་མ་རྟོགས་པར།
    མྱ་ངན་འདས་པ་འཐོབ་མི་འགྱུར།། ༡༠ །། རྩ་ཤེས་རབ་བྱེད་༢༤

    ཞེས་པ་ལྟར་ཐ་སྙད་ཀྱི་ཡི་གེ་དག་ཆ་རྣམས་བོད་སྐད་དུ་ཉམས་པ་ཆེ་ཆེས་ཡོད་པའི་དུས་འདིར་གལ་ཆེ་བར་མཐོང་སྟེ། ཕལ་ཆེར་ལོ་ངོ་ཉི་ཤུ་རྩ་གྲངས་སྔོན་དུ། “བླ་”ཞེས་པར་”སླ་” ཞེས་པ་སོགས་ཡི་གེ་མ་དག་པ་མང་པོ་བཀོལ་བར་མཐོང་ནས། བོད་མཁས་པའི་དག་ཆ་སྲུང་བའི་ཞབས་ཏོག་ལ་དམིགས་ཏེ། “བོད་རྗེ་མི་མངས་ལ་ཕུལ་པའི་སྤྲིང་ཡིག་བོད་སྐད་སྔ་སྲོལ་བརྡ་དག་ལམ་ལ་བློ་ལྡན་འཇུག་པར་སྐུལ་བྱེད་དབྱངས་ཅན་རྒྱུད་མངས་ཀྱི་སྒྲ་དབྱངས།” ཤོག་ལྡེབས་སུམ་ཅུ་སོ་གྲངས་ཡོད་པར་དྷ་སར་བསྐུར། འདི་ལ་གནས་བརྟན་སྐུ་གཤེགས་བསྟན་འཛིན་ཆོས་ཉིད་མཆོག་དང་། སྐུ་གཤེགས་བཀའ་ཟུར་བསོད་ནམས་སྟོབས་རྒྱལ་སོགས་ཀྱིས་ཐུགས་གཙིགས་ཆེ་བར་མཛད་དེ། དྷ་ས་བོད་ཀྱི་ལས་ཁུངས་དག་ལ་བཀྲམ་པར་མ་ཟད། བོད་ཀྱི་ལོ་རྒྱུས་སྨྲ་བའི་མཆོག་གྱུར་བཀྲ་ཤིས་ཚེ་རིང་མཆོག་གིས་དམ་དོན་མཛད་དེ། ལྗང་གཞོན་༡༩༩༧ལོར་སྤར་པའི་ཤོག་གྲངས་༡༡ ནས་༤༩ ཡོད་ཀྱང་། ལ་དྭགས་གསར་འགྱུར་བོད་ཀྱི་སྔ་སྲོལ་ཡི་གེའི་དག་ཆ་སྲུང་བའི་ཆེད་དུ་བདག་རང་ཉིད་ཀྱི་ཀོ་ལམ་བི་ཡ་སློབ་གྲྭའི་རྒན་ཡོལ་ཕོགས་ཅི་ཡོད་ཞལ་འདེགས་སུ་བཏངས་ཀྱང་། དིང་དུས་བོད་དབུས་གཙང་སོགས་ཀྱི་ཁ་སྐད་ཤན་ལ་དྭགས་གསར་འགྱུར་ནང་དུ་ཡང་ཞུགས་ཏེ་ཡི་གེ་མ་དག་པ་མང་དུ་བཀོད་ཡོད་པ་མཐོང་ངོ་། །ང་རང་གི་དོན་ལ་ཡིན་ན།
    ་

    གྱོང་ཁ་རང་གིས་ལེན་པ་དང་།
    རྒྱལ་ཁ་གཞན་ལ་ཕུལ་བར་ཤོག། ༥ །།
    ་
    ཞེས་པར་ལྟར་དགོས་ཀྱང་། དེ་ལྟ་མ་ཡིན་པར་འདི་ལ་རྒོལ་དགོས་པར་སེམས། དེ་ལྟར་འབད་པར་༧རྗེ་བཙུན་བླ་མའི་ཞབས་ཀྱི་བྱིན་རླབས་སེམས་ལ་འཇུག་པར་ཤོག།

  22. མ་དམིགས་པ says:
    2017-10-30 at 8:20 pm

    ཧཧཧཧཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme