Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྨན་རམས་པ་དཀོན་མཆོག་ཚེ་བརྟན།

Posted on 2010-02-172010-02-17 By ཁ་བརྡ་ 13 Comments on སྨན་རམས་པ་དཀོན་མཆོག་ཚེ་བརྟན།

konchoe1
སྨན་རམས་པ་དཀོན་མཆོག་ཚེ་བརྟན། མདོ་སྨད་རེབ་གོང་ནས་སྐྱེས། སྤྱི་ལོ་༡༩༩༥ལོ་ནས་བཟུང་སློབ་ཞོར་དུ་རོང་བོ་དཔལ་གྱི་དགོན་ཆེན་དང་རྨ་ལྷོ་བོད་ལུགས་སྨན་ཁང་དུ་དགེ་བཤེས་འཇིགས་མེད་བརྩོན་འགྲུས ། དབྱིག་གཉེན། ལྷ་རྗེ་བྲག་སྣ་བའི་རང་ལུགས་འཛིན་པ་དཀའ་ཐུབ་ཚེ་རིང་བཅས་ཀྱི་མདུན་ནས་བོད་ཀྱི་གསོ་བ་རིག་པའི་ཕྱི་མོ་དཔལ་ལྡན་རྒྱུད་བཞི་དང་མན་ངག་བཀའ་རྒྱ་མ། མན་ངག་ལྷན་ཐབས་སོགས་ཀྱི་ལུང་དང་ལག་ལེན་ཐོབ། སྤྱི་ལོ་༡༩༩༧ལོར་རེབ་གོང་མི་རིགས་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་ནུབ་བྱང་དགེ་འོས་སློབ་ཆེན་གྱི་དངོས་ཁམས་རིག་པ་དང་གློག་རྡུལ་ཆ་འཕྲིན་སྡེ་ཁག་ནས་དངོས་ཁམས་རིག་པ་བགྲང་བྱ་བཞིའི་རིང་སློབ་གཉེར་བྱས། ༡༩༩༨ལོར་ནག་རྒྱ་སྨན་རབས་དྲུག་པ་མི་བསྐྱོད་མཁས་གྲུབ་རྒྱ་མཚོ་མཆོག་དང་ཁོང་གི་ཐུགས་སྲས་སྔགས་འཆང་འཇིགས་མེད་རང་གྲོལ་རྣམ་གཉིས་ཀྱི་མདུན་ནས་མི་ཕམ་ལུགས་ཀྱི་རྩ་ཆུའི་འགྲེལ་བའི་ལག་ལེན་དམར་ཁྲིད། ནག་རྒྱ་སྨན་རབས་ཀྱི་མན་ངག་སྣ་ཚོགས། བཤད་རྒྱུད་ཀྱི་འགྲེལ་བ་ཟུར་མཁར་ཞལ་ལུང་དང་དེའི་མཐའ་དཔྱོད ། ཟུར་མཁར་བའི་ལུགས་ཀྱི་དབུ་རྐྱང་རོ་གསུམ་གྱི་རྒྱས་བཤད་དང་རྡོ་རྗེ་ལུས་ཀྱི་སྦས་བཤད་སོགས་ཤིན་ཏུ་ཕྲ་བའི་ལུས་དངོས་པོའི་རྣམ་གཞག་སོགས་ལ་བག་ཆགས་མི་དམན་པ་བཞག་མྱོང་།༢༠༠༠ལོར་མདོ་སྨད་གསོ་རིག་བསྟན་པའི་ཉིན་བྱེད་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཐུགས་སྲས་སྨན་པ་ཚེ་བཀྲ་ལགས་ཀྱི་མདུན་ནས་རྒྱུན་མཐོང་ནད་ཀྱི་བརྟག་དང་བཅོས་ཐབས། སྨན་སྣ་ངོས་འཛིན་དང་དུག་འདོན་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་གང་མང་ཞིག་ཐོབ་པའི་སྐལ་བ་ལྡན། ཉིས་སྟོང་ལོ་ནས་བཟུང་རེབ་གོང་སྔགས་མང་གི་དགེ་བསྐོས། མཚོ་སྔོན་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྔགས་འཆང་རྟ་མགྲིན་རྒྱལ་གྱི་མདུན་ནས་མི་ཕམ་མཁས་འཇུག་དང་རྒྱུད་བཞིའི་དཀའ་མཆན། ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག སྐྱེམས་འགྲེལ། གསང་སྔགས་ཟབ་དོན། སྔགས་རྙིང་མའི་སྐྱབས་འགྲོ་སེམས་བསྐྱེད་སོགས་ལ་ཐོས་བསམ་མི་དམན་པ་བྱས་ཤིང་༢༠༠༧ལོར་བོད་ལུགས་གསོ་བ་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མའི་ཡོན་ཚད་ཀྱི་ཐོབ་ཐང་བླངས་། ༢༠༠༤ལོར་དེང་རབས་གསོ་རིག་གི་ཆ་རྡུལ་སྐྱེས་དངོས་རིག་པ་དང་ཕྲ་ཕུང་རིག་པ། གསོ་རིག་སྡོམ་རྩིས་རིག་པ། སྲོག་ཆགས་ཚོད་ལྟའི་སྐོར་སོགས་ཞིབ་འཇུག་གི་རྨང་གཞིར་གྱུར་བའི་རིག་ལམ་དང་བྱེད་ཐབས་ལ་བག་ཆགས་མི་དམན་པ་བཞག་མྱོང་། རྒན་ཆེན་མོ་རྟ་མགྲིན་རྒྱལ་མཆོག་གི་ཐུགས་བཞེད་དང་བོན་རྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་ངོ་སྤྲོད་བརྒྱུད་བོད་ལྗོངས་ནགས་ཆུ་ས་ཁུལ་ནས་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱི་བསྟན་པ་འཛིན་པ་བོན་གྱི་གསོ་རིག་སྨྲ་བ་ཨ་རྒྱ་མཆོག་གི་མདུན་དུ་དེང་གི་དུས་འདིར་གླེགས་བམ་གྱི་མལ་དུ་ཤོར་ལ་ཉེ་བའི་རྩ་སྦྱོངས་དང་གཏར་གའི་སྐོར་གྱི་ལག་ལེན་ཆ་ཚང་ཞིག་བླངས་ཤིང་མཐར་ཕྱིན་དཔྱད་རྩོམ་ལ་གཏར་གའི་ལག་ལེན་ལས་སྦས་པའི་གཏར་རྩ་དྲུག་ཅུ་ལྷག་གི་ཕན་ཡོན་དང་བརྡེག་སྟངས་སོགས་དངོས་སུ་པར་བརྒྱབས་ནས་ཆ་ཚང་བ་ཞིག་བྲིས་མྱོང་། མཚོ་སྔོན་བོད་ལུགས་སྨན་ཁང་དུ་སྨན་པའི་ལས་ཀ་གཉེར་དུས་རྒྱ་ཡེ་བློ་བཟང་ཉི་མ་དང་གནམ་ལྷ་མཁར་གཉིས་ཀྱི་དྲུང་ནས་ཉམས་མྱོང་མི་ཉུང་བ་ཞིག་བླངས་མྱོང་། ༢༠༠༧ལོ་ནས་ཨ་རིའི་སི་ཐན་ཧྥོ་ངྷི་གཙུག་ལག་སློབ་ཆེན་གྱི་གསོ་རིག་འཛིན་གྲྭ་ལ་བོད་ཀྱི་གསོ་བ་རིག་པ་ངོ་སྤྲོད་བྱས་ཤིང་ལོ་རེའི་ཟླ་ངོ་གཅིག་ལྷག་གི་རིང་ལ་རྩ་ཆུའི་བརྟག་ཐབས་ཀྱི་ཁྱད་ཆོས་རང་ལུགས་མི་བསྐྱོད་ལུགས་ལྟར་མཚམས་སྦྱོར་བྱས་མྱོང་།༢༠༠༨ལོར་བྱང་ཨ་རིར་བརྟོལ་ནས་བོད་ལུགས་གསོ་བ་རིག་པའི་མཁྱུད་དཔྱད ། དབྱུག་བཅོས། བསྐུ་མཉེ། རླངས་ལུམས་སོགས་བྱ་སླ་ཞིང་ཕན་ནུས་ཕུན་སུམ་ཚོགས་པ་མོད་པའི་དཔྱད་བཅོས་ཀྱི་རིགས་ཨ་རིའི་གྲོང་ཁྱེར་ནིག་ཡོག་ན་ལག་ལེན་བྱེད་བཞིན་བསྡད་ཡོད །།

གསོ་རིག་ལག་ལེན་ཐད་ཀྱི་བསམ་འཆར་འགའ།

བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་སྒེར་ཆོས་ནི་བོད་བརྒྱུད་ནང་བསྟན་གཞུང་ལུགས་དང་འབྲེལ་ཆེ་བས་འཛམ་གླིང་གི་ཡུལ་གྲུ་གང་ན་ནང་ཆོས་ཀྱི་བསྟན་པ་དར་ཡོད་ན་དེ་ན་བྱིན་རྟེན་རིལ་བུ་དང་རིན་ཆེན་རིགས་ཀྱི་རིལ་བུ་མེད་པ་ཕལ་ཆེར་མེད་ཅེས་ལབ་ན་ཆོག ། འདི་ནི་རིག་གཞུང་འདི་ལ་ཐུན་མིན་དུ་གནས་པའི་ཁྱད་ཆོས་ཤིག་ཡིན་པས་རྟོག་གེ་བ་གང་མང་ཞིག་གི་བློ་ངོར་ཆེས་གསང་བ་དང་ཡ་མཚར་ཆེ་བའི་རིག་གཞུང་ཞིག་གི་བག་ཆགས་བཞག་ཡོད་མོད། བསྟན་པ་འདི་འཛམ་གླིང་ཡོངས་ལ་སྤེལ་ན་དེ་ཙམ་གྱིས་ནུས་པ་བླ་ལྷག་ཞིག་འདོན་མི་ཐུབ་པས་ངེས་པར་ཏུ་ཁོར་ཡུག་དང་བསྟུན་ནས་བསྟན་པ་འདི་སྤེལ་རྒྱུ་ནི་དེང་གི་དུས་འདིར་ང་ཚོ་ཕྱི་རབས་པ་དག་གི་ཕྲག་ལ་བབས་ཡོད་པའི་འོས་འགན་ཉག་གཅིག་རེད ། མིག་སྔར་གྱི་གནས་བབས་ལ་གཞིགས་ན་ཀྲུང་ལུགས་གསོ་རིག་ནི་བྱང་ཨ་རིའི་ཡུལ་ན་ཆེས་ཆེར་དར་རྒྱས་སུ་སོང་ཡོད་པས་འབྲེལ་ཡོད་ཀྱི་ཁྲིམས་མཐུན་ཡིག་ཆ་གང་མང་ཞིག་གི་ཆོག་མཆན་ཐོབ་ཡོད ་ལ། རྒྱ་རིགས་གཙོ་བྱས་པའི་རང་བྱུང་སྐྱེ་དངོས་སྨན་རྫས་ལ་དད་མཁན་ཡོངས་ཀྱིས་དགའ་བསུ་ཐོབ་བཞིན་པ་དཔེར་ན་དངུལ་ཁབ་དང་སྨན་རྫས་ལག་ལེན་བྱེད་བཞིན་པ་ལས་ཀྱང་ཤེས་སྲིད ། འོན་ཀྱང་བོད་ཀྱི་གསོ་བ་རིག་པ་ནི་སྲོལ་རྒྱུན་གསོ་རིག་ཆེན་པོ་བཞིའི་ནང་གསེས། ལོ་རྒྱུས་དང་རིག་གཞུང་གི་རྨང་གཞི་བརྟན་པའི་གཞུང་ལུགས་ཤིག་ཡིན་པ་གནའ་དེང་གི་ཤེས་ནས་སྨྲ་བ་ཀུན་གྱིས་བཞེད་མོད་འཕེལ་རྒྱས་ཀྱི་གནས་བབས་ནི་གཞན་ལས་ལྡབ་འགྱུར་གྱིས་རྗེས་སུ་ལུས་ཡོད་པ་ནི་ཡིད་སྐྱོ་བའི་ཚུལ་རེད ། དེི་ནི་སྤྱིར་མི་རིགས་ཤིག་གི་རིག་གཞུང་དེང་རབས་ཅན་གྱི་རྗེས་སུ་བསྙེག་ནས་ཕྱི་ཕྱོགས་ལ་སྤེལ་དགོས་ན་རང་མི་རིགས་དང་རྒྱལ་ཁབ་ཀྱིས་གཙིགས་ཆེན་བྱེད་དགོས་པ་ནི་རྩ་བའི་ཆ་རྐྱེན་ཉག་གཅིག་ཏུ་འཁུམས་པས་ཕྱི་རྐྱེན་དང་ནང་རྐྱེན་གང་མང་ཞིག་གིས་ཀྲུང་ལུགས་དང་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་ཆ་ཤས་ཤིག་ཏུ་བགྲངས་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་དུ་དར་སྤེལ་འཐུས་ཚང་ཞིག་བྱེད་ཐུབ་མེད་པ་ནི་ལོ་རབས་ལྔ་བཅུ་ལྷག་གི་བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ཀྱི་སྤྱིའི་གནས་བབས་རེད་ཞེས་གླེང་ན་ཆོག་།

གཞི་བརྟག་གསོ་བ་གསུམ་གྱི་ཐད་ལ་ཐུན་མིན་གྱི་ཁྱད་ཆོས་མཆིས་པ་ནི་རིག་གཞུང་འདི་དང་ནང་བསྟན་རིག་པའི་ལྟ་བའི་འཐེམས་ལ་མངའ་བརྙེས་པ་ཞིག་མིན་ཚེ་དེ་ཉིད་རྟོགས་མི་ཐུབ་པ་སྔོན་བྱོན་ཚེ་རིག་སྨྲ་བ་དག་གི་རྣམ་ཐར་ལས་ཤེས་སྲིད ། དེ་འདྲའི་གཏིང་ཟབ་ཅིང་དཔོགས་པར་དཀའ་བའི་རིག་པའི་གཞུང་ལུགས་ཤིག་ཚན་རིག་ལག་རྩལ་གྱི་ཕ་ས་ལྟ་བུར་གྱུར་བའི་རྒྱལ་ཁབ་འདི་ནས་དར་སྤེལ་གཏོང་དགོས་ཚེ་ཐོག་མ་ནས་སྤྱི་ཚོགས་སྟེང་བག་ཆགས་ལེགས་པོ་ཞིག་འཇོག་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད་བསམ། རྒྱལ་ཁབ་འདིའི་མི་མང་པོ་ཞིག་གིས་བོད་ཀྱི་གསོ་རིག་གིས་འབྲས་ནད་ཀྱི་རིགས་སྔོན་འགོག་དང་གསོ་བཅོས་བྱེད་ཐུབ་པར་ཡིད་ཆེས་དང་རེ་བ་བྱེད་བཞིན་མཆིས། དེ་ནི་སྐུའི་བླ་སྨན་ཡེ་ཤེས་དོན་ལྡན་མཆོག་གིས་ནད་པ་མི་ཉུང་བ་ཞིག་འབྲས་ནད་ཡིན་པར་ཐག་བཅད་ཡོད་པར་བོད་སྨན་གྱིས་གསོ་བཅོས་བྱས་ནས་ཕན་བསྐྱེད་བྱུང་བས་རེད ། དེ་ལས་གཞན་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་མི་ཉུང་བ་ཞིག་ལ་གཞིགས་ན་ལུས་སྦྱོང་དང་སྒོམ་གྱིས་སེམས་ཀྱི་ནད་དང་གསོ་དཀའ་བའི་ནད་རིགས་འགའ་ལ་ཕན་ཐོག་ངེས་ཅན་ཡོད་པར་ཚན་རིག་གིས་ར་སྤྲོད་བྱས་ཡོད་མོད ། འོན་ཀྱང་བོད་ཀྱི་གསོ་བ་རིག་པའི་གཞུང་ལས་བསྟན་པའི་དུག་གསུམ་གྱིས་ཉེས་གསུམ་བསྐྱེད་ཚུལ་དང་མིའི་རང་བཞིན ། ཕྱི་དུས་བཞིའི་འགྱུར་བ་སོགས་ལ་རྐྱེན་བྱས་ནས་ནང་དོན་སྣོད་ལ་འགྱུར་བ་ཐེབས་པའི་གནས་ལུགས་ངོ་སྤྲོད་དང་དེ་ལྟར་ནད་གཞི་ངོས་འཛིན་བྱེད་པར་དེ་འདྲའི་རྨང་གཞི་བརྟན་པོ་ཞིག་ཆགས་མེད་པར་འདོད ། རྒྱུ་མཚན་ནི་བོད་སྔ་རབས་ཀྱི་གསོ་རིག་སྨྲ་བ་དག་གིས་ནི་རྒྱུད་ལས་བསྟན་པ་ནང་བཞིན་ནད་གཞི་ངོས་འཛིན། གསོ་བཅོས་བྱས་ནས་བརྒྱུད་ཡོང་བ་ཁོ་ཚོའི་མྱོང་བྱང་དང་ཟིན་ཐོ་སོགས་ལ་གཟིགས་ཚེ་ནད་གཞི་བྱེ་བྲག་དམིགས་ཀྱིས་བཀར་ནས་མི་འགྱུར་བའི་གཟེར་ཅི་འདྲ་ཞིག་ཡིན་པར་གཏན་འབེབས་བྱས་ཡོད་པ་ལ་རྟོགས་དཔྱོད་དང་ཞིབ་འཇུག་བྱེད་དགོས་མོད ། མིག་སྔར་གྱི་གནས་བབས་ལ་གཞིགས་ན་བོད་སྨན་དང་ཕྱི་སྨན་ཟུང་འབྲེལ་བྱེད་བཞིན་མཆིས་པས་རང་ལུགས་ཀྱི་བལྟ་རེག་དྲི་གསུམ་ལས་བལྟ་རེག་གཉིས་ཀྱི་བརྟག་ཐབས་ཉམས་ལ་ཉེ་བ་ནི་བོད་ཀྱི་གསོ་རིག་གཙོ་བྱས་པའི་འཛམ་གླིང་སྲོལ་རྒྱུན་གསོ་རིག་ཡོངས་ལ་གནས་པའི་གནས་དོན་ཞིག་རེད། འདི་ནི་སོ་སོ་སྒེར་གྱི་ངོས་ནས་འཐུས་ཚང་དུ་གཏོང་དགོས་པས་གཞུང་དང་ལག་ལེན་གྱིས་ཕྱུག་པའི་རྒན་རབས་པ་དག་ལ་དོགས་འདྲི་སྒོས་མྱོང་ཁྲིད་ཀྱི་སྐོར་གང་མཁོ་འཐོབ་པར་འབད་པ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་འདོད །

རང་བྱུང་སྨན་རྫས་ཀྱི་སྐོར་ལ་ཡིད་ཆེས་དང་ཞིབ་འཇུག་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས། གོ་སྐབས་འདི་དམ་འཛིན་བྱས་ཏེ་བོད་ཀྱི་སྨན་རྫས་ལས་སྔོ་ཡི་སྨན་གྱི་ནུས་པ་འདི་འཛམ་གླིང་ཡོངས་ལ་ངོ་སྤྲོད་བྱེད་ཐུབ་ན་རང་བཞིན་གྱིས་བོད་སྨན་ལག་ལེན་བྱེད་ཐུབ་པ་ཀྲུང་ལུགས་གསོ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ལས་ཤེས། བོད་ཀྱི་སྨན་རྫས་ངོས་འཛིན་དང་ནུས་པ་སོགས་ལ་ཞིབ་འཇུག་བྱེད་དགོས་ཚེ་དཔལ་ལྡན་རྒྱུད་བཞི ། ཤེལ་གོང་ཤེལ་ཕྲེང་ ། མཐོང་བ་བརྒྱུད་པའི་ཕྱག་ལེན་སོགས་ལ་གཞི་བཅོལ་ནས་ངོས་འཛིན་དང་སྡེབ་སྦྱོར་བྱེད་དགོས། དེང་གི་དུས་འདིར་མདོ་དབུས་ཁམས་གསུམ་ནས་ངོས་འཛིན་བྱས་པའི་དེབ་ཀྱི་རིགས་དང་པར་རིགས་སྣ་ཚོགས་ཡོད་པས་ཕལ་ཆེར་ངོས་འཛིན་གྱི་ཐད་ལ་དེ་འདྲའི་ཁྱད་པར་མེད་པ་ནི། ཉེ་རབས་བོད་ཀྱི་གསོ་རིག་མཁས་དབང་དག་གི་མཛད་རྗེས་རེད ། ཕྱི་ཕྱོགས་ལ་ངོ་སྤྲོད་བྱེད་དགོས་ཚེ་ངོས་འཛིན་བྱས་པ་ཙམ་གྱིས་ནི་མི་ཆོག་པས་དེང་རབས་ཚན་རིག་གིས་དུག་རྫས་ཀྱི་འདུས་ཚད ། གྲུབ་ཆ་ ། ཕན་ནུས་སོགས་གཏན་འབེབས་བྱས་པ་རྩ་བར་བཟུང་ནས་བོད་སྨན་གྱི་རོ་ནུས་ཞུ་རྗེས་ཡོན་ཏན་གྱི་དགོངས་པས་ཟུར་རྒྱན་ན་སོ་སོའི་ཁྱད་ཆོས་ལྡན་ཞིང་ཕ་རོལ་པས་གོ་སླ་ཞིང་ཡིད་ཆེས་བྱེད་ཐུབ་པས་མ་འོངས་པར་འདིའི་ཕྱོགས་ལ་ཞིབ་འཇུག་བྱ་རྒྱུ་ནི་རང་གཞན་གཉིས་ཀར་སྨན་པའི་ཐབས་ལམ་ཉག་གཅིག་རེད་སྙམ། དེ་ལྟར་མ་ཡིན་པར་སྔར་བཞིན་ཟིན་ཏིག་དང་མན་ངག་ལུགས་ཀྱི་སྦྱོར་སྡེ་སོགས་ལ་གཞི་བཅོལ་ནས་རིག་པའི་ཁ་བསྒྱུར་མ་བྱས་ན་སྨན་གྱི་ནུས་པ་དེ་འདྲའི་ཐོན་མི་ཐུབ་པས་ཡོད་ཚད་སྔ་རབས་མཁས་པ་དག་གིས་གཏན་འབེབས་བྱས་པའི་སྦྱོར་སྡེ་ཁོ་ན་ལ་བསྟེན་ན་རོ་ནུས་ཞུ་རྗེས་ཀྱི་སྦྱོར་སྡེ་དང་ཡོན་ཏན་བཅུ་བདུན་གྱིས་མཚན་ཉིད་ཉི་ཤུ་འཇོམས་སྟངས་སོགས་ཆེས་གཏིང་ཟབ་ཅིང་རྟོགས་དཀའ་བའི་བོད་སྨན་གྱི་ཁྱད་ཆོས་ཉམས་འགྲོ་བ་ནི་གདོན་མི་ཟའོ ། དེ་བས་སྨན་སྣ་ཉུང་ཞིང་སྒྲུབ་སླ་བའི་རིགས་དཔེར་ན་སེ་འབྲུ་ལྔ་བ་ལྟ་བུའི་སྦྱོར་སྡེ་ནི་ཨ་རི་ནས་སྟབས་བདེའི་ངང་མངགས་ཉོ་བྱེད་ཐུབ་པས་མཐའ་གཅིག་ཏུ་བོད་སྨན་གྱི་སྦྱོར་སྡེ་ཡོད་ཚད་བོད་ནས་སྒྲུབ་དགོས་པའི་ངེས་པ་ནི་མེད ། བོད་ནང་དང་ཕྱིའི་རྒྱལ་ཁབ་ཁག་ན་ཡོད་པའི་ང་ཚོ་ཕྱི་རབས་པ་དག་གིས་རང་ལུགས་གཞིར་བཟུང་ནས་གཞན་གྱི་ལེགས་པའི་ཆ་ལེན་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་པས་ལྟ་བ་མཁྲེགས་འཛིན་མི་བྱེད་པར་སོ་སོ་འཚོ་སྡོད་བྱེད་ཡུལ་གྱི་སྔོ་སྨན་གྱི་རིགས་ལ་རྟོག་དཔྱོད་བྱེད་ཐུབ་ན་དྲང་སྲོང་རིག་པའི་ཡེ་ཤེས་ཀྱི་གསུང་པ་ནང་བཞིན་སྐྱེས་ཚད་མཐོང་ཚད་སྨན་དུ་སྒྲུབ་ནུས་པའི་རིག་ལམ་ཕྲ་མོ་འཆར་བ་གདོན་མི་ཟའོ།།

དཔྱད་བཅོས་ཀྱི་སྐོར་ལས་ཧོར་གྱི་མེ་བཙའ། དུགས། བྱུགས་པ།རྡོ་རྗེ་དབྱུག་པའི་བཅོས། བསྐུ་མཉེ། རླངས་ལུམས་ཀྱི་སྐོར་ནི་སྟབས་བདེ་ཞིང་ཞོར་སྐྱོན་མེད་པས་འཛམ་གླིང་གི་མི་རིགས་སུ་ཡིན་རུང་དེ་ལ་ཡིད་ཆེས་བྱེད་ངེས །དེའི་ཕྱོགས་ཀྱི་མྱོང་བྱང་གཅིག་བསྡུས་ཀྱིས་ལག་ལེན་ཆ་ཚང་བ་ཞིག་བྱེད་ཐུབ་ན་རང་གི་ཁྱད་ཆོས་འབུར་དུ་འདོན་ཐུབ་སྙམ། དེ་ལྟར་མ་ཡིན་པར་ནད་བརྟག་ཙམ་དང་སྨན་སྤྲད་ཙམ་གྱིས་ཕན་བསྐྱེད་འབྱུང་སྲིད་མོད་ཨ་རི་ལྟ་བུ་ཁྲིམས་མཐུན་གྱི་རྒྱལ་ཁབ་ནས་ཐད་ཀར་ནད་གཞི་ངོས་འཛིན་དང་གསོ་བཅོས་བྱེད་མི་ཆོག་པས་ཁྱབ་བསྒྲགས་ཀྱི་ནུས་པ་ཇེ་ཆེར་འགྲོ་མི་སྲིད །དེ་བས་དཔལ་ལྡན་རྒྱུད་བཞི་དང་གཞན་པའི་ལག་ལེན་སྣ་ཚོགས་ཀྱི་དགོངས་པ་ལ་གཞི་བཅོལ་ནས་དེང་རབས་ཀྱི་སྤྱི་ཚོགས་དང་མཐུན་པར་ལག་ལེན་ཚུལ་ལྡན་བྱས་ན་བསྟན་པ་འདིའི་ཚེ་སྲོག་གི་རྒྱུན་ཡུན་རིང་པོར་བསྲིང་ཐུབ་བོ་སྙམ །།

སྣ་ཚོགས།

Post navigation

Previous Post: ལོ་སར་དོགས་གཅོད།
Next Post: མང་དྲགས་ན་གད་སྙིགས་རེད།

Comments (13) on “སྨན་རམས་པ་དཀོན་མཆོག་ཚེ་བརྟན།”

  1. ཤེས་རབ་སེངྒེ། says:
    2010-02-17 at 2:11 am

    ཨོ་ངོ་སོ་ཅིག་བསྟོད།   ངོ་མ་མི་བུ་རིན་ཐང་ཅན་ཞིག་ཡིན་ས་རེད།   བསམ་དོན་ཐམས་ཅད་ལྷུན་གྱིས་གྲུབ་པར་སྨོན།    

  2. སྒང་ནེ་འཇིགས་མེད་ says:
    2010-02-17 at 2:18 am

    ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག སླད་བོད་ནང་གི་མཁས་པ་འདྲ་མིན་གྱི་ལོ་རྒྱུས་དྲ་ཐོག་ཏུ་བཀོད་ཐུབ་ན་ཕན་ཐོགས་ཆེན་པོ་འདུག་པས་མུ་མཐུད་འགོད་རོགས་གནང༌།

  3. ཚངས་དབྱངས། says:
    2010-02-17 at 8:53 pm

    འདི་ན་ཡང་བོད་ཀྱི་རིག་གཞུང་སྤེལ་བའི་ཕོ་རྒོད་གཅིག་འདུག སེམས་གཏིང་ནས་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ། ནིའུ་ཡོག་གི་རྒྱའི་གྲོང་ཁྱེར་Falushing ཟེར་བར་རྒྱའི་ཚོང་པ་ཞིག་གིས་བོད་ཀྱི་ལུམ་གྱི་ཚོང་ཁང་ཞིག་སྒོ་ཕྱེ་ནས། བོད་པའི་ཨེམ་ཆི་འགའ་ལ་ནད་བཅོས་བྱེད་དུ་བཀོལ། སེམས་སྐྱོ་པོ་འདུག་ཀྱང་བྱ་ཐབས་བྲལ།

    ཞར་ལ་ངའི་ངོ་ཤེས་བོད་པའི་ཨེམ་ཆི་ལོ་ཆུང་མ་ཞིག་ཡོད། ཁོང་ལ་ལས་ཀ་གཅིག་སྤྲོད་ཨེ་ཐུབ། ཐུགས་རྗེ་གཟིགས། འདི་ཞུ་བ་ངོ་མ་ཡིན། ཁོང་ལྷ་ས་བོད་སྨན་སློབ་གྲྭ་ནས་འཐོན། ལོ་བརྒྱད་ཙམ་སྨན་པའི་བྱ་བ་བསྒྲུབས། ད་ལྟ་རྒྱའི་ཟ་ཁང་ཞིག་ལ་སྡེར་མ་ཁྲུ་བཞིན་ཡོད། 

  4. ཀརྨ་རྡོ་རྗེ་ says:
    2010-02-18 at 6:07 am

    ངའི་མཐོང་བའི་ཡཱུ་ཏཱུབ་ནང་ལ་བོད་ཀྱི་གསང་དགོས་པའི་འཁྲུལ་འཁོར་སྟོན་ཐལ་ཤོར་འདུག་འདུག ཡང་དགོས་པའི་བོད་ཀྱི་སྨན་གཞུང་ནང་གི་བསྐུ་མཉེ་བྱུག་པ་སོགས་སྦས་གསང་བྱས་ནས་མཐོང་རྒྱུ་མི་འདུག་དེ་ནི་དེ་བས་ཀྱང་ནོར་བརེད། ཡོད་ན་སྟོན་རོགས་གནང་།

  5. ཙན་དན་ལོ་མ། says:
    2010-02-18 at 10:53 am

    འདིར་ཕྱི་རྒྱལ་ན་ཡོད་པའི་བོད་ཀྱི་སྨན་པ་ཚོས་གཟབ་ནན་བྱེད་དགོས་པ་གཅིག་ནི། སློབ་ཡོན་ཆེན་པོ་བླངས་ནས་དུས་ཡུན་ཐུང་ཐུང་ནང་བོད་ཀྱི་སྨན་པ་བསྐྱེད་ཐུབ་པའི་མཁས་ལེན་བྱེད་བཞིན་པ་ཁྲིམས་མཐུན་གྱི་བསམ་བློ་ཞིག་མ་རེད་དྲན། བོད་ནང་ལ་མཚོན་ན་འབྲེང་རིམ་སྨན་སློབ་ཐོན་པར་ཉུང་མཐར་ལོ་བཞི་དང་། དེ་ནས་སྨན་གྱི་་སློབ་གྲྭ་ཆེན་མོར་ལོ་ལྔ་དྲུག་དགོས་ཀྱང་། ཕྱི་རྒྱལ་ཁག་སླ་བཅོས་དང་ཁྲིམས་འགལ་གྱི་འགྲོ་ལུགས་མང་པོ་མཐོང་རྒྱུ་འདུག སླ་བཅོས་བྱས་དྲགས་ན་མ་རིང་བར་བོད་སྨན་གྱི་རིན་ཐང་དང་ཕན་ནུས་མེད་པ་ཆགས་ཉེན་འདུག

  6. ཙན་དན་ལོ་མ། says:
    2010-02-18 at 11:04 am

    ཚངས་དབྱངས་ལགས། གོང་གི་བོད་སྨན་པ་དེ་ཚོར་ཚད་ལྡན་དང་ལག་ཁྱེར་ངོ་མ་ཡོད་ན། རིམ་པའི་ས་གནས་དེའི་འཕྲོད་བསྟེན་ལས་ཁུངས་ (Health Department) སོང་ནས་རང་ཉིད་ངོ་སྤྲོད་དང་ལག་ཁྱེར་དེབ་བསྐྱེལ་བྱེད་ཨེ་ཐུབ་ལྟ་དགོས་པ་རེད། ཡང་རང་གི་ཐོག་མའི་ཤེས་ཡོན་དང་ལག་ཁྱེར་ཡོད་པའི་སྒང་ལ་ས་གནས་དེ་ནས་ཁྲིམས་མཐུན་གྱི་འཕྲོད་བསྟེན་དང་འབྲེལ་བའི་སློབ་སྦྱོང་ Therapy ཞིག་བྱས་ལག་ཁྱེར་ལེན་དགོས་པ་རེད། གནས་སྐབས་དཀའ་ངལ་འཕྲད་བཞིན་པ་དེ་ཙམ་གལ་ཆེན་པོ་མ་རེད། ཡུལ་དེའི་ཁྲིམས་དང་མཐུན་པའི་ཐོག་ནས་སྨན་གྱི་ལས་ཀ་བྱེད་སྟངས་མི་གཞན་ལ་ཉམས་མྱོང་དྲིས། མིག་གི་ལྟོས་ནས་ཉམས་མྱོང་བསགས་དགོས་པ་རེད།
    དཔེར་ན་རྒྱ་མི་ཚོང་བ་དེས་བོད་ཀྱི་ལུམས་ཀྱི་ཚོང་ཁང་སྒོ་ཕྱེ་ནས་བོད་ཀྱི་སྨན་པ་ལས་ཀར་བཀོལ་བཞིན་འདྲ་བོ་རེད། ཁོང་གང་འདྲ་བྱས་ནས་ལུམས་ཀྱི་ཚོང་ཁང་དེ་སྒོ་ཕྱེ་བ་དང་དེབ་བསྐྱེལ་བྱས་མིན་ཤེས་ཐུབ་པ་བྱེད་དགོས་པ་རེད། གལ་སྲིད་དཔལ་འབྱོར་གྱི་མ་འདང་བ་ཡིན་ན་བོད་མི་ནང་ཁུལ་ཆིལ་སྒྲིལ་དང་མ་རྩ་མཉམ་འཛུགས་བྱེད་མཁན་བཙལ་ནས་ལས་ཀ་བྱེད་དགོས་པ་རེད། གནད་དོན་གཙོ་བོ་སྨན་པ་ཡིན་ཟེར་མཁན་དེ་སླད་མེད་དང་ཤེས་ཡོན་དང་ནུས་པ་ཡོད་མཁན་ཞིག་དགོས་པ་དེ་རེད།

  7. ཙན་དན་ལོ་མ། says:
    2010-02-18 at 11:10 am

    ད་དུང་སྨན་པ་བུ་མོས་དེས་སྨན་རམས་པ་དཀོན་མཆོག་ཚེ་བརྟེན་ལ་འབྲེལ་བ་བྱེད་རྒྱུ་གལ་ཆེན་པོ་རེད།

  8. གཡུ་འབྲུག་སྔོན་མོ། says:
    2010-02-18 at 11:12 am

    སྨན་རམས་པ་དཀོན་མཆོག་ཚེ་བརྟན་ལགས། ངས་རང་ལ་དྲི་བ་ཞིག་འབུལ་གྱི། ལན་ཞིག་གསུངས་གནང་རོགས་ཞུ། དྲི་བ་ནི་ངས་ཐོས་གསལ་ལྟར་ན་བོད་ཀྱི་སྨན་གཞུང་ནས་གསང་སྨན་ཞེས་པ་ཞིག་ཡོད་ལ། གསང་སྨན་དེ་བརྒྱུད་པ་ཆིག་བརྒྱུད་ཡིན་པས་སློབ་མ་གང་སར་བཤད་མི་ཆོག་པ་ཞིག་རེད་ཟེར།
    འདི་བདེན་པ་ཡིན་ནམ། གལ་ཏེ་བདེན་ན་དེ་ལྟར་གསང་དགོས་པའི་རྒྱུ་མཚན་ག་རེ་ཡོད། གཅིག་གསུངས་རོགས་གནང་ཞུ།

  9. Tenzin Deshal says:
    2010-02-18 at 2:07 pm

    http://news.bbc.co.uk/2/hi/uk_news/magazine/8521957.stm

  10. སྨན་པ་དཀོན་མཆོག་ཚེ་བརྟན་ says:
    2010-02-20 at 7:40 pm

    གསང་སྨན་ཡོད་ཚད་ཆིག་བརྒྱུད་ཡིན་པའི་ངེས་པ་ནི་མེད ། གསང་ནས་གཏོང་དགོས་པའི་རྒྱུ་མཚན་ནི་སྨན་སྣ་ཁ་ཤས་ཀྱི་སྦྱོར་སྡེའི་ནང་དུ་རྫས་རིགས་ཁྱད་པར་བ་ཡོད་པས་དེ་རིགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་གཞན་ལ་གསང་ནས་སྒྲུབ་དགོས་པ་ཡོད ། གལ་ཏེ་མ་གསང་བར་གསལ་བོར་བཤད་ན་ཕ་རོལ་བའི་སེམས་ལ་ལོག་ལྟ་སྐྱེ་སྲིད་དོ ། གཞན་གཏེར་མའི་ལུགས་ཀྱི་སྦྱོར་སྡེ་མང་ཆེ་བའི་ནང་དུ་གསང་སྨན་མང་པོ་གསུངས་ཡོད་པས་དེ་དག་གི་གསང་རྒྱ་རྟོགས་དགོས་ན་ངེས་པར་ཏུ་ལུང་དང་ལག་ལེན་གྱི་ཁྲིད་ཐོབ་དགོས་སོ ། དེ་དག་ནི་ཆིག་བརྒྱུད་ཡིན་པའི་ངེས་པ་ཡོད་དོ །

  11. ཁ་བའི་མེ་ཏོག says:
    2010-02-21 at 6:45 am

    ཁྱོད་སྨད་རམ་པ་ཞིག་ཡིན་ན་འདྲ་སྟག་སྨྱོན་ཡིན་ན་འདྲ་གང་ལྟར་བོད་ཀྱི་གསོལ་རིགས་ལ་གམ་འགྲོས་ཡོད་མཁན་ཞིག་ཡིན་པ་སྙམས་་་་་་སོང་རྩམ་ང་ལ་དྲི་ཆུང་ཞིག་ཡོད་་་་་གཅིག་བྱེད་ན་དེ་ཁྱོད་ལ་ཐད་གྲག་པ་དང་མ་རིན་བ་ཞིག་ཡོངས་སྲིད་ཀྱི་རེད་་་་་་དྲི་བ་ནི་སྨན་ཚ་བ་གསུམ་གང་ཡིན་པ་དང་་་་་་དེའི་སྦྱོར་བྱེད་སོགས་གང་ཡིན་ནམ

  12. rigsang says:
    2010-03-07 at 12:49 am

    very nice and good

  13. zla 'od says:
    2010-08-29 at 1:17 pm

    2010.6.8ཕྱི་དྲོར་མཚོ་སྔོན་བོད་སྨན་ཁང་ནས་ཨ་མེ་རི་ཁའི་མཁས་པ་སྐད་གྲགས་ཅན་ཞིག་གིས་འཆད་ཁྲིད་བྱས་ཐལ་ཟེར། ཁོང་གིས་ངས་ལྷ་སའི་སྐད་རྒྱག་ཤེས་ཀྱང་དེ་ཁྱོད་ཚོས་མི་གོ་བས།ཕན་པ་མེད་པ་དང༌། བོད་སྐད་བོད་སྐད་ལ་ལོ་ཙ་བྱེད་སྲོལ་མེད། དེ་བས་ངས་དབྱིན་ཇུའི་སྐད་བཤད། ཁྱོད་ཚོས་ལོ་ཙ་བྱས་ཞེས་པས་དབྱིན་སྐད་བརྒྱབས་པར། ལོ་ཙ་བ་བོད་ཅིག་ཡིན་མོད་བོད་སྐད་དུ་མི་བསྒྱུར་བར་རྒྱ་སྐད་དུ་བསྒྱུར་ཐལ་ཟེར། ཕྱི་རྒྱལ་གྱི་མཁས་པ་ཞིག་གིས་བོད་ཀྱི་རིག་གནས་སྐོར་བོད་ཀྱི་སྨན་ཁང་ཞིག་ཏུ་བོད་པ་ཚོར་འཆད་ཁྲིད་བྱས་པ། བོད་སྐད་ཀྱི་ལོ་ཙ་མི་བྱེད་པར་རྒྱ་སྐད་དུ་ལོ་ཙ་བྱེད་དགོས་པའི་རྒྱུ་མཚན་ཅི། འདི་ནི་ངོ་ཚ་ཞིག་རེད་ལ། ངོ་ཚ་འདིས་ང་ཚོའི་མི་རིགས་འདིའི་ངོ་བོ་ཚད་གང་འདྲ་ཞིག་ཏུ་ཡོད་པ་ཡང་བསྟན་ཡོད། བོད་སྨན་ཁང་གི་བོད་ཀྱི་རིག་གནས་དང་བོད་ཀྱི་གསོ་རིག་གི་ཚད་ཡང་ཤེས་ཐུབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme