Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔའ་མཛངས་ལྡན་པའི་ཨ་ཕ་ཞིག་གི་གཏམ་བཤད།

Posted on 2014-11-022014-11-02 By ཁ་བརྡ་ 1 Comment on དཔའ་མཛངས་ལྡན་པའི་ཨ་ཕ་ཞིག་གི་གཏམ་བཤད།

ཡིག་སྒྱུར་བ། མིག་ཡ་གཅིག ༼གསེར་ས་ལེ་སྦྲམ་གྱིས་འོས་སྦྱོར་བྱས།༽

 
(རྫའོ་ལྡེན། ཡོའུ་སཱ་ཧྥི་ཟའེ་ནི་ཕཱ་ཀི་སི་ཐན་གྱི་ཤེས་ཡོན་པ་ཞིག་དང་། བུད་མེད་དང་བྱིས་པའི་ཐོབ་ཐང་གི་ཕྱིར་ཏུ་ལངས་མཁན་ཞིག་རེད་ལ། ཉིས་སྟོང་བཅུ་བཞི་ལོའི་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མཁན། བུད་མེད་ཐོབ་ཐང་དང་ཤེས་རིག་རང་དབང་འཐབ་རྩོད་མ། མཱ་ལཱ་ལཱ། ཡོའུ་སཱ་ཧྥི་ཟའེ་ཡི་ཨ་ཕ་རེད། གཤམ་དུ་ཁོང་གིས་ཉིས་སྟོང་བཅུ་བཞི་ལོའི་ཟླ་གསུམ་པར་ TED གླེང་སྟེགས་སྟེང་གི་གསུང་བཤད་གནང་བ་དེ་ཇི་བཞིན་ཕབ་ལགས་ན། ཀློག་པ་པོ་རྣམ་པའི་བསམ་བློའི་གསོས་སུ་སྨིན་པར་སྨོན།)

སྐྱེས་པ་ཕོས་དབང་བསྒྱུར་བའི་སྤྱི་ཚོགས་ནང་དུ། རིགས་རུས་གཙིགས་སུ་འཛིན་པའི་སྤྱི་ཚོགས་མང་པོ་ཞིག་ཏུ། སྤྱིར་བཏང་ཨ་ཕ་ཚོ་ནི་རང་གི་བུ་ཚ་ཚོའི་མགོ་ཐོག་གི་ལྷ་ཡིན་མོད། ང་ནི་རང་གི་བུ་མོའི་སེམས་ཀྱི་ཀ་བ་རུ་གྱུར་བའི་ཨ་ཕ་རེ་འགའི་ནང་གི་གཅིག་ཡིན། ང་འདི་འདྲ་བའི་ཨ་ཕ་ཞིག་ཡོང་བར་སྤོབས་པ་ཡང་སྐྱེས་ཀྱིན་ཡོད།

ཉིས་སྟོང་བདུན་ནས་མཱ་ལཱ་ལཱ་ཡིས་ཁོ་མོའི་ཤེས་ཡོན་རང་དབང་གི་ཆེད་དུ་ལས་འགུལ་འགོ་བརྩམས་པ་རེད་ལ་ཁོ་མོའི་ཐོབ་ཐང་གི་ཆེད་དུ་ཡར་ལ་ལངས་པ་རེད། ཉིས་སྟོང་བཅུ་གཅིག་ལོར་ཁོ་མོའི་དཀའ་ལས་བརྒྱབ་པར་གྲུབ་འབྲས་སྨིན་པ་རེད་དེ། ཁོ་མོར་རྒྱལ་ཡོངས་ན་གཞོན་ཞི་བདེའི་བྱ་དགའ་གནང་བ་དང་ཁོ་མོ་སྙན་གྲགས་ཅན་དུ་གྱུར་བ་རེད། ཁོ་མོ་ཁོ་མོའི་རྒྱལ་ཁབ་ཏུ་མིང་དུ་གྲགས་པ་རེད། དེ་སྔོན་ཁོ་མོ་ངའི་བུ་མོ་ཡིན། ད་ལྟ་ང་ཁོ་མོའི་ཨ་ཕ་ཡིན། ལྷ་ལྕམ་དང་སྐུ་ཞབས་རྣམ་པ། གལ་ཏེ་ང་ཚོས་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ལ་ཟུར་ཙམ་བལྟས་ན། བུད་མེད་ཚོའི་ལོ་རྒྱུས་ནི་དྲང་བདེན་དང་འདྲ་མཉམ་མ་ཡིན་པའི་ལོ་རྒྱུས་དང་། དྲག་གནོན་དང་བཀོལ་སྤྱོད་ཀྱི་སོ་ཁ་ན་བརྡར་བའི་སྐྱོ་གར་ཉག་ཅིག་མ་རེད་དམ།

ཁྱེད་རྣམ་པས་གཟིགས་དང་། སྐྱེས་པ་ཕོས་དབང་བསྒྱུར་བའི་མི་སྡེ་ན། སྲིད་པའི་ཡ་ཐོག་ནས། བུ་མོ་ཞིག་བཙས་ན་ཁོ་མོར་བཙས་སྟོན་མི་བྱེད་པ་མ་ཟད། ཁོ་མོའི་ཚེ་སྲོག་ལ་དགའ་བསུ་མི་བྱེད་པ་རེད། ཨ་ཕས་མི་བྱེད་ལ་ཨ་མས་ཀྱང་དགའ་བསུ་མི་བྱེད་པ་རེད། ཁྱིམ་མཚེས་ཚོ་ཡོང་ནས་བུ་མོའི་ཨ་མར་མྱ་ངན་ལྟ་བུའི་སེམས་གསོ་རེ་བྱེད་པ་ལས་སུ་གཅིག་གིས་ཀྱང་བུ་མོའི་ཨ་ཕར་རྟེན་འབྲེལ་ཞུ་སྲོལ་མེད་པ་རེད། དེ་བཞིན་ཨ་མ་ཞིག་ལ་མཚོན་ན་བུ་མོ་ཞིག་བཙའ་བ་ནི་ཧ་ཅང་སེམས་མི་སྐྱིད་པའི་དོན་དག་ཅིག་ཡིན་པ་རེད།
གལ་ཏེ་ཁོ་མོས་དང་ཐོག་ནས་བུ་མོ་ཞིག་བཙས་པ་ཡིན་ན་ཁོ་མོ་སྐྱོ་བའི་གནས་སུ་གྱར་ངེས་རེད། ཁོ་མོས་ད་དུང་ཡང་བུ་མོ་གཉིས་པ་ཞིག་བཙས་པ་ཡིན་ན་ཧ་ཅང་སྡུག་བསྔལ་གྱི་གནས་སུ་ལྷུང་བ་རེད་ལ། གལ་ཏེ་བུ་ཞིག་བཙའ་འདོད་ཀྱི་དབང་གིས་བུ་མོ་གསུམ་པ་ཞིག་བཙས་པ་ཡིན་ན་ཁོ་མོས་རང་ཉིད་ནི་ནག་ཉེས་འདག་ཐབས་མེད་པ་ཉེས་ཅན་མ་ཞིག་ཏུ་བརྩི་གི་རེད།

ཨ་མ་གཅིག་པུས་མནར་གཅོད་འདི་རིགས་ཁུར་དགོས་པ་ཙམ་མ་ཡིན་པར་ཁོ་མོའི་བུ་མོ། གསར་དུ་བཙས་པའི་བུ་མོ་ནར་སོན་པའི་བརྒྱུད་རིམ་ཁྲོད་མནར་གཅོད་མང་པོ་མང་པོ་ཞིག་མྱང་དགོས་ཏེ། མོ་ལོ་ལྔ་ཡི་ཐོག་ཏུ། ཁོ་མོ་སློབ་གྲྭར་སྐྱེས་འོས་པའི་དུས་ལ་སླེབས་སྐབས་ཁོ་མོའི་མིང་བོ་ཚོར་སློབ་ཞུགས་བྱེད་དུ་བཅུག་རུང་ཁོ་མོ་ཁྱིམ་དུ་ཉར་གྱི་རེད། ལོ་བཅུ་གཉིས་མ་སོན་སྔོན་ལ་ཁོ་མོར་སྐྱིད་སྐྱིད་འདྲ་བའི་མི་ཚེ་ཞིག་ཡོད་པ་རེད་དེ་ཁོ་མོ་རྩེད་འཇོར་མང་དུ་རོལ་ཆོག ཁོ་མོ་གྲོགས་མོ་ཚོ་དང་མཉམ་དུ་ཁྲོམ་སྲང་ནས་རྩེད་ཆོག་པ་དང་ཁོ་མོ་ཁྲོམ་སྲང་དུ་ཕྱེ་མ་ལེབ་ནང་བཞིན་གང་འདོད་དུ་འཁོར་ཆོག་པ་རེད།
འོན་ཀྱང་མོ་ལོ་བཅུ་གསུམ་སོན་པ་ནས་བཟུང་སྐྱེས་པ་ཕོ་ཞིག་འགྲོ་རོགས་ཏུ་མེད་ན་ཁོ་མོ་རང་ཁྱིམ་གྱི་སྒོ་ཐེམ་ལས་ཕྱིར་བརྒལ་ནས་འགྲོ་དབང་གོམ་གང་ཡང་ཡོད་པ་མ་རེད། ཁོ་མོ་རང་ཁྱིམ་གྱི་གྱང་རྩིགས་བར་ན་བཙོན་ལྟར་བཅུག་ངེས་རེད། དུས་དེ་ནས་བཟུང་ཁོ་མོ་ནི་རང་དབང་ཁེར་ཚུགས་ལྡན་པའི་མི་ཞིག་བྱེད་དབང་ཡོད་པ་མ་རེད། ཁོ་མོ་ནི་རང་གི་ཨ་ཕ་དང་མིང་པོ་ཚོ་དང་ཁྱིམ་ཚང་ལ་བསྙེན་བཀུར་བྱེད་མཁན་དུ་གྱུར་བ་རེད། གལ་ཏེ་ཁོ་མོས་བསྙེན་བཀུར་བའི་སྲོལ་དེར་ཐོད་བརྒལ་བྱེད་རྒྱུ་ཟེར་ན་ཐ་ན་ཁོ་མོ་དམར་གསོད་ཀྱང་གཏོང་ངེས་རེད།

དེ་ལས་ཀྱང་ཡ་མཚན་པ་ཞིག་ལ་བསྙེན་བཀུར་བའི་སྲོལ་འདིས་བུ་མོ་ཚོའི་མི་ཚེར་ཤུགས་རྐྱེན་ཐེབས་པ་ཙམ་མ་ཡིན་པར་ཁྱིམ་ཚང་དེའི་སྐྱེས་པ་ཕོ་ཚོའི་མི་ཚེར་ཡང་ཤུགས་རྐྱེན་ཐེབས་པར་བྱེད། བུ་མོ་བདུན་དང་བུ་གཅིག་ཅན་གྱི་ཁྱིམ་ཚངཞིག་གི་གནས་བབ་དེ་ང་ལ་ཆ་རྒྱུས་ཡོད། བུ་ཁེར་སྐྱེས་དེར་མཚོན་ན་ཁོ་གླིང་ཚོམ་གཞན་གྱི་རྒྱལ་ཁབ་དག་ཏུ་ཞོར་ལས་ལ་འགྲོ་དགོས་པ་རེད། ཁོའི་སྲིང་མོ་བདུན་པོའི་འཚོ་འཚེས་དང་ཕ་མ་གཉིས་ཀྱི་ཆེད་དུའགྲོ་དགོས་པ་རེད་དེ། ཁོའི་བསམ་པར་གལ་ཏེ་སྲིང་མོ་ཚོས་རྩལ་དང་ནུས་པ་ཅི་རིགས་ཤིག་སྦྱངས་ནས་སྒོའི་ཕྱིར་སོང་ནས་འཚོ་འཚེས་བསྒྲུབ་པ་ཡིན་ན་ཁོ་བས་ཞབས་འདྲེན་བཞག་པར་རློམ་གྱིན་ཡོད་ཅིང་། རྒྱུ་མཚན་དེའི་དབང་གིས་མིང་བོ་དེས་རང་ཉིད་ཀྱི་མི་ཚེའི་སྤྲོ་བ་དང་སྲིང་མོ་ཚོའི་བདེ་སྐྱིད་ཡོད་ཚད་བསྙེན་བཀུར་ཞེས་པའི་དཀྱིལ་འཁོར་འདིའི་སྟེང་དུ་གཟད་པ་རེད།

ད་རུང་ཡང་སྐྱེས་པ་ཕོས་དབང་བསྒྱུར་བའི་སྤྱི་ཚོགས་སུ་རྒྱུན་སྲོལ་གཞན་ཞིག་ཡོད་དེ། དེ་ལ་ཁ་ལེན་ཚིག་བརྩི་ཟེར། བུ་མོ་ཡ་རབས་ཤིག་ཟེར་ན་ཧ་ཅང་ཁ་རོག་གེ་ཞིག་དང་། ཧ་ཅང་གཉོམ་ཆུང་ཞིག ཅི་ཞིག་བཤད་ཀྱང་ལགས་སོ་ཟེར་མཁན་ཞིག་དགོས་རློམ་གྱིན་ཡོད་པ་རེད། དེ་ནི་ཚད་ཤིང་རེད། བུ་མོ་ཡ་རབས་ཤིག་གི་མཚོན་བྱེད་དུ་ཧ་ཅང་རོག་གེ་ཞིག་དང་། ཁོ་མོར་ཁ་གྲག་དབང་ཡང་མེད་པ། མོའི་ཕ་མ་དང་རྒན་རབས་ཚོས་ཐག་གཅོད་གང་འདྲ་ཞིག་བྱས་ཀྱང་དང་ལེན་བྱེད་མཁན་ཞིག་སྟེ། ཐ་ན་ཁོ་མོ་མི་འཐད་པའི་ཐག་གཅོད་ཅིག་ཡིན་ཡང་བཀའ་བཞིན་བརྩི་བ་དེ་རེད། དཔེར་ན། ཁོ་མོ་མི་དགའ་བའི་མི་ཞིག་དང་གཉེན་བསྒྲིག་པའམ་ཡང་ན་རྒད་པོ་ལོ་ལོན་ཞིག་དང་གཉེན་བསྒྲིག་ན་ཡང་ཁོ་མོས་དེ་བཞིན་བསྒྲུབ་དགོས་པ་རེད།
རྒྱུ་མཚན་ནི་ཁོ་མོར་ཁར་མི་ཉན་པའི་མཚང་མིང་དེ་ཁུར་འདོད་ཡོད་པ་མ་རེད། གལ་ཏེ་ཁོ་མོ་ཆུང་ཆུང་ཡིན་དུས་ནས་གནས་ལ་བསྐྱལ་ཡང་ཁོ་མོས་དང་ལེན་བྱེད་དགོས་པ་རེད། དེ་མིན་ན་ཁོ་མོར་ཁར་མི་ཉན་པའི་ཉེས་མིང་འདོགས་པར་མ་ཟད། མཇུག་མཐའི་འབྲས་བུ་ཅི་ཞིག་འབྱུང་ངམ་ཟེར་ན། སྙན་ངག་མ་ཞིག་གིས་བརྗོད་པ་ལྟར། ཁོ་མོར་བཙན་གྱིས་གཉེན་བསྒྲིགས། བཙན་གྱིས་གཡེམ། དེ་ནས་ཁོ་མོས་བུ་བུ་མོ་མང་པོ་བཙས་ནས་ཁ་ལེན་ཚིག་བརྩི་དགོས་པའི་བསླབ་བྱ་དེ་བུ་མོ་ཚོར་གདམས་ཤིང་། བསྙེན་བཀུར་དགོས་པའི་བསླབ་བྱ་དེ་བུ་ཕྲུག་ཚོར་སློབ་པར་རྩོམ་ལ་ཡ་ང་བའི་གནས་བབ་འདི་བསྐྱར་འཁོར་ཡང་འཁོར་ཀྱི་རྒྱུན་ཆད་མེད་པ་རེད།

མི་མོ་དང་མི་ཕོ་རྣམ་པ། གལ་ཏེ་ང་ཚོས་བསམ་པའི་ཁ་ཕྱོགས་དེ་བསྒྱུར་བ་ཡིན་ན། གལ་ཏེ་བུད་མེད་ཚོ་དང་སྐྱེས་པ་ཚོའི་བསམ་པའི་ཁ་ཕྱོགས་སྒྱུར་ཐུབ་པ་ཡིན་ན། སྐྱེས་པ་ཕོས་དབང་བསྒྱུར་བའི་སྤྱི་ཚོགས་ནང་དུའམ་རིགས་རུས་གཙིགས་སུ་འཛིན་པའི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནང་ནས་གཞི་རྩའི་བུད་མེད་ཐོབ་ཐང་དང་འགལ་བའི་ཁྱིམ་དང་མི་སྡེའི་ལུགས་སྲོལ་ཁ་ཤས་སྒྱུར་ཐུབ་པ་ཡིན་ན། གལ་ཏེ་ཁོ་ཚོས་མངའ་སྡེའི་ནང་ནས་དབྱེ་འབྱེད་ཀྱི་ཁྲིམས་སྲོལ་ཁ་ཤས་སྒྱུར་ཐུབ་པ་ཡིན་ན་བུད་མེད་ས་ཡ་མང་པོའི་ཡ་ང་བའི་གནས་བབ་འདིར་འགྱུར་བ་གཏོང་ཐུབ་གི་རེད།

སྙིང་ཉེ་བའི་ཕུ་ནུ་མིང་སྲིང་ཚོ། མཱ་ལཱ་ལཱ་སྐྱེས་པའི་སྐབས་དེར། དྲང་མོར་བཤད་ན། དང་ཐོག་ང་བཙས་མ་ཐག་པའི་བྱིས་པ་དེར་དགའ་བོ་མ་བྱུང་། འོན་ཀྱང་ང་ལ་ཡིད་ཆེས་བྱོས་དང་། ང་སོང་ནས་ཁོ་མོའི་མིག་ནང་དུ་བལྟས་པའི་སྐབས་དེར། ང་ལ་ཡིད་ཆེས་བྱོས་དང་། ངས་ཁོ་མོའི་མིག་ཟུང་ལས་ཁྱད་དུ་འཕགས་པའི་ཚེ་སྲོག་གི་སྟོབས་ཤིག་རྙེད་བྱུང་། ཁོ་མོ་མ་སྐྱེས་སྔོན་ནས་ངས་ཁོ་མོའི་མིང་ལ་ཅི་ཞིག་གདག་གམ་འདང་རྒྱག་མྱོང་། ཨབ་ཧྥི་གྷ་ནེ་སི་ཐན་གྱི་ངག་རྒྱུན་དུ་གྲགས་པའི་རང་དབང་འཐབ་རྩོད་དཔའ་མོ་ཞིག་གིས་ང་ཡི་ཡིད་སེམས་ཅིག་ཅར་དུ་བཀུག་བྱུང་། ཁོ་མོའི་མཚན་ལ་མའེ་ཝན་སྒྲི་ཡི་མཱ་ལཱ་ལའེ་ཟེར། མཱ་ལཱ་ལཱ་སྐྱེས་ནས་ཉིན་འགའི་རྗེས་སུ་ངའི་བུ་མོ་སྐྱེས་པ་རེད་པ་དང་ངའི་སྤུན་མཆེད་ཅིག་ངེད་ཚང་ལ་ཡོང་།
སྟབས་འགྲིག་པ་ཞིག་ལ་ཁོས་ཁྱིམ་མིའི་ལྗོན་པ་ཞིག་ཁྱེར་ཡོང་འདུག ངེད་ཡོའུ་སཱ་ཧྥི་ཟའེ་ཚང་གི་ཁྱིམ་མིའི་ལྗོན་པ་ཞིག་ཁྱེར་ཡོང་འདུག ངས་ངེད་ཚང་གི་ཁྱིམ་མིའི་ལྗོན་པར་བལྟས་པ་ན་དེ་ནི་ལོ་ངོ་སུམ་བརྒྱའི་རིང་གི་ངེད་ཚང་གི་ཡབ་མེས་ཚོའི་མིང་ཡིག་གིས་གྲུབ་འདུག ཡིན་ན་ཡང་ཚང་མ་སྐྱེས་པ་ཕོའི་མིང་རྐྱང་རྐྱང་རེད། ངས་སྙུ་གུ་བླངས་ནས་ལྗོན་པར་ཡལ་ག་གསར་བ་ཞིག་བྲིས་ནས་མཱ་ལཱ་ལཱ་ཞེས་བུ་མོའི་མིང་བཀོད་པ་ཡིན།

དེ་བཞིན་ཁོ་མོ་ནར་སོན་སྐབས། ཁོ་མོ་ལོ་བཞི་དང་ཕྱེད་ལ་སླེབས་དུས་ངས་ཁོ་མོ་སློབ་གྲྭར་འགྲོ་རུ་བཅུག་པ་ཡིན། ཁྱེད་ཀྱིས་བསམ་པར་ངས་ཅི་ལ་བུ་མོ་ཞིག་སློབ་གྲྭར་བསྐྱལ་བ་དེ་བཤད་དགོས་པ་རེད་དམ་སྙམ་ན། ངས་ངེས་པར་དུ་བུ་མོ་ཞིག་སློབ་ཞུགས་བྱེད་བཅུག་པ་འདི་བཤད་དགོས། ཁཱ་ན་སྒྲ་དང་ཨ་མེ་རི་ཁ་སོགས་སྔོན་ཐོན་རྒྱལ་ཁབ་དག་ལ་མཚོན་ན་བུ་མོ་སློབ་ཞུགས་བྱེད་དུ་འཇུག་པ་ནི་གནད་དོན་ཞིག་མིན་ཡང་སྲིད་མོད། རྗེས་ལུས་ཀྱི་རྒྱལ་ཁབ་སྐྱེས་པ་ཕོས་དབང་བསྒྱུར་བའི་སྤྱི་ཚོགས་ཤིག་ཏུ། རིགས་རུས་གཙིགས་སུ་འཛིན་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་དེ་ནི་བུ་མོ་ཞིག་གི་མི་ཚེའི་ནང་གི་དོན་དག་ཆེན་པོ་ཞིག་རེད།

སློབ་གྲྭར་ཐོ་འགོད་པ་ནི་ཁོ་མོའི་མིང་ཡིག་གི་ཐོབ་ཐང་ལ་ངོས་འཛིན་ངེས་ཅན་ཞིག་ཐོབ་པའི་རྟགས་མཚན་རེད་ལ། སློབ་ཞུགས་བྱེད་ཐུབ་པ་ནི་ཁོ་མོའི་རྨི་ལམ་དང་རེ་འདུན་གྱི་དག་ཞིང་དུ་བསྐྱོད་ཐུབ་པར་མ་ཟད། གནས་དེ་ནས་ཁོ་མོའི་མ་འོངས་མི་ཚེའི་སླད་དུ་རང་དབང་དང་བཅས་ཏེ་ཤེས་འཇོན་གྱི་རྩལ་དགུ་སྔོག་འདོན་བྱེད་ཆོག་པ་རེད། ང་ལ་ཨ་ཆེ་ལྔ་ཡོད། ཁོང་ཚོ་གཅིག་ལ་ཡང་སློབ་གྲྭར་འགྲོ་བའི་སྐལ་བ་མ་ཐོབ་པ་རེད། ཁྱེད་ཚོ་ཧ་ལས་པ་ཞིག་ལ་གཟའ་འཁོར་གཉིས་ཀྱི་ཡར་སྔོན་དུ། ངས་ཁཱ་ན་སྒྲར་བསྐྱོད་པའི་ལམ་ཡིག་ལེན་སྐབས་ཁྱིམ་མི་ཚོའི་མིང་བཀོད་དགོས་པའི་ཡིག་ཆ་ཞིག་འདུག ངས་ཨ་ཆེ་ཚོའི་སྐྱེས་མིང་གི་དག་ཆ་དྲན་གྱིན་མི་འདུག རྒྱུ་མཚན་ནི་ངས་ཨ་ཆེ་ཚོའི་མིང་བཀོད་པའི་ཡིག་ཆ་ཞིག་གདོད་ནས་རིག་མ་མྱོང་། རྒྱུ་མཚན་དེའི་དབང་གིས་ངས་རང་གི་བུ་མོ་ལ་གཅེས་སྐྱོང་བྱས་པ་ཡིན། ངའི་ཨ་ཕས་ངའི་ཨ་ཆེ་ཚོར་གནང་མ་ཐུབ་པ་དེ། ཁོང་གི་བུ་མོ་ཚོར་གནང་མ་ཐུབ་པ་དེ། ངས་བསམ་པར་ཡིན་གཅིག་མིན་གཉིས་ངས་འགྱུར་བ་གཏོང་ཐུབ་པ་བྱེད་དགོས།

ངས་རང་གི་བུ་མོའི་བློ་དང་རིག་པ་རྣོ་བར་གདེངས་འཇོག་བྱས་པ་དང་ང་གྲོགས་པོ་ཚོ་དང་ལྷན་དུ་འཛོམས་དུས་ཁོ་མོར་སེམས་ཤུགས་སྤེལ་ནས་ངའི་གམ་དུ་འདུག་བཅུག་པ་ཡིན་ལ། ང་དང་མཉམ་དུ་ཚོགས་འདུ་འདྲ་མིན་མང་པོར་ཞུགས་བཅུག་པ་ཡིན་ཞིང་། ཡན་གར་བའི་རིན་ཐང་འདི་དག་ཁོ་མོའི་རང་གཤིས་སུ་འཐིམ་པར་འབད་བརྩོན་བྱས་པ་ཡིན། ཁོ་མོ་གཅིག་པུ་མ་ཡིན་པར། མཱ་ལཱ་ལཱ་གཅིག་པུ་མ་ཡིན་པར་ངས་རིན་ཐང་ལྡན་པའི་བསམ་སྤྱོད་དེ་དག་ངའི་སློབ་གྲྭ་དང་ངའི་སློབ་ཕྲུག་བུ་བུ་མོ་ཚང་མར་བསླབ་པ་ཡིན། ངས་ཤེས་ཡོན་ནི་རང་དབང་གི་ལག་ཆ་ཡིན་པ་ར་སྤྲོད་བྱས་པ་ཡིན། ངས་བུ་མོ་ཚོར། སློབ་ཕྲུག་བུ་མོ་ཚོར་ཁ་ལེན་ཚིག་བརྩི་སློབ་མི་དགོས་པ་དང་སློབ་བུ་ཚོར་ལུགས་མིན་གྱི་བསྙེན་བཀུར་དེ་སློབ་མི་དགོས་པར་གདམས་པ་ཡིན།

སྙིང་ཉེ་བའི་ཕུ་ནུ་མིང་སྲིང་ཚོ། ང་ཚོས་བུད་མེད་ཐོབ་ཐང་གི་ཆེད་དུ་འབད་བརྩོན་ཧུར་ཐག་བྱས་པ་རེད་ལ་ང་ཚོས་བུད་མེད་ཚོར་སྤྱི་ཚོགས་གནས་བབ་གང་དུ་ཡང་ལྡངས་ཆ་ཇེ་ཆེ་དང་ཇེ་ལེགས་ཤིག་ཐོབ་པར་འཐབ་རྩོད་བྱས་པ་རེད། འོན་ཀྱང་ང་ཚོ་བློ་ཡུལ་ལས་འདས་པའི་འགག་རྩ་ཞིག་ལ་ཐུག་པ་རེད། དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་ནང་སྒོས་སུ་བུད་མེད་ཐོབ་ཐང་རྩ་གཏོར་གཏོང་མཁན་དེ་རེད། དེ་ཡི་མིང་ལ་ཐཱ་ལེ་བྷན་གྱི་དབང་བསྒྱུར་ཟེར་ཞིང་དེ་ནི་བུད་མེད་ཚོས་སྲིད་ལུགས་ལ་ཐེ་གཏོགས་བྱེད་མི་ཆོག་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ལས་རིགས་གང་དུ་ཡང་འཛུལ་ཞུགས་རྩ་བ་ཉིད་ནས་བྱེད་མི་ཆོག་པ་དེ་རེད། སློབ་གྲྭ་བརྒྱ་ཕྲག་གཏོར་བ་དང་བུ་མོ་ཚོ་སློབ་གྲྭར་འགྲོ་མི་ཆོག་པ། བུད་མེད་ཚོར་བཙན་གྱིས་གདོང་རས་གོན་བཅུག་པ་དང་བུད་མེད་ཚོ་ཁྲོམ་སྲང་དུ་འགྲོ་མི་ཆོག་པར་བཟོས་པ། རོལ་མོ་བ་ཚོ་ཁ་རོག་གེར་བཟོས་པ་དང་བུ་མོ་ཚོ་ལྐོག་ཚོང་བྱས་ཤིང་གླུ་བ་གླུ་མ་ཚོ་དམར་གསོད་བཏང་བ་རེད། ས་ཡ་མང་པོར་མནར་གཅོད་ཐེབས་པ་རེད་ལ་མི་ཁ་ཤས་ཡར་ལ་ལངས་ནས་རང་དབང་གི་སླད་དུ་སྐད་ཆ་བཤད་པ་རེད། དེ་ནི་ཆེས་འཇིགས་སུ་རུང་བའི་བྱ་བ་ཞིག་ཡིན་ཏེ་ཁྱོད་ཀྱི་གཡས་གཡོན་ཚང་མ་དམར་གསོད་མཁན་དང་བཙན་འཁྲིད་བྱེད་པའི་དྲག་སྤྱོད་པས་བསྐོར་དུས། ཁྱོད་ཀྱི་རང་གི་ཐོབ་ཐང་དང་རང་དབང་གི་ཆེད་དུ་སྐད་ཆ་བཤད་པ་ནི་ཧ་ཅང་འཇིགས་ཡེར་བའི་བྱ་བ་ཞིག་ཡིན་པ་རེད།

མོ་ལོ་བཅུ་ཡི་ཐོག་ནས་མཱ་ལཱ་ལཱ་ཡར་ལ་ལངས་པ་རེད། ཁོ་མོའི་ཤེས་ཡོན་རང་དབང་གི་ཆེད་དུ་ལངས་པ་རེད། ཁོ་མོས་བྷི་བྷི་སི་དྲ་བར་ཉིན་ཐོ་བྲིས་པ་རེད། ཁོ་མོས་ནོའུ་ཡོག་དུས་བབ་ཀྱི་དངོས་བྱུང་བརྙན་ཕབ་པར་དང་བླང་བྱས་པ་རེད་ལ་ཁོ་མོས་རང་ནུས་ཡོད་དགུས་འཛམ་གླིང་གི་སྟེགས་བུ་མང་པོ་ཞིག་ནས་གཏམ་བཤད་བྱས་པ་རེད། ཁོ་མོའི་སྐད་སྒྲ་ནི་ནུས་ཤུགས་འགྲན་ཟླ་བྲལ་བའི་སྐད་སྒྲ་དེ་རེད། ཁོ་མོའི་སྐད་སྒྲ་དེ་ཇེ་མཐོ་ནས་ཇེ་མཐོའི་ངང་ནས་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་པ་རེད། རྒྱུ་མཚན་དེའི་དབང་གིས་ཐཱ་ལེ་བྷན་ཤོག་ཁག་གིས་ཁོ་མོའི་ལས་འགུལ་ལ་བཟོད་པ་སྒོམ་མ་ཐུབ་པ་རེད། ༢༠༡༢ ལོའི་ཟླ་༡༠ པའི་ཚེས་༩ ཉིན། གོམ་པ་གཉིས་གསུམ་གྱི་མཚམས་ནས་ཁོ་མོའི་མགོ་ལ་མེ་མདའ་བརྒྱབ་པ་རེད།

དེ་ནི་ང་དང་ངེད་ཚང་གི་ཆག་འཇིག་གི་ཉིན་མོ་ཡིན། འཇིག་རྟེན་འདི་མུན་ཁུང་དུ་དེད་པའི་ཉིན་མོ་ཡིན། ངའི་གཅེས་ཕྲུག་མ་ཤི་གསོན་གཉིས་ཀྱི་འཕྲང་ན་ཡོད་དུས་ངས”འུ་གཉིས་ཀྱི་བུ་མོ་གཅེས་ཕྲུག་མར་དོན་རྐྱེན་འདི་འདྲ་ཞིག་བྱུང་བ་ཐམས་ཅད་ང་ལན་སོང་བ་མ་རེད་དམ”ཞེས་ཆུང་མའི་རྣ་ནང་དུ་ལྐོག་ཤུབ་བྱས་པ་ཡིན།

ཁོ་མོས་བློ་ཡུལ་ན་མེད་པའི་ལན་ཞིག་གནང་བ་ནི:- “ཁྱེད་ཀྱིས་རང་ཉིད་ལ་འཁང་ར་མ་གནངས། ཁྱེད་ནི་ངེས་པ་དོན་གྱི་བདེན་པའི་ཆེད་དུ་བཞེངས་པ་རེད། ཞི་བདེའི་རེ་འབྲས་ཤིག་གི་ཆེད་དུ། ཤེས་ཡོན་ལྡན་པའི་སྤྱི་ཚོགས་ཤིག་གི་ཆེད་དུ་བཞེངས་པ་རེད་ལ་བདེན་པ་དེའི་ཆེད་དུ་ཁྱེད་ཀྱིས་རང་གི་ཚེ་སྲོག་ཀྱང་ཉེན་ཁའི་ཁྲོད་དུ་བསྐྱལ་བ་རེད། ཁྱེད་ཀྱི་བུ་མོ་ཡང་ཁྱེད་ཀྱིས་བློ་སྐྱེད་འོག་ནས་ཁྱེད་དང་དཔུང་པ་མཉམ་གཤིབ་བྱས་པ་རེད། ཁྱེད་གཉིས་ཀ་ཡང་དག་པའི་བདེན་པའི་ལམ་ལ་ཞུགས་པའི་འཐབ་རྩོད་པ་ཡིན་པས་དཀོན་མཆོག་གིས་ཏན་ཏན་ཁོ་མོར་སྤྱན་གྱིས་གཟིགས་ངེས་རེད”ཟེར།

སྐད་ཆ་དེ་དག་ནི་ང་ལ་མཚོན་ན་རིན་ཐང་གཞལ་དུ་མེད། དེ་བཞིན་ངས་གོང་གི་དྲི་བ་དེ་བསྐྱར་འདྲི་གཏན་ནས་བྱས་མ་མྱོང་།

མཱ་ལཱ་ལཱ་སྨན་ཁང་དུ་སྡོད་སྐབས་ཁོ་མོས་བཟོད་མེད་ཀྱི་ན་ཟུག་མང་པོ་མྱངས་དགོས་བྱུང་ལ། གདོང་གི་དབང་རྩ་གཏུབ་པའི་རྐྱེན་གྱིས་ཁོ་མོར་བཤད་མི་ཤེས་པའི་མགོ་གཟེར་རྒྱག་སྐབས་ངས་ཆུང་མའི་གདོང་ལ་སྐྱོ་བའི་སྤྲིན་ནག་འཐིབ་ཀྱིན་པ་མཐོང་ན་ཡང་། ངའི་བུ་མོས་གཏད་ནས་འཁང་ར་མི་བྱེད་པ་མ་ཟད། ཁོ་མོས”ང་ལ་སྐྱོན་མི་འདུག གད་མོ་དགོད་དུས་ཁ་ཡོན་པ་དང་ངོ་གདོང་སྦྲིད་པ་ཙམ་རེད། ང་ལ་དངོས་གནས་སྐྱོན་མི་འདུག ཁྱེད་གཉིས་ཀྱིས་ཐུགས་འཁྲལ་མ་གནངས”ཞེས་ངེད་ཕ་མ་གཉིས་ལ་སེམས་གསོ་བྱེད་ཅིང་ཁོ་མོ་ནི་ངེད་གཉིས་ཀྱི་སྐྱོ་སེམས་གསོ་མཁན་གཅིག་པུ་ཡིན།

སྙིང་ཉེ་བའི་ཕུ་ནུ་མིང་སྲིང་ཚོ། ང་ཚོས་ཁོ་མོའི་སྟེང་ནས་ཅི་ལྟར་དཀའ་གནད་ལ་གདོང་ལེན་བྱེད་དགོས་པའི་དཔའ་ངར་ཞུམ་མེད་ཀྱི་སྤོབས་པ་དེར་དམིགས་དཔེ་ལྟ་ཆོག་ལ། ད་རུང་ཁྱེད་ཚོར་བཤད་འདོད་པ་ཞིག་ལ། ཁོ་མོ་ནི་བྱིས་ཚོ་དང་བུད་མེད་ཚོའི་རང་དབང་འཐབ་རྩོད་ཀྱི་ཀ་བ་ལྟ་བུར་གྱུར་ཡོད་ལ་ཁོ་མོ་ནི་ལོ་བཅུ་དྲུག་ཅན་གྱི་བུ་མོ་གཞན་ཚོ་དང་འདྲ་བར་བྲིས་མ་ཚར་བའི་ནང་སྦྱོང་ཆེད་དུ་ངུ་བར་བྱེད་ཅིང་། ཁོ་མོ་ནི་ནུ་བོ་གཉིས་དང་ལྷན་དུ་ཁ་རྩོད་ཀྱང་བྱེད་པའི་བྱིས་པ་ཞིག་ཡིན།ངས་དེ་ལྟ་བུའི་དྭངས་གཙང་གི་ཁོ་མོའི་དོན་དུ་སྤོབས་པ་སྐྱེས་བཞིན་ཡོད།

མི་ཚོས”ཁྱོད་ཀྱིས་དམིགས་བསལ་མཛུབ་ཁྲིད་ག་འདྲ་ཞིག་བྱས་ནས་མཱ་ལཱ་ལཱ་དཔའ་ངར་ཞུམ་མེད་ཅིག་དང་སྒམ་ཚུགས་ཀྱི་བློ་ཁོག་ཅན་ཞིག རང་རྟོན་འགྱུར་བ་མེད་པ་ཞིག་ཏུ་གྱུར་བཅུག་པ་ཡིན་ནམ”ཞེས་འདྲི་ཞིང་། ངས་ཁོང་ཚོར་ངས་ཅི་བྱས་ཡོད་པ་མ་འདྲི། ངས་ཅི་ཞིག་བྱས་མེད་པ་དེ་དྲིས་ཤིག ངས་ཁོ་མོའི་རང་དབང་གི་གཤོག་ཟུང་དེ་དམ་དུ་བཏགས་མེད། དེ་མ་གཏོགས་ཅི་ཡང་བྱས་མེད་ཟེར་གྱིན་ཡོད།

བཀའ་དྲིན་ཆེ།
ཐུགས་རྗེ་ཆེ། ཐུགས་རྗེ་ཤིན་ཏུ་ནས་ཀྱང་ཆེ་ཞུ། ཐུགས་རྗེ་ཆེ།

འགྱུར་རྩོམ།

Post navigation

Previous Post: སྐད་འཕྲིན་ལས་འཕྲོས་པའི་ཨ་ཕའི་ཁ་བརྡ།
Next Post: རྫོང་གསར་མཁྱེན་བརྩེ་རིན་པོ་ཆེར་བཅར་འདྲི།

Comment (1) on “དཔའ་མཛངས་ལྡན་པའི་ཨ་ཕ་ཞིག་གི་གཏམ་བཤད།”

  1. རྡོ་རྗེ་རིན་ཆེན says:
    2014-11-05 at 6:17 pm

    རང་ཁྱིམ་ནས་བུད་མེད་ཚོར་སྡུག་གྱོང་མནར་གཅོད་གཏོང་མཁན་ཚོ། ཞི་བདེ་ནོར་བྷེ་འར་གཟེངས་རྟགས་གི་མིང་དང་སྒོར་མོའི་དོན་དུ། སྦྲང་རྩིའི་ལྟ་བུའི་ཁ་ནས་ཕོ་མོ་འདྲ་མཉམ་དང་ཞི་བདེ་ཟེར་བའི་རྔ་ཆེན་དྲག་ཏུ་བརྡུངས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme