Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྗེ་བླ་མའི་རྣམ་ཐར་རགས་བསྡུས་སུ་བཀོད་པ་མཚོ་བུ་དད་པའི་མེ་ཏོག་ཅེས་བྱ་བ་བཞུགས།

Posted on 2014-12-152014-12-17 By ཁ་བརྡ 5 Comments on རྗེ་བླ་མའི་རྣམ་ཐར་རགས་བསྡུས་སུ་བཀོད་པ་མཚོ་བུ་དད་པའི་མེ་ཏོག་ཅེས་བྱ་བ་བཞུགས།

གཅན མཚོ་བུ་དཀར་པོ།
མདོ་སྨད་ས་ཡི་ཐིག་ལེ་ཙོང་ཁ་རུ།།
ཡབ་ཆེན་ད་ར་ཁ་ཆེ་ཀླུ་འབུམ་དགེ།
མ་ཡུམ་ཤིང་བཟའ་ཨ་ཆོས་ཟུང་མཆོག་ལ།།
ལེགས་འཁྲུངས་ཀུན་དགའ་སྙིང་བོ་ཁྱོད་ལ་འདུད།།

ཆོས་རྗེ་དོན་འགྲུབ་རིན་ཆེན་མཁན་པོ་དང་།།
ཀོའུ་བ་གཞོན་ནུ་བྱང་ཆུབ་སློབ་དཔོན་གྱིས།།
དགུང་ལོ་བདུན་སྟེང་རབ་བྱུང་སྒྲུབ་མཛད་དེ།།
བློ་བཟང་གྲགས་པའི་མཚན་ཞེས་ཁྱོད་ལ་བསྩལ།།

བདག་སྐྱོང་གཅེས་སྤྲས་ལེགས་པར་བྱེད་བཞིན་དུ།།
ཀློག་དང་ཐོས་བསམ་རྩེ་གཅིག་བརྩོན་འགྲུས་བསྐྱེད།།
ཞལ་ཏ་ཡང་ཡང་བསྩལ་དང་ལྷན་ཅིག་ཏུ།།
དབུས་སུ་བྱོན་པའི་ཆ་རྐྱེན་བསྐྲུན་གནང་མཛད།།

དགུང་ལོ་བཅུ་དྲུག་སོན་པའི་དུས་སྐབས་སུ།།
འབྲི་གུང་རིན་ཆེན་དཔལ་གྱི་གྲོགས་དན་ངང་།།
སྟོད་ཕྱོགས་ཆབ་མདོ་བརྒྱུད་ནས་ལྷ་སར་བྱོན།།
འབྲི་གུང་མཐིལ་ནས་སྤྱན་སྔ་ཆོས་རྒྱལ་མཇལ།།

ཐེག་ཆེན་སེམས་བསྐྱེད་ལ་སོགས་ཞུས་མཛད་ངང་།།
ཚལ་སྨན་མཁས་དབང་དཀོན་མཆོག་སྐྱབས་ཀྱི་མདུན།།
བྱོན་ནས་སྨན་དཔྱད་ཡན་ལག་བརྒྱད་པ་སྟེ།།
ཐུགས་འཛིན་སྦྱངས་རྣམས་མ་ལུས་ཁོང་དུ་ཆུབ།།

སྣར་ཐང་ལོ་ཙཱ་རྗེ་བཙུན་རེད་མདའ་དང་།
བོ་དོང་ལོ་ཙཱ་ནམ་མཁའ་བཟང་བོ་སོགས།།
དབུས་གཙང་ཡུལ་དུ་བཤེས་གཉེན་བཅུ་ཕྲག་བཞི།།
བསྟེན་ནས་འཆད་རྩོད་རྩོམ་ལ་འབད་ཆེར་གནང་།།

དགུང་ལོ་སོ་དྲུག་ཆུ་སྤྲེལ་གནམ་ལོ་ལོར།།
མདོ་སྨད་བཞི་བཅས་འཁོར་དག་རྣམ་བརྒྱད་ལྷན།།
འོལ་དགའ་ཆོས་ལུང་གནས་ནས་བསཊ་སྒྲུབ་སྐབས།།
ཟབ་མོ་དབུ་མོའི་ལྟ་བ་ཐུགས་སུ་འཁྲུངས།།

མདོ་སྔགས་གསུང་རབ་མ་ལུས་ཐུགས་སུ་ཆུབ།།
ཕྱི་རུ་ཉན་ཐོས་སྤྱོད་པ་ཞི་ཞིང་དུལ།།
ནང་དུ་རིམ་གཉིས་ལྟ་སྤྱོད་གཙང་མའི་ལུགས།།
སྐྱེ་འགྲོ་ཐམས་ཅད་ཁྱོད་ལ་མགོ་བོ་བཏུད།།

སྐར་ཚོགས་དབུས་ན་དཀར་གསལ་ཟླ་བ་བཞིན།།
ལྷང་ངེར་འཚར་པའི་ཁྱོད་སྐུ་ངོ་མཚར་སྟོང་།།
ཀུན་ཡིད་དབང་མེད་ཅིག་ཅར་འཕྲོག་པ་ཡིས།།
ལག་སོར་སྙིང་གར་མི་སྦྱར་སུ་ཞིག་མཆིས།།

བླ་མ་རེད་མདའ་བས་ཀྱང་ཁྱོད་ཉིད་ལ།།
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།
ཞེས་པའི་བསྔགས་བརྗོད་མེ་ཏོག་ཕྱིར་མཛད་པས།།
ཆེན་པོའི་ཆེན་པོ་རྣམས་ཀྱང་སྤྲིན་བཞིན་འདུས།།

དེ་ཡི་དུས་སུ་ས་ཆེན་དཀྱིལ་འཁོར་འདིར།།
ཙོང་ཁའི་གདུགས་དཀར་གཅིག་གིས་ཁྱབ་ཡོད་གསུངས།།
མེ་བྱི་ལོ་ལ་གཉལ་སྟོད་ར་གྲོང་དུ།།
དར་མ་རིན་ཆེན་སྲས་ཀྱི་ཐུ་བོར་གྱུར།།

དགུང་ལོ་ཞེ་དྲུག་ཆུ་རྟའི་གནམ་ལོ་ལ།།
འདུལ་བའི་ཕྱག་ལེན་དེ་ལ་དག་ཐེར་དང་།།
རྭ་སྒྲེང་དགོན་དུ་འབད་པ་ཆེར་བསྐྱེད་ནས།།
བྱང་ཆུབ་ལམ་རིམ་ཆེན་མོ་གསར་རྩོམ་མཛད།།

བློ་གྲོས་ཁང་བཟང་བསླབ་གསུམ་ནོར་ཀྱིས་ཕྱུག།
བཟང་བའི་འཕྲིན་ལས་གདུལ་བྱའི་དཔལ་དུ་ཤར།།
གྲགས་པའི་འོད་གསལ་འཛམ་གླིང་ཕྱོགས་བཅུར་འཕྲོ།།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།

དགུང་གྲངས་ང་གཅིག་མེ་མོ་ཕག་གི་ལོར།།
སེ་ར་ཆོས་སྡིངས་གླིང་དུ་བཞུགས་པའི་སྐབས།།
མཁས་གྲུབ་དགེ་ལེགས་དཔལ་བཟང་མཇལ་ཕེབས་ཏེ།།
ཞབས་ལ་གཏུགས་ནས་སྲས་ཀྱི་ཐུ་བོར་གྱུར།།

འཆད་རྩོད་རྩོམ་ལ་ཐོགས་མེད་དཔའ་བོ་རྗེ།།
སྲིད་པ་གསུམ་ན་དབྱར་གྱི་རྔ་བོ་ལྟར།།
ལྷང་ངེར་ཀུན་གྲགས་དཔལ་ལྡན་བླ་མ་ལ།།
ཡིད་རབ་མི་འཕྲོག་དཔྱོད་ལྡན་སུ་ཞིག་མཆིས།།

ལོ་དེར་གོང་མ་ཏཱ་མིང་རྒྱལ་པོའི་ཐུགས།།
གཡོ་མེད་རྩེ་གཅིག་དད་པའི་ཡིད་འཕྲོག་ནས།།
འཇའ་ས་ལྷན་ཅིག་ཕྱག་རྟེན་གྲངས་མེད་བྱས།།
ལན་གསུམ་གདན་འདྲེན་བྱས་ཀྱང་ཕེབས་མ་མཛད།།

སྟོང་གསུམ་ཀུན་ཏུ་ཐམས་ཅན་མཁྱེན་པའི་ཐུགས།།
ཡོན་ཏན་དྲི་མངར་ལེགས་པར་ལྡིང་བ་ཡིས།།
མ་ལུས་སྐྱེ་འགྲོ་རྐང་དྲུག་བུང་བའི་ཚོགས།།
དར་དིར་ཁྱོད་དྲུང་འཁོར་ནས་ལྡིང་ཞིང་རྩེན།།

ཐ་མར་དངོས་སློབ་བྱམས་ཆེན་ཆོས་རྗེ་མཚན།།
གོང་མའི་མཆོད་གནས་དེ་ལ་མངགས་གཏོང་མཛད།།
མཆོག་གིས་བཀའ་ལྟར་ནན་ཅིན་གྲོང་ཕེབས་ཏེ།།
གོང་མའི་ཐུགས་བློ་ཤིན་ཏུ་ཚིམ་པར་བྱས།།

དགུང་ལོ་ང་གསུམ་ས་ཕོ་བྱི་བའི་ལོར།།
ལྷ་ལྡན་གཙུག་ལག་ཁང་དང་གཙུག་ལག་གི།
ཁྱམས་ར་སོགས་ལ་ལྡེབས་བྲིས་རྟེན་དང་བརྟེན།།
ལེགས་པར་ཤིན་ཏུ་ཉམས་གསོ་རྒྱས་པར་མཛད།།

དེ་ཡི་ཕྱི་ལོ་ས་མོ་གླང་གི་ལོར།།
ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེ་མོ་ཞེས།།
དུས་མཆོད་གསར་འཛུགས་ཇོ་ཤཱཀ་རྣམ་གཉིས་ལ།།
དབུ་རྒྱན་ན་བཟའ་མཆོད་རྫས་འབུལ་བར་མཛད།།

དེ་སྔོན་ཡབ་རྗེ་ཁོང་དང་དཔོན་སློབ་རྣམས།།
བཞུགས་གནས་ངེས་མེད་ཕེབས་བཞུད་གནང་བ་ལས།།
གནས་གཞི་འདི་ཡིན་ངེས་བཟུང་མེད་པ་ཡིས།།
འབྲོག་རིར་བྱོན་ཏེ་གདན་ས་འདེབས་ཡུལ་བརྟག།

བཙུན་མོ་སྡིངས་ཞེས་གནས་འདི་ལེགས་གཟིགས་ནས།།
ཕག་གྲུབ་སྡེ་སྲིད་དབང་གྲགས་རྒྱལ་མཚན་དང་།།
སི་ཏུའི་བློན་བརྒྱུད་ནང་སོ་རིན་ཆེན་ལྷུན།།
རྒྱ་མ་ཁྲི་དཔོན་ལ་སོགས་སྦྱིན་བདག་མཛད།།

སེར་སྐྱ་རྣམས་ཀྱི་ལུས་ཤུགས་ངལ་རྩོལ་ངང་།།
བགེགས་མེད་ལྷུན་གྱིས་གཟིམ་ཁང་འདུ་ཁང་དང་།།
གྲྭ་ཤག་བརྒྱ་ཕྲག་བརྒལ་བ་ལོ་དེར་གྲུབ།།
དགེ་འདུན་སྡེ་རྣམས་ལྷ་ལམ་སྤྲིན་བཞིན་འདུས།།

ལྕགས་སྟག་ལོ་ཡི་ཟླ་བ་གཉིས་པའི་ཚེས།།
ལྔ་ཉིན་ཡབ་རྗེ་དངོས་བྱོན་རབ་གནས་མཛད།།
ལྷོ་བྲག་ནམ་མཁའ་རྒྱལ་མཚན་མཆོག་ཉིད་ཀྱིས།།
ལུང་བསྟན་རི་བོ་དགེ་ལྡན་པ་ཞེས་གསོལ།།

དགུང་གྲངས་ང་དགུ་ཤིང་ལུག་དབྱར་དུས་སུ།།
ཡངས་པ་ཅན་ནས་གསར་བཞེངས་གཙུག་ལག་ཁང་།།
ཕྱི་ནང་རྟེན་ཀུན་ལེགས་པར་གྲུབ་པ་ཡིས།།
མེ་བྱ་ལོ་ལ་དགའ་ལྡན་སྒྲུབ་མཆོད་བཙུགས།།

ས་ཁྱི་ལོ་ལ་ཡངས་པ་ཅན་གནས་སུ།།
ཆོས་རྒྱལ་མགོན་པོ་འཇིགས་བྱེད་ཡིད་དམ་སྲུང་།།
སོ་སོའི་རྒྱུད་ལྟར་ཚད་ལྡན་ལེགས་བསྐྲུན་ངང་།།
རབ་གནས་ལེགས་སྒྲུབ་དགའ་སྟོན་རྒྱ་ཆེན་གནང་།།

དགུང་གྲངས་རེ་གསུམ་ས་མོ་ཕག་གི་ལོར།།
སྟོད་ལུང་འབྲས་སྤུངས་སེ་ར་ལྷ་ས་སུ།།
རིམ་བཞིན་བྱོན་ནས་སྐལ་ལྡན་ཚོགས་རྣམས་ལ།།
ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་གནང་མཛད།།

སླར་ཡང་རི་བོ་དགའ་ལྡན་དུ་ཕེབས་ནས།།
སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ།།
སྐུ་བེར་དང་ནི་དབུ་ཞྭ་ལྷན་གནང་ནས།།
རང་གི་རྒྱལ་ཚབ་དོན་གྱིས་གོ་བར་མཛད།།

རབ་བྱུང་བཅུ་བདུན་ས་མོ་ཕག་གི་ལོའི།།
ཟླ་བ་བཅུ་བའི་ཚེས་པ་ཉེར་ལྔ་ཉིན།།
སྔ་དྲོ་ཡང་སྟེང་གཟིམ་ཁང་འོད་གསལ་ནས།།
དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་པར་མཛད།།

ལུང་རིག་རྣམ་དཔྱོད་རྒོད་པའི་ལང་ཚོ་ཡིས།།
མཁས་པ་ཚོགས་རྣམས་ཡིད་དབང་ཅིག་ཅར་འཕྲོག།
མི་ཕྱེད་དད་པའི་སྐྱེ་འགྲོ་མ་ལུས་ཀུན།།
ཁྱོད་ཀྱི་ཡོན་ཏན་བརྗོད་ལ་ངལ་མ་གྱུར།།

དངོས་སློབ་གྲགས་ཆེན་བརྒྱ་དང་ཞེ་བདུན་ནས།།
རྒྱལ་ཚབ་མཆོག་དང་འདུལ་འཛིན་གྲགས་རྒྱལ་གྱིས།།
གཙོ་འགན་བཞེས་ཏེ་རྣམ་རྒྱལ་མཆོད་རྟེན་ནང་།།
སྐུ་གདུང་རིལ་བོ་མ་ཉམས་རྟེན་དུ་བཞེངས།།

རྒྱལ་ཚབ་དར་མས་རྗེས་བསྐུལ་གནང་བ་ལྟར།།
གསུང་རབ་པོ་ཏི་བཅོ་བརྒྱད་དྲི་མེད་རྣམས།།
གཞིས་ཀ་བྲག་དཀར་ནང་སོས་དཔར་སྐྲུན་ནས།།
རི་བོ་དགའ་ལྡན་དགོན་དུ་ཕུལ་བར་མཛད།།

དགོངས་རྫོགས་ཕྱི་ལོར་དཔོན་སློབ་འཁོར་བཅས་ཀྱིས།།
རྨི་ལམ་ཟླ་བའི་ཉེར་ལྔའི་ཉིན་མོ་དེར།།
གསང་བདེ་འཇིགས་གསུམ་སྒྲུབ་མཆོད་མཛད་པ་ཡིས།།
དགའ་ལྡན་ལྔ་མཆོད་ཆེན་མོ་ཡོངས་སུ་གྲགས།།

དཔལ་ལྡན་བླ་མ་བློ་བཟང་གྲགས་པ་ཡིས།།
དགོངས་རྫོགས་དུས་མཆོད་རང་ཁྱིམ་ཕྱི་ནང་དུ།།
བོད་ཡུལ་མདོ་དབུས་ཁམས་གསུམ་དབྱེར་མེད་ངང་།།
མཆོད་མེ་གྲངས་མེད་འབུལ་སྲོལ་བཟང་དར།།

ཡབ་རྗེ་མཆོག་གིས་བསྟན་པའི་གོ་རིམ་ལ།།
ཐོས་བསམ་མཛད་པའི་རྟོགས་བརྗོད་འདུན་ལེགས་མ།།
ཡང་ཡང་བཀླགས་པས་བདག་སེམས་དད་པའི་སྤུ།།
ལང་ལོང་གཡོ་བས་ཚིག་གི་གོམ་པ་འཁྱོར།།

བླ་མ་ཙོང་ཁ་བློ་བཟང་གྲགས་པ་ཡི།།
ཡོན་ཏན་མ་ལུས་བརྗོད་པར་མི་ནུས་ཀྱང་།།
བསྟོད་ཚིག་ངལ་མེད་ཅུང་ཟད་སྤེལ་བ་འདིས།།
ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པར་ཤོག།

ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པའི།།
རྣམ་ཐར་རགས་བསྡུས་གཟུགས་སུ་བཀོད་པ་འདིའི།།
མཐུ་ལ་བརྟེན་ནས་མ་གྱུར་སེམས་ཅན་རྣམས།།
རྣམ་མཁྱེན་རྒྱལ་བོའི་གོ་འཕང་ཐོབ་པར་ཤོག།

ཅེས་པ་འདི་ནི་རྗེ་བླ་མར་དད་དམ་གཙང་བའི་གུས་འབངས་གྲལ་ཐ་བ་མཚོ་བུ་དཀར་པོས་བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་རྟ་ལོའི་བོད་ཟླ་བཅུ་པའི་ཚེས་ཉེར་བཞིའི་ཉིན་སྦྱར་བ་འདིས་ཀྱང་མ་གྱུར་འགྲོ་བ་རིགས་དྲུག་གཅིག་ཀྱང་མ་ལུས་པ་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་འཐོབ་པའི་རྒྱུར་གྱུར་ཅིག་གུ །

སྙན་ངག

Post navigation

Previous Post: དགེ་ལྡན་ལྔ་མཆོད་ལ་ཕུལ་བའི་སྤྲིན་གྱི་སྒྲ་དབྱངས།
Next Post: དགའ་རོགས་ཀྱི་འོ་མ་འཐུང་མྱོང་ངམ།

Comments (5) on “རྗེ་བླ་མའི་རྣམ་ཐར་རགས་བསྡུས་སུ་བཀོད་པ་མཚོ་བུ་དད་པའི་མེ་ཏོག་ཅེས་བྱ་བ་བཞུགས།”

  1. དགེ་འདུན་རྒྱ་མཚོ། says:
    2014-12-15 at 11:40 pm

    བཀླགས་ཟིན
    ཡག་པོ་བྲིས་འདུག
    ཡི་རང་ཞུ།

  2. དགེ་འདུན་རྒྱ་མཚོ། says:
    2014-12-15 at 11:42 pm

    དབུ་མོའི་ལྟ་བ་
    འདི་འདྲ་ཚིག་མ་བདེ་བ་འགའ་ཤས་འདུག

  3. ཀརྡོ་གཉེར་ཕྱག་པ་ says:
    2014-12-16 at 12:31 am

    མདོ་སྨད་ས་ཡི་ཐིག་ལེ་ཙོང་ཁ་རུ། །
    ཡབ་ཆེན་ད་ར་ཁ་ཆེ་ཀླུ་འབུམ་དགེ །
    མ་ཡུམ་ཤིང་བཟའ་ཨ་ཆོས་ཟུང་མཆོག་ལ། །
    མཚན་ལྟས་ལེགས་འཁྲུངས་ཀུན་དགའ་སྙིང་པོར་གསོལ། །

    ཆོས་རྗེ་དོན་འགྲུབ་རིན་ཆེན་མཁན་པོ་དང་། །
    ཀོའུ་པ་གཞོན་ནུ་བྱང་ཆུབ་སློབ་དཔོན་དྲིན། །
    དགུང་ལོ་བདུན་སྟེང་དགེ་ཚུལ་རབ་ཏུ་བྱུང་། །
    བློ་བཟང་གྲགས་པའི་མཚན་དེ་ཁྱེད་ལ་འབུལ། །

    བྱིས་པ་ཐ་མལ་སྤྱོད་ལས་འདས་པ་ཁྱོད། །
    ཀློག་དང་ཐོས་བསམ་གཅེས་སྤྲས་ལེགས་བསྐྱངས་ནས། །
    ཞལ་ཏ་ཡང་ཡང་སྩལ་དང་ལྷན་ཅིག་ཏུ། །
    དབུས་སུ་བྱོན་པའི་ཆ་རྐྱེན་ཁྱེད་ལ་འབུལ། །

    དགུང་ལོ་བཅུ་དྲུག་སོན་པའི་དུས་སྐབས་སུ། །
    འབྲི་གུང་རིན་ཆེན་དཔལ་གྱི་གྲོགས་དན་དང་། །
    སྟོད་ཕྱོགས་ཆབ་མདོ་བརྒྱུད་ནས་ལྷ་སར་ཕེབས། །
    འབྲི་གུང་སྤྱན་སྔ་པ་ཡིས་བསུ་བ་མཛད། །

    ཐེག་ཆེན་སེམས་བསྐྱེད་ལ་སོགས་གསོལ་སྩལ་དང་། །
    ཚལ་སྨན་མཁས་དབང་དཀོན་མཆོག་སྐྱབས་ཀྱི་མདུན། །
    ཕེབས་ནས་སྨན་དཔྱད་ཡན་ལག་བརྒྱད་པ་སོགས། །
    ཐུགས་འཛིན་སྦྱངས་རྣམས་མ་ལུས་ཁོང་ཆུད་མཛད། །

    སྣར་ཐང་ལོ་ཙཱ་རྗེ་བཙུན་རེད་མདའ་དང་། །
    བོ་དོང་ལོ་ཙཱ་ནམ་མཁའ་བཟང་པོ་སོགས། །
    དབུས་གཙང་ཁུལ་དུ་བཤེས་གཉེན་བཅུ་ཕྲག་བཞི།། །
    བསྟེན་ནས་འཆད་རྩོད་རྩོམ་ལ་འབད་ཆེར་གནང་། །

    དགུང་ལོ་སོ་དྲུག་ཆུ་སྤྲེལ་གནམ་ལོའི་ལོར། །
    མདོ་སྨད་བཞི་བཅས་འཁོར་དག་རྣམ་བརྒྱད་ལྷན། །
    ཆོས་ལུང་འོལ་དགར་ཚོགས་གསོག་སྒྲིབ་སྦྱོང་སྐབས། །
    ཟབ་མོ་དབུ་མའི་ལྟ་བ་ཐུགས་ལ་འཁྲུངས། །

    མདོ་སྔགས་གསུང་རབ་མ་ལུས་ཐུགས་སུ་ཆུད། །
    ཕྱི་རུ་ཉན་ཐོས་སྤྱོད་པ་ཞི་ཞིང་དུལ། །
    ནང་དུ་བྱང་སེམས་ལྟ་སྤྱོད་གཙང་མ་བསྐྱངས། །
    གསང་བར་གསང་སྔགས་ཉམས་ལེན་རྟག་ཏུ་མཛད། །

    སྐར་ཚོགས་དབུས་ན་དཀར་གསལ་ཟླ་བ་བཞིན། །
    ལྷང་ངེར་འཚར་པའི་ཁྱོད་སྐུ་གསུང་ཐུགས་ལ། །
    ཀུན་ཡིད་དབང་མེད་ཅིག་ཅར་འཕྲོག་པ་ཡིས། །
    ཀུན་གྱིས་ལག་སོར་སྙིང་གར་སྦྱར་དགོས་མཛད། །

    བླ་མ་རེད་མདའ་བས་ཀྱང་ཁྱོད་ཉིད་ལ། །
    རིགས་གསུམ་མགོན་པོའི་ངོ་བོར་གཅིག་ཏུ་རོལ། །
    གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པའི། །
    བསྔགས་ཚིགས་ཚིག་སྒྱུར་མགོན་ཁྱོད་ཉིད་ལ་སྩལ། །

    དེ་ཡི་དུས་སུ་ས་ཆེན་དཀྱིལ་འཁོར་འདིར། །
    ཙོང་ཁའི་གདུགས་དཀར་གཅིག་གིས་ཁྱབ་པར་གྲགས། །
    མེ་བྱི་ལོ་ལ་གཉལ་སྟོད་ར་གྲོང་དུ། །
    དར་མ་རིན་ཆེན་སྲས་ཀྱི་ཐུ་བོར་གྱུར། །

    དགུང་ལོ་ཞེ་དྲུག་ཆུ་རྟའི་གནམ་ལོ་ལ། །
    འདུལ་བའི་ཕྱག་ལེན་དེ་ལ་དག་ཐེར་དང་། །
    རྭ་སྒྲེང་དགོན་དུ་འབད་པ་ཆེར་བསྐྱེད་ནས། །
    བྱང་ཆུབ་ལམ་རིམ་ཆེན་མོ་གསར་རྩོམ་མཛད། །

    བློ་གྲོས་ཁང་བཟང་བསླབ་གསུམ་ནོར་ཀྱིས་ཕྱུག །
    བཟང་པོའི་འཕྲིན་ལས་གདུལ་བྱའི་དཔལ་དུ་ཤར། །
    སྙན་གྲགས་འོད་དཀར་ཕྱོགས་བཅུར་འཕྲོ་བཞིན་དུ། །
    ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་རྔ་རྡུང་། །

    དགུང་གྲངས་ང་གཅིག་མེ་མོ་ཕག་གི་ལོར། །
    སེ་ར་ཆོས་སྡིངས་གླིང་དུ་བཞུགས་པའི་སྐབས། །
    མཁས་གྲུབ་དགེ་ལེགས་དཔལ་བཟང་མཇལ་བར་ཕེབས། །
    ཁྱོད་ཞབས་གཏུགས་ནས་སྲས་ཀྱི་ཐུ་བོར་གྱུར། །

    ལོ་དེར་གོང་མ་ཏཱ་མིང་རྒྱལ་པོའི་ཐུགས། །
    གཡོ་མེད་རྩེ་གཅིག་དད་པའི་ཡིད་འཕྲོག་ནས། །
    འཇའ་ས་ལྷན་ཅིག་ཕྱག་རྟེན་གྲངས་མེད་བཅས། །
    གདན་འདྲེན་གསུམ་ག་ཞལ་བཞེས་མ་གནང་བར། །

    དངོས་སློབ་བྱམས་ཆེན་ཆོས་རྗེ་མཚན་ཅན་དེ། །
    ཐ་མར་གོང་མའི་མཆོད་གནས་མངགས་གཏོང་མཛད། །
    མཆོག་གིས་བཀའ་ལྟར་ནན་ཅིན་གྲོང་དུ་ཕེབས། །
    གོང་མའི་ཐུགས་བློ་ཤིན་ཏུ་ཚིམ་པར་མཛད། །

    དགུང་ལོ་ང་གསུམ་ས་ཕོ་བྱི་བའི་ལོར། །
    ལྷ་ལྡན་གཙུག་ལག་ཁང་དང་གཙུག་ལག་གི །
    ཁྱམས་ར་སོགས་ལ་ལྡེབས་བྲིས་རྟེན་དང་བརྟེན། །
    ཤིན་ཏུ་ལེགས་པར་ཉམས་གསོ་རྒྱས་པར་མཛད། །

    དེ་ཡི་ཕྱི་ལོ་ས་མོ་གླང་གི་ལོར། །
    ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེ་མོ་ཞེས། །
    དུས་མཆོད་གསར་འཛུགས་ཇོ་ཤཱཀ་རྣམ་གཉིས་ལ། །
    དབུ་རྒྱན་ན་བཟའ་མཆོད་རྫས་འབུལ་བར་མཛད། །

    དེ་སྔོན་ཡབ་རྗེ་ཁོང་དང་དཔོན་སློབ་རྣམས། །
    བཞུགས་གནས་ངེས་མེད་ཕེབས་བཞུད་གནང་བ་ལས། །
    གནས་གཞི་འདི་ཡིན་ངེས་བཟུང་མེད་པར་བརྟེན། །
    འབྲོག་རིར་བྱོན་ཏེ་གདན་ས་འདེབས་ཡུལ་བརྟགས། །

    བཙུན་མོ་སྡིངས་ཞེས་གནས་འདི་ལེགས་གཟིགས་ནས། །
    ཕག་གྲུབ་སྡེ་སྲིད་དབང་གྲགས་རྒྱལ་མཚན་དང་། །
    སི་ཏུའི་བློན་བརྒྱུད་ནང་སོ་རིན་ཆེན་ལྷུན། །
    རྒྱ་མ་ཁྲི་དཔོན་སོགས་ཀྱིས་སྦྱིན་བདག་མཛད། །

    སྐྱ་སེར་ཕོ་མོའི་ལུས་ཤུགས་ངལ་རྩོལ་དང་། །
    གཟུགས་མེད་ཆོས་སྐྱོང་འཕྲིན་ལས་ལྷུན་གྲུབ་ཀྱིས། །
    གཟིམ་ཁང་འདུ་ཁང་གྲྭ་ཤག་ལོ་དེར་གྲུབ། །
    དགེ་འདུན་སྡེ་རྣམས་ལྷ་ལམ་སྤྲིན་བཞིན་འདུས། །

    ལྕགས་སྟག་ལོ་ཡི་ཟླ་བ་གཉིས་པའི་ཚེས། །
    ལྔ་ཉིན་ཡབ་རྗེ་དངོས་བྱོན་རབ་གནས་མཛད། །
    ལྷོ་བྲག་ནམ་མཁའ་རྒྱལ་མཚན་མཆོག་ཉིད་ཀྱིས། །
    ལུང་བསྟན་དགོན་མིང་རི་བོ་དགེ་ལྡན་གསོལ། །

    དགུང་གྲངས་ང་དགུ་ཤིང་ལུག་དབྱར་དུས་སུ། །
    ཡངས་པ་ཅན་ནས་གསར་བཞེངས་གཙུག་ལག་ཁང་། །
    ཕྱི་ནང་རྟེན་ཀུན་ལེགས་པར་གྲུབ་པ་ཡིས། །
    མེ་བྱ་ལོ་ལ་དགའ་ལྡན་སྒྲུབ་མཆོད་བཙུགས། །

    ས་ཁྱི་ལོ་ལ་ཡངས་པ་ཅན་གནས་སུ། །
    ཡི་དམ་འཇིགས་བྱེད་མགོན་ཆོས་སྲུང་མ་སོགས། །
    སོ་སོའི་རྒྱུད་ལྟར་དད་རྟེན་ལེགས་བསྐྲུན་ལ། །
    ལེགས་སྒྲུབ་རབ་གནས་དགའ་སྟོན་རྒྱ་ཆེན་མཛད། །

    དགུང་གྲངས་རེ་གསུམ་ས་མོ་ཕག་གི་ལོར། །
    སྟོད་ལུང་འབྲས་སྤུངས་སེ་ར་ལྷ་ས་རུ། །
    རིམ་བཞིན་ཕེབས་ནས་སྐལ་ལྡན་ཚོགས་རྣམས་ལ། །
    ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་གནང་མཛད། །

    སླར་ཡང་རི་བོ་དགའ་ལྡན་དུ་ཕེབས་ནས། །
    སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ། །
    སྐུ་བེར་དང་ནི་དབུ་ཞྭ་ལྷན་གནང་ནས། །
    རང་གི་རྒྱལ་ཚབ་དོན་གྱིས་གོ་བར་མཛད། །

    རབ་བྱུང་བཅུ་བདུན་ས་མོ་ཕག་གི་ལོའི། །
    ཟླ་བ་བཅུ་པའི་ཚེས་པ་ཉེར་ལྔ་ཉིན། །
    སྔ་དྲོ་ཡང་སྟེང་གཟིམ་ཁང་འོད་གསལ་ལ། །
    དགོངས་ཆོས་དབྱིངས་སུ་གཤེགས་མཛད་ཁྱེད་ལ་འདུད། །

  4. གནམ says:
    2014-12-16 at 8:46 am

    བླ་མ་ཙོང་ཁ་བློ་བཟང་གྲགས་པ་(ཡིས)།།
    ཡོན་ཏན་མ་ལུས་བརྗོད་པར་མི་ནུས་ཀྱང་།།
    བསྟོད་ཚིག་ངལ་མེད་ཅུང་ཟད་སྤེལ་བ་འདིས།།
    ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པར་ཤོག།

    གོང་གི་གུག་རྟགས་ན་ཡོད་པའི་བྱེད་སྒྲ་དེས་ཅི་ཞིག་གི་ནུས་བ་འདོན་གྱིན་ཡོད་པ་ཤེས་མ་སོང་། གོ་ལོག་ལ་མི་འགྲོ་བ་མི་སྲིད་པས། གསལ་བཤད་ཅིག་ཡོད་ན་ཡག་པོ་མིན་འགྲོར་བསམ།

  5. གཅན བཟོད་རྒྱམ། says:
    2014-12-16 at 9:20 am

    མ་གཞི་གཅན མཚོ་བུ་དཀར་པོའི་རྩོམ་ཡིག་འདི་ཁ་བརྡར་བསྐུར་མཁན་ང་ཡིན། ཡིག་ནོར་དེ་ཡང་གཞན་ཡིག་ནོར་འགའ་ཡོད་པ་ངས་ཞུ་དག་ཡག་པོ་མ་བྱས་པས་ལན་པ་རེད། དགོངས་དག་ཞུ། བྱེད་སྒྲ་དེ་མེད་པ་རེད། (བླ་མ་ཙོང་ཁ་བློ་བཟང་གྲགས་པ་(ཡིས)།། ཞེས་པ་དེ་ཡི་ལ་ཆོས་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme