Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སླར་ཡང་གསོལ་འདེབས་ཤིག་ཞུ་དགོས།

Posted on 2014-12-242014-12-24 By ཁ་བརྡ 13 Comments on སླར་ཡང་གསོལ་འདེབས་ཤིག་ཞུ་དགོས།

སྨར་གྲྭ་ཐུབ་བསྟན་རྒྱལ་མཚན།

 
གངས་ལྗོངས་ཆོས་བརྒྱུད་ཆེན་པོ་བཞིའི་ཡ་གྱལ་དཔལ་ལྡན་ས་སྐྱ་པའི་ལུགས་གཉིས་ཀྱི་དབུ་ཁྲིད་དམ་པ་སྐྱབས་མཆོག་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ཉེ་ཆར་ཕྱི་ཟླ་༡༢ ཚེས་༡༡ ཉིན་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེ་སྨོན་ལམ་ཆེན་མོ་ཐེངས་ཉེར་གསུམ་པའི་ཚོགས་ཕེབས་བླ་སྤྲུལ་མཁས་དབང་འདུས་པ་ཡོངས་ལ་མ་འོངས་པའི་ས་སྐྱ་ཁྲི་པའི་ལམ་སྲོལ་ལ་འཕོ་འགྱུར་ཇི་ཕྱིན་སྐོར་བཀའ་ཡིག་དང་སྦྲགས་གསལ་བསྒྲགས་ཤིག་བསྐྱངས་ཡོད། མ་འོངས་སྔོན་གཟིགས་ཀྱི་ཚུལ་དུ་གང་ཉིད་ཀྱི་ཐུགས་ཀློང་ཡེ་ཤེས་ཆེན་པོས་དུས་ལས་གཡོ་བ་མེད་པར་གཟིགས་ནས་རླབས་ཆེན་གྱི་མཛད་པ་འདིས་གནམ་འོག་གི་སྐྱེ་འགྲོ་མང་པོ་དང་བ་འདྲེན་སོང་ལ། ལོ་རྒྱུས་ཀྱི་དེབ་ཐེར་དག་ན་གསེར་ཡིག་གི་དབུ་འཁྱུད་བཀོད་གནང་སོང་།  དེ་རིང་གི་འཕོ་འགྱུར་འདི་ནི་སྤྱིར་ན་བོད་གངས་ཅན་པའི་ཁ་རྗེ་དང་ལས་དབང་ཡང་དགོས་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་འདིར་འབྲེལ་བ་དམ་ཟབ་ཡོད་པའི་འགྱུར་ལྡོག་ཞིག་ཡིན།

འགྱུར་ལྡོག་འདིའི་བརྒྱུད་ནས་མ་འོངས་པའི་ཁྲིར་ཕེབས་སྐུའི་གདུང་སྲས་རྣམ་པར་མཚོན་ན་ཡང་མཁྱེན་རྒྱ་དང་དྲང་ཚུགས་ཐུགས་གཤིས་སོགས་གང་ལ་ལྟས་ཀྱང་འོས་མཚམས་ཤིག་དང་། རང་ཡུལ་གངས་ཅན་པའི་ལས་དབང་དང་ཆོས་བརྒྱུད་འདིར་སྲིད་ཞུ་དང་འཕྲིན་ལས་ཀྱི་གྲོགས་དན་ཡོང་ངེས་ཤིག་ཡིན་པས་ནམ་ཡང་ཐེ་ཚོམ་མེད།  འོན་ཀྱང་འདས་པའི་མི་ལོ་ལྔ་ཅུ་ལྷག་གི་རིང་ང་ཚོའི་སེམས་ནང་ཚ་འུར་འུར་གྱི་བདེ་སྐྱིད་ཅིག་ཡོད་པ་དེ་ནི་ཆོས་བརྒྱུད་འདི་ལ་ཆིག་སྒྲིལ་དང་ཐུགས་མཐུན་དྭངས་གཙང་གི་ཁོར་ཡུག་གཅིག་ཡོད་པ་དེ་ཡིན། དེ་ནི་ཁྲི་ཐོག་ཞེ་གཅིག་པ་འདིས་གྲང་ངར་གདོང་དུ་བཟེད་བཀའ་སྡུག་ཁུར་དུ་བླངས་པ་ལ་རྟེན་ནས་བྱུང་བ་ཞིག་ཡིན་པས་ཁོང་གི་བཀའ་དྲིན་ནི་ང་ཚོས་ནམ་ཡང་བརྗེད་ཐབས་མེད། མ་ཟད་བོད་ཀྱི་ཆོས་ལུགས་སྤྱི་དང་བྱེ་བྲག་དཔལ་ལྡན་ས་སྐྱ་པའི་ལུགས་གཉིས་གང་ཐད་ནས་ས་སྒང་ཧྲིལ་པོ་འདིའི་སྒང་མིང་ཙམ་ལས་ཉམས་ཆགས་འགྲོ་ལ་ཉེ་བའི་སྐབས་འདིར་རྗེ་འདི་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཞིག་མ་བྱུང་ཟེར་ནའང་ཆོག།

དེ་ལྟ་བུ་བཀའ་དྲིན་དང་ཐུགས་རྗེ་བླ་ལྷག་ཏུ་ཆེ་བའི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་གང་ཉིད་འབྱུང་གྱུར་ལོ་ཤས་ནང་ཁྲི་ཟུར་ལ་བཞུགས་རྒྱུའི་ཡིན་པས་གསལ་བརྡ་འདི་བཞིན་ཆེས་ཐོག་མ་རྣ་བར་གོ་དུས་རང་ཉིད་བསོད་དམན་གྱི་གང་ཟག་ཞིག་ཡིན་པ་དང་ཚེ་འདིར་གནས་ཚུལ་འདི་ལྟ་བུ་ཞིག་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་གང་ཟག་ཞིག་གི་གྲལ་དུ་སྐྱེས་པ་འདི་བསོད་ནམས་ཡང་ཟད་འགྱུར་རྒྱུ་ཞིག་ལས་ཅི་ཡོད་སྙམ་པའི་བློ་ཕམ་དང་སྨྲེ་ངག་བྱེད་མཁན་ཉུང་ཉུང་གཏན་ནས་མིན། དེ་ལྟ་བུ་བློ་ཕམ་དང་སྨྲེ་ངག་དེ་དག་མི་སྐད་གསོན་པོ་ཞིག་གི་འདུ་ཤེས་ལ་བཞག་ནས་ས་སྐྱ་པ་གཞི་བྱེས་གཉིས་དང་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་ལྷ་སྡེ་ཆབ་འབངས་ཡོངས་རྫོགས་ཀྱིས་བློ་གཞི་གྲོས་རྒྱས་ངང་ནས་སླར་ཡང་རྩེ་གཅིག་ཏུ་མགོན་པོ་གང་ཉིད་ལ་ལས་འཆར་འདི་མ་འོངས་པའི་ལམ་སྟོན་ཞིག་གི་ངོ་བོར་བཞག་ནས་འདྲེན་མཆོག་དམ་པ་གང་ཉིད་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་དཔལ་ལྡན་ས་སྐྱ་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ལས་ནམ་ཡང་མི་གཡོ་བ་བཞུགས་རྒྱུའི་གསོལ་འདེབས་ཤིག་བྱ་དགོས་པ་དེ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཏུ་མཐོང་། ལ་ལས་གསལ་བསྒྲགས་ཀྱི་བཀའ་ཡིག་དེ་བསྐྱར་བཤུས་ཡང་བཤུས་བྱས་ནས་གཏམ་བཟང་ཉིད་དུ་རློམ་ནས་དགའ་འགུའི་རྟགས་སྣ་ཚོགས་དང་བཅས་རྒྱུད་ལམ་ཇི་ཡོད་ལ་བཀྲམ་སོང་ཡང་། གནས་ཚུལ་འདི་ནི་དགའ་འགུ་ཡིད་རངས་བྱེད་དགོས་པའི་གཏམ་བཟང་ཞིག་ཏུ་ངོས་འཛིན་དགོས་གལ་མ་མཐོང་།

གང་ཉིད་ཀྱིས་དབུ་ཁྲིད་ལམ་སྟོན་གྱི་འོག་ཆོས་བརྒྱུད་འདི་མི་ལོ་ལྔ་ཅུ་ལྷག་གི་རིང་ལ་འགྲན་ཟླ་མེད་པའི་ཆིག་སྒྲིལ་གྱི་སྟོབས་ཤུགས་སོགས་ཕྱོགས་གང་ལ་ལྟས་ནའང་ལེགས་ཕྱོགས་སུ་ཕྱིན་པ་ལས་ལམ་སྲོལ་འདི་དང་དབུ་ཁྲིད་འདིར་འགྱུར་བ་ཞིག་ཕྱིན་ན་བསམ་པའི་ཡིད་མ་རངས་པའི་ཀུན་སློང་དང་རྣམ་འགྱུར་སུ་ལ་ཡང་སྐྱེས་མྱོང་དང་ཐོན་མྱོང་མེད། མདོར་ན་དཔལ་ལྡན་ས་སྐྱ་པ་ཞེས་བོད་གངས་ཅན་གྱི་ལྗོངས་དང་ཆེན་པོ་ཧོར་གྱི་ཡུལ་ཁམས་ཚུན་ཆད་ནས་འཕྲིན་ལས་ཀྱི་གདུགས་དཀར་ཆེས་ཆེར་གཡོ་བའི་ཆོས་བརྒྱུད་འདིར། ལོ་ངོ་དགུ་བརྒྱ་ལྷག་ཙམ་རིང་བྱུང་མ་མྱོང་བའི་འཕོ་འགྱུར་འདི་དེང་རབས་ཀྱི་ལམ་སྲོལ་དང་མཐུན་པའི་གསར་གཏོད་རང་བཞིན་ཅན་ཞིག་ཡིན་ནའང་། ཕ་ཡུལ་གངས་ཅན་དང་ཁ་ཐག་རིང་ས་ཞིག་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ཡི་ཆེས་དང་རེ་བ་བཅོལ་ས་ཞིག་ནས་འདི་ལྟར་འགྱུར་ལྡོག་ཞིག་གནང་ན་དེ་ལས་དཔགས་པའི་འབྲེལ་ཡོད་ཡོངས་ལ་གྲ་སྒྲིག་གི་འགན་ཁུར་ལྕི་མོ་རེ་ཡང་ངེས་པར་དུ་ཕྲག་ཐོག་ཏུ་བབ་པ་ཚོར་དགོས།

སྨར་གྲྭ་ཐུབ་བསྟན་རྒྱལ་མཚན་གྱིས་འཕགས་ཡུལ་མ་དགོན་བཤད་གྲྭ་ནས།

སྣ་ཚོགས།

Post navigation

Previous Post: རང་ལུས་མེར་བསྲེགས་པ་ནི་བོད་མིའི་མདུན་ལམ་ཆུ་ལ་བསྐྱུར་བའི་གླེན་རྟགས་ཚ་ཤོས་ཤིག་རེད།
Next Post: ཁྱིམ་བྱའི་སྒོང་ང་བྱར་ཆགས་མི་ཆགས་ཀྱི་དབྱེ་མཚམས།

Comments (13) on “སླར་ཡང་གསོལ་འདེབས་ཤིག་ཞུ་དགོས།”

  1. སྤོབས་པ་མཐའ་ཡས། says:
    2014-12-24 at 2:09 am

    ཁྱིམ་ཚང་འདི་གཉིས་ཀྱི་ཁ་རྗེ་དབང་ཐང་དེ་བོད་སྤྱི་པའི་ཁ་རྗེ་དབང་ཐང་དང་འབྲེལ་བ་སྤུ་ཙམ་ཡང་ག་ལ་ཡོད། གསར་བཏོད་རྙིང་བཏོད་ག་རེ་ཡིན་ན་ཡང་བདག་ཆེན་འཇིགས་བྲལ་གྱི་བུ་ཚ་ཚོར་ཁྲི་དེ་ཕར་སྤྲོད་དང་དེས་མ་ཆོག་པ་མི་འདུག དེ་མིན་སུས་དགོངས་པ་ཞུས་མ་ཞུས་ལ་ང་ཚོར་བསམ་འཆར་ཅི་ཡང་མེད། གདུང་རྒྱུད་ཀྱིས་དགེ་འདུན་པའི་དབང་ཆ་འཛིན་སྲོལ་འདི་སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པ་དང་མི་མཐུན་པ་ཡིན་པས་ཁྱིམ་ཚང་དེ་ཁྱིམ་ཚང་སྒེར་བ་ཞིག་གི་སར་འདུག་ཐུབ་པ་བྱུང་ན་བསྟན་པའི་ཞབས་འདེགས་ངོ་མ་དེ་རེད།

  2. རིག་པའི་གླིང་བུ། says:
    2014-12-24 at 3:50 am

    སྤོབས་མཐའ་ལགས། ཁྱིམ་ཚང་འདི་གཉིས་ཀྱིས་ཡོད་ཚད་བློས་གཏང་ནས་ད་བར་བོད་རྒྱལ་ཁབ་དང་མི་རིགས་༧ གོང་ས་ཆེན་པོ་དབུ་འོག་དཔུང་འདེགས་ཞུས་པས་དཔལ་ལྡན་ས་སྐྱ་པའི་ལྷ་མི་སྡེ་ཡོངས་ནས་དགའ་ལྡན་ཕོ་བྲང་སྲིད་གཞུང་དང་བོད་མི་སྒྲིགས་འཛུགས་གཉིས་ལ་མི་རིགས་ཤིག་དང་དབུ་ཁྲིད་ཅིག་གི་འདུ་ཤེས་མི་འདོར་བའི་དམ་ཚིག་ཟུམ་ཁ་གཅིག་ཏུ་སྒྲིལ་ནས་གནས་ཐུབ་པ་དེ་བོད་སྤྱི་པའི་ཁ་རྗེ་དབང་ཐང་ལ་འབྲེལ་བ་མེད་པ་གཏན་ནས་མིན། ཁྱེད་རང་བདག་ཆེན་འཇིགས་བྲལ་གྱི་བུ་ཚ་ཚོས་ཁྲི་འདི་མ་རག་པའི་སེམས་ཁྲལ་ཡོད་མདོགས་བྱས་པ་དེ་ཁྱེད་ཁྱིམ་ཚང་འདི་གཉིས་ཀྱི་དབར་ན་དཀྲུགས་གཞི་ཞིག་གིས་མགོ་བརྩམས་ནས་རེ་སྟོང་གི་གོ་སྐབས་ཤིག་འཚོལ་གྱི་ཡོད་པ་ཟུར་ནས་གསལ་འདུག། གདུང་བརྒྱུད་ཀྱི་དགེ་འདུན་པའི་དབང་ཆ་འཛིན་པ་དེ་ཆོས་དང་མ་མཐུན་ན་སྲིད་དོན་རྐྱང་རྐྱང་གིས་བཟོས་པའི་སྤྲུལ་རྒྱུད་ཀྱིས་དབང་ཆ་ཟིན་པ་དེས་ཆོས་དང་མཐུན་ཚུལ་གང་འདྲ་ཡིན་ནམ།

  3. ཀློང་ཆུང་ says:
    2014-12-24 at 1:08 pm

    ས་སྐྱ་བདག་ཁྲི་རིན་པོ་ཆེའི་དགོངས་པ་ཡག་པོ་འདུག རིམ་བཞིན་ཁྲི་འཛིན་ལ་མཁན་པོ་རྣམས་ཕེབས་ཐུབ་པའི་རེ་བ་ཞུ།

  4. བསྟན་འཛིན། says:
    2014-12-24 at 4:21 pm

    རིག་པའི་གླིང་ལགས། (ཁྱིམ་ཚང་འདི་གཉིས་ཀྱིས་ཡོད་ཚད་བློས་གཏང་ནས་ད་བར་བོད་རྒྱལ་ཁབ་དང་མི་རིགས་༧ གོང་ས་ཆེན་པོ་དབུ་འོག་དཔུང་འདེགས་ཞུས་པས་དཔལ་ལྡན་ས་སྐྱ་པའི་ལྷ་མི་སྡེ་ཡོངས་ནས་དགའ་ལྡན་ཕོ་བྲང་སྲིད་གཞུང་དང་བོད་མི་སྒྲིགས་འཛུགས་གཉིས་ལ་མི་རིགས་ཤིག་དང་དབུ་ཁྲིད་ཅིག་གི་འདུ་ཤེས་མི་འདོར་བའི་དམ་ཚིག་ཟུམ་ཁ་གཅིག་ཏུ་སྒྲིལ་ནས་གནས་ཐུབ་པ་དེ་བོད་སྤྱི་པའི་ཁ་རྗེ་དབང་ཐང་ལ་འབྲེལ་བ་མེད་པ་གཏན་ནས་མིན། ) བཙན་བྱོལ་བོད་གཞུང་གིས་ཡར་ལ་གནམ་མ་ཟིན། མར་ལ་ས་མ་ཟིན་པའི་སྐབས་སུ་བོད་ཀྱི་བླ་ཆེན་མི་ཆེན་འགའ་ཡིས་གོང་ས་མཆོག་གི་གཙོས་བོད་གཞུང་ལ་རྒྱབ་སྟོད་ཀྱིས་རང་མགོ་གང་ཐོན་ཐེ་ཝན་བོད་སོག་གི་འོག་ཏུ་ཕྱིན་པའི་གྲལ་ནས་ས་སྐྱ་བདག་ཆེན་ཚང་ཡང་ཡོད། སྒྲོན་ཕོ་ཚང་གི་གོང་ས་་མཆོག་ལ་གུས་སྐུལ་ཡོད་པར་བདེན་ཡང་དེས་ཁོང་གི་མཛད་འཕྲིན་སོགས་ལ་ཕན་པའི་གནས་ལུགས་དེ་ཁོང་རང་གིས་མཁྱེན་ནས་མི་ཆོས་དང་འབྲེལ་བ་ཡོད་པ་ཞིག་ཀྱང་རེད། ད་ལེན་ས་སྐྱའི་བཅོས་བསྒྱུར་བའི་སྐོར་མི་ཚང་གཉིས་ཀྱིས་གྲོས་མཐུན་དེས་མི་ཚང་གཉིས་ཀྱིས་ས་སྐྱའི་ཆོས་རྒྱུད་དེ་སྒེར་གཅོད་བྱེད་རྒྱུར་འགྱུར་བ་སྤུ་ཙམ་མེད་ཁར་མི་ཚང་གཉིས་ཀྱི་ཕོ་རྒོད་ཡོང་རྫོགས་ས་སྐྱ་ཚང་གི་སྐྱོབ་རྗེར་བཀོལ་རྒྱུ་དེ་རེད། དེ་ནི་ཆོས་ལུགས་སྒེར་གཅོད་ཀྱི་བྱ་ངན་ཞིག་ཏུ་འགྱུར་རྒྱུ་རེད། ས་སྐྱའི་ཆོས་རྒྱུད་དེ་ས་སྐྱའི་མི་དམངས་ཀྱི་ལག་ཏུ་བཞགས་པ་འདོད་ན་མི་ཚང་གཉིས་ཀྱིས་སྒེར་གཅོད་དེ་མེད་པ་བཟོ་དགོས། མ་འོང་པའི་ས་སྐྱའི་སྐྱབས་རྗེ་ལ་སྐྱོབ་འགྲོ་ཡོད་མེད་ཡང་ཞུ་མི་ཐུབ་པ་ཞིག་མི་འགྱུར་བའི་ངེས་པར་མི་འདུག་གོ།།

  5. པདྨ says:
    2014-12-24 at 6:22 pm

    ངོ་མ་ཡིན་ན་ཁྲི་འཛིན་དེ་སྐྱ་སེར་མཁན་སྤྲུལ་ཡོངས་ལ་འདྲ་མཉམ་འདེམས་སྐོས་སུ་བསྒྲགས་ན་རྒྱུ་མཚན་དང་ལྡན་པ་རེད། དེ་མིན་གསལ་ཁ་ཅི་མི་འདུག

  6. ཆོས་འཕེལ་དར་རྒྱས་ says:
    2014-12-24 at 6:59 pm

    དགའ་ལྡན་ཕོ་བྲང་ཕྱིར་འཐེན་བྱས་སོང་། དགེ་ལུགས་ཚང་ཕྱོགས་གཉིས་གྱུར་སོང་། ས་སྐྱ་གོང་མ་ཁྲི་ནས་འབབ་རྒྱུ་ཟེར་གི། ཀརྨ་པ་གཉིས་ཆགས་སོང་། ད་མ་འོང་བ་ན་བཛྲ་གུ་རུ་རེ་ཞལ་འདོན་བྱས་ན་གང་འདྲ། གཞན་བོད་པ་ཚང་གི་རེ་བ་རྒྱག་ས། གསོལ་བ་འདེབ་ས། སྨོན་ལམ་བྱེད་ས་ཚང་མ་ནམ་མཁའི་འཇའ་དེད་པ་བཞིན་འགྱུར་འགྲོ་གི་འདུག ཨ་ཤི་རེ་ཁོ། ངའི་སྒང་བ་བོད་ཀྱི་ཡུལ་ན་ད་དུང་ཁོང་ཚོས་གཙོར་བྱས་བོད་པའི་ཕ་ཆོས་འཛིན་ནས་རྡོག་རྡོག་ཞིག་ཡོད་བསམ་ནས་སྒང་བ་ཚང་གི་བསྟན་པ་སླར་གསོའི་ཆེད་ལས་འགུལ་གང་མང་སྤེལ་བཞིན་པ་དང་ལྷག་པར་ཤ་ཁྲག་ལས་གྲུབ་པའི་རང་ལུས་མེ་ལ་འབར་འཇུག་གི་ཡོད་པ་འདི་ཚོ་སྙིང་མ་རྗེ། ཚེ་ཕྱི་མ་ཕར་ཞོག་ད་ངོག་ལ་སྐྱོབ་མཁན་ཞིག་ཕར་དེད་དུས་མི་འདུག་ག།

  7. ཟུར་གནས། says:
    2014-12-24 at 9:09 pm

    ས་སྐྱ་གོང་མ་རིན་པོ་ཆེ་དང་བདག་ཁྲི་རིན་པོ་ཆེ་གཉིས་ཞལ་མཐུན་གྱིས་ཐབས་འདི་འདྲ་ཞིག་བླངས་པར། ངེད་ཚོས་ཡི་རངས་དང་གསོལ་འདེབས་ལས་གཞན་འཇུས་གཏོགས་མེད། དགོན་པ་དམངས་གཙོའི་ལམ་ནས་སྐྱོང་མཁན་གྱི་རྒྱལ་ཁབ་སུ་འདུག སྟོན་དང་།

    དཔོན་ལ་ལ། ཁ་བདེ་པོ་བྱུང་ན་འགྲིགས། དེ་ཆབ་སྲིད་པའི་དཔོན་ཚོ་རེད། དཔོན་ལ་ལ་སྦྱོང་བརྡར་དང་ཤེས་ཡོན་མང་པོ་སྦྱོང་དགོས། དཔེར་ན་དམག་དཔོན་ལྟ་བུ་རེད། དེ་ལ་དམངས་གཙོ་དགོས་ཟེར་མཁན་རྒྱལ་ཁབ་མིན་འདུག དཔོན་ལ་ལ་རིག་གནས་དང་། རྒྱུད་པ། རྟོགས་པ་སོགས་དགོས། དེ་ཆོས་ལུགས་ཀྱི་དཔོན་རེད། དེ་ཚོ་གསོ་སྐྱོང་བྱས། བཤད་གྲྭ་དང་སྒྲུབ་གྲྭ་འགྲིམས་ན་མ་གཏོགས་ཁ་བདེ་པོ་དང་ལག་བདེ་པོས་མི་ཡོང་།

  8. སྨན་མོ་མཚོ་ says:
    2014-12-25 at 5:33 am

    མ་འོངས་པའི་ས་སྐྱ་ཁྲི་འཛིན་དེ་དཔལ་ལྡན་ས་སྐྱའི་མཁན་བླ་སྤྲུལ་ཚང་མའི་ནང་ནས་འདེམས་བསྐོའི་ལམ་ཁ་ཞིག་སྟོན་ན་དེ་ནི་གསེར་དངུལ་གྱི་ཡི་གེ་འབྲི་འོས་པ་ལས། རང་ཉིད་ཁ་རྗེ་དབང་ཐང་རྫོགས་ལ་ཉེ་བར་སླེབས་ཚེ་བུ་ཕྲུག་ཁྲི་ལ་བཀོད་པའི་ཆོས་ལུགས་སྒེར་གཅོད་པའི་ཇུས་ངན་དེ་ཡིན་ན་ཧ་ལས་རྒྱུ་མི་འདུག ཡིན་ན་ད་དུང་གསལ་ཁ་བྱུང་མ་སོང་།

  9. གནམ says:
    2014-12-25 at 7:20 am

    ས་སྐྱ་གོང་མ་ཚང་གིས་གདོང་རྒྱུད་བསྐྱངས་ན། དེ་ལ་དམངས་གཙོ་མི་འདུག་དང་སྒར་གཅོད་ཡིན་རབ་བཤད་ནས། མིག་ཚ་བ། སྙིང་ན་བ། སེམས་འཁྲུག་པ། ག་རེ་བྱུང་ན་ཡང་། སོ་སོའི་སྡུག་གྱོང་ལས་ཅི་ཡང་ཡོད་པ་མ་རེད།
    ས་སྐྱ་བ་ཚང་གི་སྐུ་རབས་ན་བོད་ལ་ཕན་ཐེག་པའི་སྐྱེ་རྒྱུད་ལས་གནོད་བསྐྱལ་བའི་ཡིག་ཚིག་ན་གཅིག་གོ་ཐོས་མཐོང་གསུམ་མ་བྱུང་བས། ས་སྐྱ་བ་ཚང་ལ་གུས་སོ། ཆོས་རྒྱུད་བུས་སྐྱོང་ན་འདྲ། བུ་མོས་སྐྱོང་ན་འདྲ། གདོང་རྒྱུད་ཤ་མ་ཤོར་བ། ཁྲག་རྒྱུན་མ་ཆད་པ། རུས་རྐང་མ་ཟད་པ་ཞིག་ནི་ཡོད་དགོས་ངེས་སོ། བཀྲ་ཤིས་བདེ་ལེགས།

  10. བསྟན་འཛིན། says:
    2014-12-25 at 12:51 pm

    བོད་དང་རྒྱ་གཉིས་བར་ཐག་ཆོད་རྒྱུ་མེད་པའི་ལོ་རྒྱུས་ངན་པ་འདི་སོག་པོས་ས་སྐྱའི་སྲིད་དབང་འཕྲོགས་ནས་བྱུང་བ་ཞིག་རེད། བོད་འདི་སོག་པའི་ལག་ཏུ་ཐོག་མར་སྐྱེལ་མཁན་ཡང་ས་སྐྱ་ཚང་རེད། བོད་ཀྱི་ལོ་རྒྱུས་གཙོག་པ་ཡང་དེ་ནས་གྱུར་བ་རེད། རྒྱ་ཡིས་བོད་འདི་བདག་དབང་དུ་གྱུར་པའི་ལོ་རྒྱུས་ཡང་དེ་ནས་འཛིན་པ་རེད། སོག་པོའི་མི་སྣས་བོད་དུ་དབང་ཤུགས་ཡང་དེ་ནས་སླེབས་པ་རེད། སོག་པོས་བོད་ལ་ནང་འཁྲུགས་མཚམས་མ་ཆད་པ་ཡང་དེ་ནས་བཟོས་པ་རེད། སོག་པོའི་རྒྱུ་དངོས་དང་དམག་སྲིད་ཀྱིས་བོད་འདི་འཆི་ལམ་དུ་རྫོངས་བ་ཡང་དེ་ནས་བྱུང་བ་རེད།

  11. སྤང་མདའ་སྟོབས་རྒྱས། says:
    2014-12-25 at 10:01 pm

    བསྟན་འཛིན་་་་ས་སྐྱ་པས་སོག་པོའི་ལག་ནས་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་རང་བཙན་གཙང་མ་རྒྱལ་ཁབ་ཅེས་ཚུར་བླངས་པ་ལས་སོག་པོ་དང་རྒྱའི་ལག་པར་ཕར་རྒྱལ་ཁབ་འདིའི་བདག་དབང་ནམ་ཡང་སྤྲད་པའི་ལོ་རྒྱུས་མེད། མ་ཟད་ས་སྐྱ་པས་སོག་པོའི་དཔོན་ངན་རེ་གཉིས་དང་ངན་པ་ལག་འབྲེལ་བྱེད་དེ་སོག་དམག་ཁྲིད་ནས་བོད་ཀྱི་ཆོས་བརྒྱུད་བྱེ་བྲག་པའི་དགོན་པ་དང་ཁ་རྗེ་དབང་ཐང་ལ་གཏོར་སྐྱོན་གཏང་བའི་གནས་ཚུལ་མེད། བོད་རང་བཙན་བཤད་ན་བོད་པའི་སྤྱི་ཚོགས་ནང་བསྡོད་བློས་མི་བཟོད་པ་བཟོ་མཁན་ཡང་ས་སྐྱ་མ་རེད། དེ་དག་ཚང་མ་ཤེས་པ་བྱོས།

  12. སྨན་མོ་མཚོ་ says:
    2014-12-26 at 3:55 am

    9 གནམ་ལགས་ཀྱིས་༼ས་སྐྱ་བ་ཚང་གི་སྐུ་རབས་ན་བོད་ལ་ཕན་ཐེག་པའི་སྐྱེ་རྒྱུད་ལས་གནོད་བསྐྱལ་བའི་ཡིག་ཚིག་ན་གཅིག་གོ་ཐོས་མཐོང་གསུམ་མ་བྱུང་༽ཞེས་བཤད་པ་ནི། འབྲུག་ཕོ་ཐང་གནམ་ནས་གྲག་ན་ཡང་།། དེ་མ་འོ་ཟེར་ན་འོན་པ་རེད།། གློག་དམར་ཆེན་ས་ལ་འཁྱུགས་ན་ཡང་།། དེ་མ་རིག་ཟེར་ན་ལོང་བ་རེད།། ཅེས་པའི་གནའ་མིའི་ཁ་དཔེ་དེ་ཁྱོད་ལ་གདམས་པ་འདྲ། གལ་སྲིད་ས་སྐྱ་བས་ཕྱི་མི་ནང་འདྲེལ་བྱས་ཏེ་བོད་སྟོར་བརླག་གཏོང་བའི་གནས་ཚུལ་དངོས་གནས་ཤེས་གི་མེད་ན་ངས་ལོ་རྒྱུས་ཡིག་ཆ་ངོ་སྤྲོད་བྱེད་དགོས་ལོ།

  13. གངས་སྤྲེལ་ཚ། says:
    2014-12-27 at 11:16 am

    ས་སྐྱ་བར་གུ་ཡངས་ཡོད་ན་མཁན་ཆེན་སུ་བྱུང་རྣམས་ཁྲི་འཛིན་དུ་བསྐོས་ན་ལྷག་བསམ་རེད་མ་གཏོགས་་་བུ་རྒྱུད་ཚོས་ཁྲི་ཁ་བརྟན་པོ་བྱས་པ་ཙམ་ལ་ཙམ་ལ་ཧང་སངས་ཡ་ཕར་ཞོགས་་་་དུས་རབས་དང་མི་མཐུན་པའི་སྒེར་གཅོད་པའི་ལམ་ཁ་སྐྱར་གསོ་བྱས་པ་ཙམ་རེད་་་་་་་་ཡིན་ན་བདག་ཆེན་ཚང་ལ་ཕར་སྤྲད་དགོས་པ་ལས་རྒན་རབས་པ་ཟེར་དུས་་་་ཁོ་རང་གི་བུ་ཕྲུག་ཚོར་རྒན་པ་ཡིན་ཤག་་་་་་་ཨ་ཙི་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme