Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོ་སར་དོགས་གཅོད།

Posted on 2010-02-162010-02-16 By དབང་ཕྱུག་ 17 Comments on ལོ་སར་དོགས་གཅོད།

མི་རྐང་གླིང་བུ

༄༅།། གནའ་ ནས་ ད་ ལྟའི་ བར་ དུ་ བོད་ ཡུལ་ སྟོད་ སྨད་ བར་ གསུམ་ དུ་ ལོ་ གསར་ གྱི་ སྤྲོ་ སྐྱིད་ གཏོང་ སྲོལ་ ཡོད་ པ་ འདྲ། འོན་ ཀྱང་ ལོ་ གསར་ སྐབས་ སུ་ སྤྲོ་ སྐྱིད་ གཏོང་ སྲོལ་ འདི་ འགོ་ ག་ དུས་ ཚུགས་ པ་ དང་ ། ཚུལ་ ཇི་ ལྟར་ དུ་ བྱུང་ བ་ སོགས་ ཀྱི་ རྒྱུད་ རིམ་ ཁྲིག་ ཆགས་ སེ་ བ་ ཞིག་ ནི་ ཤེས་ དཀའ་ བའི་ ཚོད་ དུ་ གྱུར་ པ་ མ་ ཟད་ མཛད་ སྒོ་ སོགས་ ཀྱང་ རྒྱས་ བསྡུས་ མི་ འདྲ་ ལ། ཐ་ ན་ ཉིན་ གྲངས་ བཞག་ ཚུལ་ ལའང་ འགྱུར་ བ་ རབ་ དང་ རིམ་ པ་ སོང་ ཡོད་ པར་ ངེས།

དེ་ ཡང་ གནའ་ བོའི་ དུས་ སུ་ ནི།

ལོ་ སར་ ཚེས་ གཅིག་ ནི་ མི་ ཡི་ ལོ་ སར་ ཡིན་ ལ། ཉིན་ དེར་ ཟས་ སྣ་ གང་ འཛོམས་ བཤམས་ ནས་ རང་ རང་ མཆོད་ ཡུལ་ ལ་ འབུལ་ བ་ དང་ ། དེ་ ནས་ རང་ གི་ ལོངས་ སྤྱོད་ ནས་ སྤྲོ་ སྐྱིད་ ཀྱིས་ ཉྀན་ མོ་ དེ་ བསྐྱལ་ ཞིང་ རང་ གི་ ཁྱིམ་ དུ་ སྡོད་ ལ་ གཞན་ གྱིས་ བོས་ ཀྱང་ མི་ འགྲོ་ ལ་ འབོད་ མཁན་ ཕལ་ ཆེར་ མེད། དེ་ ལྟར་ ཕན་ ཚུལ་ འགྲིམས་ འགྲུལ་ མི་ བྱེད་ ལ་ ཐ་ ན་ གད་ གདར་ ཙམ་ ཡང་ མི་ བྱེད་ པར་ སྐྱིད་ ཉལ་ བྱེད་ པ་ ཡིན།

དེའི་ ཕྱི་ ཉིན་ ཏེ་ ཚེས་ གཉིས་ ཉིན་ མོ་ ནི་ ཁྱི་ ཡི་ ལོ་ སར་ རེད། ཁྱི་ ལ་ དགའ་ བའི་ ཤ་ ཁྲག་ དང་ འོ་ ཞོ་ སོགས་ ཀྱིས་ ཟས་ སྣ་ གྱ་ ནོམ་ པ་ སྤྲོད་ དགོས་ པ་ ཡིན།
དེ་ ནི་ སྤྱི་ ཚོགས་ ཀྱི་ འཚོ་ བ་ སྤྱི་ དང་ ལྷག་ པར་ ལོ་ ངོ་ གཅིག་ གི་ རིང་ དུ་ དཔུང་ པ་ མཉམ་ གཤིབ་ ཀྱིས་ མི་ ཡི་ དགོས་ མཁོ་ སྒྲུབ་ པ་ དང་ ། འཚོ་ བའི་ དཀའ་ ངལ་ ལ་ གདོང་ ལེན་ བྱས་ པ་ སོགས་ ཀྱིས་ ཁྱི་ ལ་ མི་ ཡིས་ དྲིན་ བཟོ་ བ་ དང་ ། མི་ དང་ ཁྱི་ ཡི་ བར་ དུ་ བརྩེ་ དུངས་ ལྷད་ མེད་ པར་ དེ་ དག་ མཚོན་ པར་ ཡིན། གནའ་ བོའི་ དུས་ སུ་ སྤྱི་ ཚོགས་ ཀྱི་ ཁྲོད་ ན་ ཁྱི་ ཡིས་ གནས་ བབ་ ཧ་ ཅང་ གི་ ཚད་ མཐོན་ པོར་ བཟུང་ ཡོད་ པར་ ནི་ ཏུན་ ཧོང་ གི་ ཡིག་ རྙིང་ སོགས་ ལས་ ཤེས་ ལ་ སྤྱི་ ཚོགས་ ཀྱི་ ནང་ དུ་ ཡང་ གོམས་ པར་ བྱས་ ནའང་ རྒྱུས་ ལོན་ རེ་ བྱེད་ ཐུབ་ པ་ ཡིན།

ཚེས་ པ་ གསུམ་ ཉིན་ མོ་ འདི་ ནི་ གཞི་ བདག་ གི་ ལོ་ སར་ རེད། འདི་ ནི་ མི་ ཡིས་ དངོས་ སུ་ སྒྲུབ་ མ་ ཐུབ་ པའི་ དོན་ གནད་ དེ་ དག་ ལྷའམ་ གཞི་ བདག་ སོགས་ མི་ ཡི་ ནུས་ པ་ ལས་ བརྒལ་ བའི་ གཟུགས་ མེད་ ཀྱི་ འགྲོ་ བ་ ཞིག་ ལ་ སྐྱབས་ འཚོལ་ བའི་ གདོད་ མའི་ ཆོས་ ལུགས་ ཀྱི་ རྨང་ གཞི་ རུ་ གྱུར་ པའི་ ལྷ་ འདྲེ་ ལ་ གསོལ་ མཆོད་ བྱེད་ པའི་ ཉིན་ མོ་ དེ་ རེད། འདི་ ནི་ རྒྱུན་ དུ་ མི་ དང་ འགྲོགས་ འདྲིས་ ཆེ་ བའི་ རི་ བོ་ དང་ ། ཤིང་ སྡོང་ ། ཆུ་ འགོ། ཕ་ བོང་ སོགས་ པ་ དང་ ། དེ་ ལ་ གནས་ པའི་ གཟུགས་ མེད་ ལྷ་ འདྲེ་ ལ་ སྔར་ བསྒྲུབས་ ཟིན་ པའི་ ལས་ ལ་ བཏང་ རག་ དང་ ། ཕྱིས་ སུ་ བསྒྲུབ་ པར་ འགྱུར་ བའི་ ལས་ ལ་ བསྐུལ་ བའི་ གསོལ་ མཆོད་ སོགས་ མཚོན་ པར་ བྱེད་ པའི་ ལྷ་ འདྲེ་ མཆོད་ པའི་ ཆོ་ ག་ ཞིག་ རེད། ད་ ལྟ་ ལུག་ མགོ་ ཞིག་ གཤམ་ བཞིན་ པ་ འདིའང་ སྐབས་ དེ་ དག་ ཏུ་ དགོས་ ངེས་ ཀྱི་ ཡོ་ བྱེད་ དམར་ མཆོད་ ཀྱི་ དངོས་ པོ་ ཞིག་ གི་ ལྷག་ མ་ མིན་ ན་ མཆོད་ པའི་ ནང་ དུ་ ལུག་ མགོ་ ཞིག་ ཅི་ རེད། ངས་ བསམ་ ན་ དང་ ཐོག་ ལུག་ གསོན་ པོ་ དམར་ མཆོད་ བྱས། དེ་ རྗེས་ ལུག་ ཤ་ བུབས་ དང་ ། དེ་ ནས་ ལུག་ མགོ་ དང་ ། དེང་ དུས་ ནི་ ལུག་ མགོའང་ རྫུས་ མ་ ཞིག་ གིས་ ཚབ་ བྱེད་ པའི་ དུས་ སུ་ སླེབས་ འདུག་ པ་ འདི་ ནི་ དཔྱད་ རིན་ ཡོད་ པའི་ ཤུལ་ ལུས་ ཀྱི་ དཔང་ རྟགས་ བཙན་ པོ་ ཞིག་ རེད་ བསམས།

དེང་ གི་ ལོ་ སར།

དེ་ ནས་ ཕྱིས་ སུ་ རིམ་ གྱིས་ བོད་ ཀྱི་ ལོ་ རྒྱུས་ ཆོས་ ཕྱོགས་ སུ་ བསྙེས་ ཆེས་ པར་ ལྟར་ བུ་ བྱུང་ བའི་ དུས་ སུ་ ནི། རིམ་ བཞིན་ རྒྱལ་ པོ་ ལོ་ སར། བླ་ མ་ ལོ་ སར་ ཟེར་ བ་ སོགས་ བྱུང་ ། ལོ་ སར་ གྱི་ གསོལ་ སྟོན་ སོགས་ ཀྱང་ ཉིན་ དང་ པོ་ ཉིན་ ནས་ དགོན་ པ་ རྣམས་ ཀྱིས་ ཚོགས་ འཚོགས་ པ་ དང་ ། དད་ ལྡན་ རྣམས་ ཀྱིས་ མཆོད་ མཇལ་ དུ་ འགྲོ་ བ་ སོགས་ ཀྱི་ ལམ་ ལུགས་ དར་ བ་ སོགས་ ད་ ལྟ་ སྤྱོད་ བཞིན་ པ་ འདི་ དག་ རེད། འོ་ ན་ བོང་ རྒུར་ རྣ་ ཅོག་ འདི་ ཅི་ རེད། ངས་ མི་ ཤེས། གྲོགས་ པོ་ རྣམས་ ཀྱིས་ ཁུངས་ དང་ ། ལུང། ངག་ སྒྲོས་ སོགས་ ཅི་ འདྲ་ བར་ བདོག་ ཀྱང་ གསུངས་ པར་ མཚལ།།

lll
༼བོང་ རྒུར་ རྣ་ ཅོག འདི་ ངའི་ ཕ་ ཡུལ་ ན་ མེད་ པས་ བཟོ་ ཡང་ མི་ ཤེས། ༽

ཡང་ དོགས་ པ་ གཞན་ ཞིག་ ནི། ལོ་ སྐོར་ བརྩི་ སྟངས་ འདི་ མགོ་ ག་ དུས་ ཚུགས་ པར་ གསལ་ པོ་ མི་ ཤེས་ ལ་ ཏུན་ ཧོང་ ཡིག་ རྙིང་ དུ་ ཁྱིའི་ ལོ་ ལ་ བཙན་ པོ་ ག་ གེ་ མོར་ བཞུགས་ ཟེར་ བ་ དང་ ། བྱ་ གག་ གི་ ལོ་ དང་ ། སྟག་ གི་ ལོ་ སོགས་ ལོ་ སྐོར་ བཅུ་ གཉིས་ ཀྱི་ བརྩི་ སྟངས་ གསལ་ པོ་ འབྱུང་ ལ་ དབང་ ཐང་ དང་ ཁམས་ སོགས་ ནི་ ཕྱིས་ སུ་ ལྷན་ ཐབས་ སུ་ ལྷན་ པ་ ཞིག་ མིན་ ནམ་ སྙམ། འདིའང་ གསུངས་ རོགས།

དཔྱད་རྩོམ།

Post navigation

Previous Post: ལོ་སར་གྱི་དམ་བཅའ།
Next Post: སྨན་རམས་པ་དཀོན་མཆོག་ཚེ་བརྟན།

Comments (17) on “ལོ་སར་དོགས་གཅོད།”

  1. ཆོས་འཁོར་ཚང་། says:
    2010-02-16 at 9:11 pm

    ལོ་གསར་གྱི་མཆོད་པའི་གྲས་སུ་ལུག་མགོ་ལྷག་མ་དེ་ཉིད་གདོད་མའི་ཆོས་ལུགས་ཀྱི་དམར་མཆོད་འབུལ་བའི་བཤུལ་ལྷག་དཔང་རྟགས་སུ་འགྲོ་མིན་གྱི་ཁུངས་ལུང་དཀའ་བས་ཅི་ལྟར་ཡང་། དོན་དངོས་སུ་བསམ་ན། གཡང་རྫས་སུ་བཤམས་པ་ནི་དོན་ཐོག་ཏུ་གནས་པར་སྙམ། གཡང་དཀར་ལུག་ཅེས་པ་འདི་ཉིད་ཕྱ་གཡང་གི་རྟེན་དུ་བརྩི་བས་ཡིག་རྙིང་རྣམས་སུ་དེ་ཡི་མིང་གཞན་དུ་”རིན་ཆེན་རྐང་འགྲོས་”ཞེས་ཀྱང་བྲིས་ཡོད། ལྷག་པར་དཔེ་ཁུངས་འགའ་ན་མཆོད་རྫས་སུ་བཤམས་པའི་ལུག་མགོ་དེ་ཉིད་ལུག་མགོ་སྤྱིར་བཏང་བ་ཞིག་ལས་མི་བྱ་བར་གཡང་གི་རྟེན་དུ་རུང་བའི་”གཡང་རྭ་དགུ་རྭ་དགུ་འཁྱུད་”ཅེས་པ་དེ་ཉིད་དགོས་རབས་ཀྱང་ཤིན་ཏུ་གསལ་བར་བཀོད་འདུག་པས། གཙོ་བོ་གཡང་རྟེན་དུ་བྱས་འདུག་པར་སྙམ་པས་དཔྱོད།

  2. sampa lhundup says:
    2010-02-17 at 12:04 am

    Happy New Year

  3. མི་རྐང་གླིང་བུ། says:
    2010-02-17 at 3:23 am

    ཆོས་འཁོར་ཚང་དགོང་ཚུལ་གསུངས་པར་ཐུགས་རྗེ་ཆེ།
    ད་དུང་ང་ལ་དོགས་པ་ཞིག་འཆར་བྱུང་། ལུག་མགོ་དེ་གཡང་རྫས་མཚོན་བྱེད་ཡིན་ན། བོད་དབུས་ཕྱོགས་སུ་ལུག་མགོ་མཆོད་པའི་གྲས་སུ་བཤམས་པ་ཙམ་མིན་པར་ལོ་སར་གྱི་སྐབས་སུ་ལུག་མགོ་ངོ་མ་ཞིག་བཙོ་ནས་ཟ་གི་ཡོད་པ་འདི་དག་ཅི་རེད། གཡང་ཟ་བ་རེད་དམ།
    འོ་ན་བོང་རྒུར་རྣ་ཅོག་འདི་ཅི་རེད། ཁུངས་གང་རེད། ཅི་མཚོན་་་་་་་་་་་་་་་་་་

  4. གཡུ་འབྲུག་སྔོན་མོ། says:
    2010-02-17 at 9:02 am

    དྲ་གྲོགས་ཚོས་ལོ་གསར་གྱི་སྐོར་དཔྱད་རྩོམ་སྤེལ་བ་ལ་ཐུགས་རྗེ་ཆེ་ཞུ། ང་ནི་འབྲུག་རིགས་ཤིག་ཡིན་ཀྱང་བོད་པའི་ལོ་གསར་སྐོར་དཔྱད་ཞིབ་བྱེད་རྒྱུར་དགའ་མོས་ཡོད། རྒྱུ་མཚན་ནི་ང་ཚོ་འབྲུག་པའི་ལོ་གསར་དང་བོད་པའི་ལོ་གསར་གཉིས་བརྩི་ཐངས་འདྲ་བས་ཡིན། དེས་ན་ངས་སྔོན་ལོ་གསར་སྐོར་དཔྱད་ཞིབ་ཅིག་བྱས་ཡོད་ཀྱང་གྲུབ་འབྲས་རྣམ་དག་ཅིག་རྙེད་མ་བྱུང་། སྐབས་དེར་ང་ལ་དོགས་པ་ཞིག་བྱུང་བ་ནི་དེང་སང་བོད་འབྲུག་དང་རྒྱ་ནག་གིས་བརྩིས་པའི་ལོ་གསར་དེ་ནི་ཧོར་ནས་བྱུང་ཞེས་ཐོས་ཀྱང་དེང་སང་གི་རྒྱ་ནག་དང་བོད་ཀྱི་རྩོམ་པ་པོ་སུས་ཀྱང་ལོ་གསར་དེ་རང་རང་སའི་ཡུལ་ནས་བྱུང་བ་ལས་ཧོར་ནས་བྱུང་བའི་ལོ་རྒྱུས་ཟུར་ཙམ་བརྗོད་རྒྱུ་མེད་པ་དེ་ཡིན།
    གང་ལྟར་ངས་ཐོས་པ་ལྟར་ན་སྔར་ཧོར་གྱི་རྒྱལ་པོ་ཇིང་གིས་ཁཱན་ནམ་ཇིང་གེར་བྱ་བ་ཞིག་གིས་འཛམ་གླིང་ཤར་ཕྱོགས་ཀྱི་རྒྱལ་ཁབ་དུ་མ་ཞིག་དབང་དུ་བསྒྱུར་ནས་དུས་སྟོན་ཆེན་པོ་ཞིག་བརྩི་སྲུང་བྱས་པ་རེད་ཟེར། དུས་སྟོན་དེ་ལོ་བསྟར་བརྩི་སྲུང་བྱེད་བཞིན་པ་ལས་རྗེས་སུ་ལོ་གསར་ཆགས་པ་རེད་ཟེར་ཞིང་དུས་སྟོན་བརྩི་བའི་དུས་ཚོད་དེ་ལོ་འགོར་བརྩི་ཚེ་འགའ་ཞིག་གིས་མ་རངས་ནས་འདི་ཧོར་ལུགས་ཀྱི་རེད་ཅེས་བརྗོད་པས་ཟླ་བའི་མིང་ཡང་ཧོར་ཟླ་ཆགས་པ་རེད་ཟེར་བ་ཐོས།
    གལ་ཏེ་འདི་བདེན་པ་ཡིན་ན་ང་ཚོ་སངས་རྒྱས་པའི་རྗེས་འཇུག་ཚོས་ལོ་གསར་འདི་བརྩི་མི་འོས་པ་ཞིག་དང་གལ་ཏེ་བརྩི་ན་ཡང་དགའ་སྤྲོའི་ཐོག་མ་ཡིན་པར་མྱ་ངན་གྱིས་བརྩི་དགོས་པ་ཞིག་རེད་འདུག རྒྱུ་མཚན་ནི་ལོ་གསར་དེ་མི་མང་པོ་སྲོག་དང་བྲལ་བའི་དུས་སྟོན་ཞིག་ཡིན་འདུག་པས་སོ།། འདི་ཆོས་ཕྱོགས་ཀྱི་ཐད་ནས་ཡིན་ཅིང་སྲིད་ཕྱོགས་ཀྱི་ཐད་ནས་བསམ་བློ་གཏོང་ཡང་ལོ་གསར་དེ་རྒྱལ་ཁབ་རང་བཙན་ཤོར་བའི་དུས་ཚོད་ཡིན་པས་གཏོང་མི་འོས་པ་ཞིག་རེད་འདུག
    གཅིག་བྱས་ན་ཧོར་ཟླ་དང་པའམ་བོད་ཟླ་དང་པ་ལ་ལོ་གསར་གཏོང་བ་ནི་ང་རང་ཚོའི་བསྟན་པའི་བདག་པོ་སངས་རྒྱས་ཤཱཀྱ་ཐུབ་པས་མུ་སྟེགས་ཀྱི་སྟོན་པ་དྲུག་བཏུལ་བའི་དུས་ཆེན་བརྩི་སྲུང་ཞུ་བ་ཡིན་ནམ་སྙམ་པའི་དོགས་པ་ཞིག་འདུག དཔེར་ན་ཧིན་དུ་བ་ཚོས་རཱ་མ་ཡ་ནས་ར་བ་ན་བསད་པའི་ཉིན་མོར་ལོ་གསར་གཏོང་བ་བཞིན་མིན་ནམ་སྙམ། གལ་ཏེ་དེ་ལྟར་ཡིན་ན་དགའ་དགའ་སྤྲོ་སྤྲོའི་ངང་ནས་ལོ་གསར་གཏོང་འོས་པ་ཡིན་ཀྱང་ཤ་ཁྲག་གིས་སྦགས་པའི་དམར་ཟས་སོགས་སྤྱོད་པའི་འོས་མིན་འདུག་པས་དྲ་གྲོགས་རྣམས་ཀྱིས་ཡང་ཅིག་དཔྱད་པར་འཚལ་ཞུ།

  5. ཀརྨ་རྡོ་རྗེ་ says:
    2010-02-17 at 11:25 am

    བོད་མིའི་ལོ་གསར་བོད་ནང་ས་སྐྱེས་རྡོ་སྐྱེས་རེད།

    བོད་ཀྱི་ལོ་གསར་ནི། བོད་རང་ལ་ས་སྐྱེས་རྡོ་སྐྱེས་ཡིན་ས་རེད། ལོ་གསར་གྱི། ལོ་དེ་ནི་ལོ་ཏོག་ལ་གོ་གོས། ལོ་ཐོག་གསར་པའི་མྱུ་གུའི་ལྗང་པ་ཐོག་མ་ཐོན་ཐུབ་པ་དང་། གཞན་ཤིང་སྣ་རྩྭ་་དང་ལོ་མ་ཐོག་མ་ཤར་བ་དང་། ཡུལ་ལུང་ཁ་ཤས་ལ། ཟླ་བ་དང་པོ་ཤར་སོང་། ཅུ་ལི་མེ་ཏོག་ཤར་སོང་། ཁ་དཔེ་ལ་སོགས་ཀྱིས་ཤེས་ཐུབ།
    ལོ་ཐོའི་དབང་དུ་བྱས་ན། ༡༠༢༧ ལོར་རྒྱ་ནས་དུས་འཁོར་བསྒྱུར་ནས་ལོ་ཐོ། དེའི་སྔོན་ལ་གནམ་རི་སྲོང་བཙན་དུས་སུ་རྒྱ་ནག་ནས་རྒྱ་ནག་ནས་རྒྱའི་རྩིས་དར་ཚར་བའི་བཤད་ཚུལ་གྱི་ལོ་ཐོ། དེ་གཉིས་ལས་ཀྱང་གལ་ཆེ་བ་སྲོང་བཙན་སྔོན་དུ་ཞང་ཞུང་སྨར་ཡིག་ཡོད་མེད་མ་ལྟོས་པར་སྨན་དང་རྩིས་ཤིག་ཡོད་པ་ནི་སུས་ཀྱང་སུབ་ཏུ་མེད་པའི་ལོ་རྒྱུས་ཡོད་རེད།
    ང་ཆུང་ཆུང་སྐབས་ལ་ཡང་། ལོ་གསར་སྐབས་ལ་ནང་མི་རེ་རེ་ལ་ར་མགོའམ་ལུག་མགོ་རེ་ཐོབ་སྲོལ་ཡོད། ད་ལྟའི་ལུག་མགོ་དེ་ནི་སྔར་དམར་མཆོད་ཀྱི་ཤུལ་ལུས་ཡིནའང་གཡང་ལ་གོ་དགོས། ཡང་པགས་དང་མར་གྱི་བཟོས་ནའང་གཡང་རྟེན་ཡིན་པ་རྩོད་པ་མེད། གཡང་ནི་རྒྱུ་བཟང་པོའམ་འབྲས་བུ་བཟང་པོའི་འབྱུང་ཁུངས་ཞིག་ལ་གོ་དགོས་པས་སོ།།
    ཡང་ཁབ་ཟས་ཆུང་ཙག་མང་པོ་བཟོ་ཤེས་ནས། མཐར་ཁབ་ཟས་ཆེན་པོ་ཅིག་བཟོ་དུས་འདི་ནི་ཆེ་ལ་རིང་བའི་བོང་གུའི་ཨམ་ཆོག་ཆ་འདྲ་བས་དེ་ལྟར་མི་ཐོགས་པ་རེད་སྙམ།
    ཧོར་ཟླ་ཞེས་པའི་ཧོར་དེ་སོག་པོ་ལ་གོ་ནའང་། བོད་ཀྱི་ལོ་གསར་གཏོང་ཡེ་དེའི་ཁུངས་དེ་ཧོར་ལ་གཏུགས་ན་གད་མོ་ཤོར་ཡ་རེད།

  6. ཆོས་འཁོར་ཚང་། says:
    2010-02-17 at 12:18 pm

    མི་རྐང་གླིང་བུ་ལགས། གཡང་རྟེན་དུ་བཤམས་པ་དག་བཟའ་བའི་ལུགས་ངན་མང་ཙམ་དར་ཡོད། དེ་མཚུངས་ཡུལ་ལུང་མང་པོར་ཡི་དམ་དུ་བཅས་པའི་གཏོར་མའང་བཟའ་སྲོལ་འདུག་པས། དེ་དག་ཀྱང་ཡི་དམ་བཟའ་བའི་ཁུངས་སུ་མི་འགྲོ་སྟེ། མ་ཤེས་པའང་སྲོལ་ངན་དུ་དར་བར་སྙམ་མོ། །བོང་བུའི་རྣ་མཆོག་འདིའི་ཁུངས་ཤོད་སྲོལ་མང་བ་ཙམ་ལས་ཡིད་རྟོན་རུང་བ་ཞིག་ད་བར་མ་རྙེད་ཀྱང་། གཙོ་བོ་བཟོ་ལྟའི་ཆ་ནས་དེ་ལྟར་མིང་བཏགས་པ་ཙམ་ལས་དེ་ལ་རྒྱབ་ལྗོངས་རྒྱས་པ་ཞིག་ཨ་ཡོད་སྙམ།
    བོད་ཀྱི་ལོ་གསར་འདི་དང་འབྲེལ་བའི་ཧོར་ཟླའི་སྐོར་གྱི་རྙོག་གཞི་དེ་དག་ལ་རྒྱུ་མཚན་ཆེ་བར་མཐོང་བཞིན་ཡོད། འདི་དག་ལ་བོད་རྒྱའི་དམག་དང་འབྲེལ་བའི་ལོ་རྒྱུས་དང་ས་སྐྱའི་སྐབས་ཀྱི་ཧོར་དང་འབྲེལ་བའི་ལོ་རྒྱུས་སོགས་མང་ཙམ་འདུག་པ་ཡིག་རྙིང་དག་ལ་གཟིགས། གཉིས་སུ་ཧོར་ཟླ་བཅུ་གཉིས་པ་དེ་ཉིད་བོད་ཟླ་དང་པོར་འཁེལ་གྱི་ཡོད་སྟབས། བོད་ཀྱི་ལོ་གསར་གཏོང་དུས་ངོ་མ་དེ་ནི་ཧོར་ཟླ་བཅུ་གཉིས་པའི་ནང་དུ་ཡིན་པར་སེམས་ལ། འདི་དག་ལ་རྒྱབ་ལྗོངས་ཀྱི་ལོ་རྒྱུས་མང་ཙམ་སྣང་ངོ་། །འོན་ཀྱང་ད་ལྟ་བོད་ཁོངས་སུ་ལོ་གསར་གཏོང་དུས་མི་འདྲ་བ་བཞི་ཙམ་སྣང་བ། ཧོར་ཟླ་བཅུ་པ་དང་། བཅུ་གཅིག་པ། བཅུ་གཉིས་པ། དང་པོའི་ནང་གཏོང་སྲོལ་ཡོད་པ་བཅས་ལས། ཁྱབ་ཆེ་ཤོས་ནི་དེང་སང་ཧོར་ཟླ་དང་པོའི་ནང་དུ་གཏོང་བ་དེ་ཉིད་ཡིན་ནོ། །

  7. ཚངས་དབྱངས། says:
    2010-02-17 at 1:24 pm

    ཡིག་འབྲུའི་ དབར་གྱི་ སྟོང་ཆ་ འདི་ མིག་ལ་ ཤིན་ དུ་ བདེ། 

  8. མགོན་པོ་ཕྱག་གཉིས་པ། says:
    2010-02-17 at 1:25 pm

    ངའི་ཕ་ཡུལ་དུ་ཧོར་ཟླ་བཅུ་གཉིས་པ་ལ་བོད་ལོ་ཟེར་བ་དང་། ཧོར་ཟླ་དང་པོ་ལ་རྒྱ་ལོ་ཟེར། ལོ་གསར་ཉིན་ལ་རྒྱ་ལོའི་ཚེས་གཅིག་ཟེར།

  9. ཚངས་དབྱངས། says:
    2010-02-17 at 1:32 pm

    ཆུང་ཚེ་རིང་གི་ཟིན་བྲིས་ཐོག་ལོ་གསར་སྐོར་བྲིས་འདུག གཅིག་གཟིགས་དང་།

    http://chungtse.blogspot.com/2010/02/blog-post.html

  10. གཅན་བཟོད་རྒྱམ། says:
    2010-02-17 at 2:54 pm

    ངའི་ཕ་ཡུལ་དུ་ཧོར་ཟླ་བརྩི་ཡི་རེད། མགོན་ཕྱག་གིས་བཤད་པ་བཞིན་ཧོར་ཟླ་བཅུ་གཉིས་པར་བོད་ལོ་དང་། དང་པོ་ལ་རྒྱ་ལོ། རྒྱ་ལོ་ཚེས་གཅིག་ཟེར་གི་རེད། འོན་ཀྱང་ཧོར་ཟླ་གཉིས་པ་ལ་གཉི་ཟ་ཡིན་ན་ཅིག་ཟེར་གི་རེད། འདིའི་དོན་ཅི་ཡིན་མ་ཤེས། མདོ་སྨད་ཕྱོགས་ནས་ཧོར་ཟླ་བརྩི་བ་དང་ཧོར་ཟླ་དང་པོའི་ཚེས་གཅིག་ལ་ལོ་སར་གཏོང་བ་ནི། ཧོར་གོང་མ་ཇིན་གེ་སི་ཁང་གིས་༡༢༠༩ལོར་མི་ཉག་རྒྱལ་ཁབ་བཅོམ་པའི་ཉིན་མོ་ཡིན་པས། དགའ་སྟོན་རྒྱ་ཆེན་བྱས་པ་དང་། དེ་ནས་བཟུང་ཉིན་དེ་བརྩི་སྲུང་གིས་མཐར་ལོ་སར་ཆགས་པ་ཡིན་ཚུལ་སོགས་ལོ་རྒྱུས་ཡིག་ཆར་གསལ། དེ་བས་དེང་སྐབས་མདོ་སྨད་ཕྱོགས་ནས་ལོ་སར་འདི་བརྩི་འདོད་ཆེར་མི་བྱེད་པ་ཡང་དེས་ཡིན་པར་བཤད། གོང་གི་་ལོ་རྒྱུས་ཡིག་ཆ་དེ་གང་ཡིན་གསལ་པོ་མི་དྲན་གི ང་སྔོན་མ་ས་རཱ་སློབ་གྲྭར་ཡོད་དུས་མཐོང་མྱོང་། གཞན་ང་ཚོ་བོད་ལ་ལོ་སར་འདི་གཏོང་སྲོལ་ག་དུས་ནས་བྱུང་བ་རེད་དམ། དྲ་གྲོགས་ཚོས་ལན་ཞིག་གསུང་རོགས།

  11. ཚངས་དབྱངས། says:
    2010-02-17 at 8:48 pm

    ད་ལོ་རྒྱའི་ལོ་གསར་གྱི་སྟོན་མོ་ལ། དངོས་གནས་བོད་ཀྱི་བྲོ་རྙིང་བ་སྤུས་ལེགས་ཤིག་ཁྲབ་ནས་རྒྱ་ཚང་མ་ཧོན་འཐོར་དགོས་བཟོས་འདུག 

    ད་བོད་པ་འདི་ཚོ་ངོ་མ་ཕོ་ཁྱོ་ཀ་རེད། དགྲའི་རྩེད་རྭར་ཕྱིན་ནས་དགྲ་ལ་རྡུང་རྡེག་གཏོང་ཐུབ་པའི་དཔའ་བོ་ངོ་མ། ཡ་ཁྱེད་རྣམས་འདི་གཅིག་གཟིགས་དང་།

    http://www.youtube.com/watch?v=jNUFMZcCDJs

    འདི་ལ་རྒྱའི་བྲོ་བ་མིན་འདུག མི་རིགས་རྦད་དེ་ཐ་དད་རེད་འདུག ད་ཅིའི་ཕྱིར་བོད་དང་རྒྱ་གཉིས་སྤུན་ཟླ་རེད་ཟེར། ངས་ཧ་མི་གོ།

  12. ཁང་གསར་རྡོ་རྗེ། says:
    2010-02-18 at 12:14 am

    ཆུང་ཚེ་རིང་གི་ཟིན་བྲིས་ནང་། ཁ་ཟས་བོང་བུའི་ཨམ་མཆོག་དེ་སེམས་ཅན་གྱི་རྐང་པ་དང་། ཁ་ཟས་ཉ་གཤིབ་སོགས་རྩིབས་མ་དང་སྒལ་ཚིགས། སྦོ་ལུག་འཁོར་ལོ་རྒྱུ་མ། སྤིན་རྡོག་སྙིང་བཅས་མདོར་ན་སྡེར་ཁའི་ཁ་ཟས་ཆ་ཚང་སྔོན་གྱི་དམར་མཆོད་ཀྱི་རྒྱུན་ཡིན་པར་བཤད་འདུག་པ་དོན་ལ་གནས་པར་སེམས།

    ངའི་ཕ་ཡུལ་སྟོད་ལུང་ཕུའི་ལོ་གསར་ཁ་ཟས་བོང་བུའི་ཨམ་མཆོག་ཅེས་པ་དེ་དངོས་གནས་ལུག་གི་རྐང་པ་འདྲ་བ་ཞིག་བཟོ་སྲོལ་འདུག ལྷ་ས་དང་དྷ་ས་སོགས་ལ་དར་ཆེ་བའི་བོང་བུའི་ཨམ་མཆོག་ཆེན་པོ་དེ་ཕྱིས་སུ་མ་བྱན་གྱི་ལག་རྩལ་ངོམས་ཏེ་ཆེ་རུ་དང་མཛེས་སུ་བཏང་བར་སྣང་།

  13. ཤེས་རབ་སེངྒེ། says:
    2010-02-18 at 1:11 am

    གང་ཤེས།    གང་ལྟར་བོང་བུའི་རྣ་མཆོག་ཟེར་བ་དེ་ཤི་ཡང་བཟོ་ཤེས་རྒྱུ་ཞིག་གི་མ་རེད།

  14. གཡུ་འབྲུག་སྔོན་མོ། says:
    2010-02-18 at 2:03 am

    བོད་ལ་ལོ་གསར་གཏོང་དུས་འདྲ་མིན་ཡོད་པ་ནང་བཞིན་འབྲུག་ལ་ཡང་འདྲ་མིན་སྣ་ཚོགས་ཡོད་རེད། དེ་ལ་མིང་ཡང་མང་པོ་ཐོགས་ཡོད་རེད། དེ་ཡང་འབྲུག་ནུབ་ཕྱོགས་པ་ཚོས་ཧོར་ཟླ་༡༡ པ་ལ་གཏོང་གི་ཡོད། དེ་ལ་སྔ་ལོང་པའི་ལོ་གསར་ཟེར་གྱི་ཡོད།
    ཤར་ཕྱོགས་པ་ཚོས་ཧོར་ཟླ་༡༢ པ་ལ་གཏོང་གི་ཡོད། དེ་ལ་ཤར་ཕྱོགས་པའི་ལོ་གསར་ཟེར་གྱི་ཡོད། ལྷོ་མཚམས་པ་ཚོས་ཧོར་ཟླ་༨ པ་ཙམ་ལ་གཏོང་གི་ཡོད། དེ་ལ་ཟླཝ་ཤི་རིའམ་ལྷོ་མཚམས་པའི་ལོ་གསར་ཟེར་གྱི་ཡོད།
    དེ་ནས་ཧོར་ཟླ་༡ པ་ལ་འབྲུག་མི་ཕལ་ཆེ་བ་ཞིག་གིས་གཏོང་གི་ཡོད་ཅིང་གཞུང་ནས་ཀྱང་བརྩི་འཇོག་གནང་གི་ཡོད་པ་རེ། ཡིན་ན་ཡང་གནའ་རབས་ཀྱི་ལོ་རྒྱུས་ལ་ཧོར་ཟླ་༡ པའི་ལོ་གསར་དེ་ལ་བོད་པའི་ལོ་གསར་ཟེར་བརྗོད་ཀྱི་ཡོད་པའི་ལོ་རྒྱུས་ཤིག་འདུག
    ཡང་ལོ་གསར་དེར་འབྲུག་མི་ཚོས་ལོ་གསར་གཏོང་ག་བོད་ལ་འགྲོ་གི་ཡོད་པའི་ལོ་རྒྱུས་ཞིག་ཀྱང་བཤད་རྒྱུ་འདུག དེ་ནི་ངས་བྱས་ན་ལོ་གསར་གཏོང་ག་མིན་པར་བོད་ཀྱི་ལྷ་ས་སྨོན་ལམ་ཆེན་མོ་མཇལ་ག་ཕྱིན་པ་ཡིན་པ་རེད་བསམ་པ་ཡོད། གང་ལྟར་དེ་སྐབས་འབྲུག་པ་ཚོ་འགྲོ་ས་བོད་དང་རྒྱ་གར་གཉིས་མ་གཏོགས་མེད་པས་ལོ་གསར་གཏོང་ག་བོད་ལ་འགྲོ་བ་ཡང་ཡིན་སྲིད། དེའི་སྐོར་དྲ་གྲོགས་ཚོས་བཤད་རྒྱུ་ཡོད་དམ།

  15. རྩམ་དགའ་ says:
    2010-02-18 at 2:19 am

    དམར་མཆོད་ཀྱི་རྒྱུན་ཡིན་ལུགས་ཡིན་སྟངས་ཤིག་གསུང་ན་ཡག་པོ་རེད། དེ་མིན་ང་འདྲའི་གློའུ་རྒན་ཚོས་ཤེས་ནི་མ་རེད། ལྷ་ཁང་ནང་ན་སྡེར་ཁ་འདི་ཚོ་རིག་རྒྱུ་འདུག་པས་གང་དྲག

  16. ཁ་བའི་མེ་ཏོག says:
    2010-02-18 at 1:59 pm

    རེད་ཡ་་་་་་་ལོ་གསར་་་་་་་་་་་་་རྩས་འཁོར་རིགས་པ་ནས་བྱུང་་་་་་་་་རྩེས་རིགས་གང་ནས་འབྱུང་་་་་་་ལྕགས་སྟག་ལོ་དེར་རྒྱལ་ལོ་གཅིག་མཚུངས་ཡོངས་དོན་ཅི་་་་་་་་་་་་་་་་་་་་ ཁ་བརྡའི་མཁས་དབང་སུ་ལེན་གནང་ངམ་་་་་

  17. མི་རྐང་གླིང་བུ། says:
    2010-02-20 at 4:20 am

    དྲ་གྲོགས་མང་པོ་ཞིག་ནས་དགོངས་ཚུལ་གསུངས་པ་ཐུགས་རྗེ་ཆེ། ང་ཉིན་ཤས་རིང་འདིར་བཅར་ཐུབ་མེད་པས་ལན་ཐད་ཀར་ཕུལ་མ་སོང་དགོངས་འགལ་མེད་པར་ཞུ། ཁམས་སྟོད་ཕྱོགས་དེར་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ལོ་ཆུང་དང་། བེའུ་ལུག་ལོ་སར་ཡང་ཟེར། རྟེན་འབྲེལ་ཕྲན་བུ་དང་གཙོ་བོ་རྫི་བོ་རྣམས་ཀྱིས་ཟས་སྣ་སྣ་ཚོགས་རི་མགོར་གཡོ་རྒྱུ་ཁུར་ནས་སྤྲོ་སྐྱིད་དབེན་ཙམ་གཏོང་སྲོལ་ཡོད། བོད་ཟླ་དང་པོ་ཚེས་གཅིག་ལོ་ཆེན་ཟེར།
    བོད་བཙན་པོའི་སྐབས་ཀྱི་གནས་ཚུལ་འཁོད་པའི་ཏུན་ཧོང་ཡིག་ཆར་སྟག་གི་ལོ་དང་། བྱ་གག་གི་ལོ་སོགས་ལོ་སྐོར་བཅུ་གཉིས་ཀྱི་སྐོར་གསལ་པོ་འཁོད་ཡོད་པས་དེའི་སྔོན་དུ་ལོ་སྐོར་སོགས་བརྩི་སྲོལ་དར་སྟངས་ལ་བལྟས་ན་ལོ་སར་སོགས་ཀྱང་ཡོད་པར་བསམས། འོན་ལོ་སར་དེ་དབྱར་དགུན་ག་དུས་ཡིན་མིན་སོགས་ནི་སུས་ཤེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme