Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་མཚོའི་ཆུ་ཐིགས།

Posted on 2014-10-252014-10-25 By ཁ་བརྡ་ 5 Comments on རྒྱ་མཚོའི་ཆུ་ཐིགས།

འཇམ་གཅེས།

 
མདོ་རྒྱུད་མན་ངག་ཀུན་གྱི་ཟ་མ་ཏོག །
ཐོས་དོན་རྒྱུད་ལ་སྦྱོར་བའི་སེམས་དཔའ་ཞིག །
འདི་ནས་ཞིང་གཞན་གཤེགས་ཚུལ་བསྟན་པ་ཡིས།།
བསྟན་པའི་རྒྱལ་མཚན་ས་ལ་ཐེངས་གཅིག་ལྷུང་།།

ཁྱེད་སྐུར་འགྱུར་མེད་རྡོ་རྗེའི་རང་གཤིས་ལ།།
སྐྱེ་དང་འཆི་བའི་ཐ་སྙད་མི་མངའ་ཡང་།།
རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར།།
མཛད་པ་འདི་ཡིས་སྙིང་དབུས་ན་ཟུག་ལྕི།།

རྣམ་ཐར་རྒྱ་མཚོ་ལྟ་བུའི་གཏིང་རིམ་ལས།།
ཆུ་ཐིགས་ཙམ་ཞིག་སོར་མོའི་་གར་སྟབས་ལྷན།།
མ་བཅོས་རང་བཞིན་བརྗོད་པའི་རྒྱན་གྱི་ཐོག །
དགོས་པའི་དབང་ལས་འདི་ན་ཅུང་ཟད་འབྲི།།

མགོན་པོ་ཁྱེད་ཀྱི་ཐུགས་བརྩེའི་ཀློང་ཡངས་ཀྱིས།།
སྐལ་ལྡན་སློབ་ཚོགས་བྱེ་བ་དུ་མ་བསྐྱངས།།
དེ་དག་ཁྲོད་ནས་མཁས་གྲུབ་གཉིས་ལྡན་པའི།།
མཚན་གཞི་ཙམ་ཞིག་སྨོས་ན་འདི་ལྟར་ཏེ། །

གཤེགས་ཟིན་ཁྲི་ཆེན་བློ་བཟང་ཉི་མ་གཙོས།།
ད་ལྟའི་ཁྲི་ཆེན་ཐུབ་བསྟན་ཉི་མ་དང་།།
མཚུངས་མེད་ཤར་བྱང་ཆོས་རྗེ་རྣམ་གཉིས་དང་།།
རྒྱལ་བའི་ཡོངས་འཛིན་མཆོག་སྤྲུལ་རྣམ་པ་གཉིས།།

འབྲས་སྤུངས་ཁྲི་བ་བསྟན་པ་བསྟན་འཛིན་དང་། །
དེ་བཞིན་རྗེ་བཙུན་བློ་བཟང་བསྟན་པ་སོགས། །
གདན་ས་གསུམ་དང་རྒྱུད་གྲྭ་སྟོད་སྨད་དང་།།
བཀྲ་ཤིས་ལྷུན་པོ་སྟག་ཚང་རྭ་བ་སྟོད།།

བསྟན་པའི་འབྱུང་གནས་གདན་ས་དེ་དག་གི །
མཁན་ཁྲི་ལས་ཟུར་བླ་སྤྲུལ་ཕལ་མོ་ཆེས།།
ཁྱེད་ཀྱི་ཞབས་ལ་གཏུགས་པའི་ཚུལ་བསམ་ན།།
དམ་པ་གཞན་ལས་བླ་ལྷག་འཕགས་པར་མངོན།།

ད་དུང་སྙན་བརྒྱུད་མན་ངག་མཛོད་འཛིན་མཁན།།
དགའ་ཤར་ཟོང་སྤྲུལ་རྡོ་རྗེ་འཆང་དབང་དང་།།
མདོ་སྨད་ལྕང་སྐྱ་ཨ་ལགས་ཡོངས་འཛིན་དང་།།
ཁམས་ཀྱི་ཀུན་བདེ་གླིང་སོགས་ཧ་ཅང་མང་།།

གཞན་ཡང་མཁས་དང་གྲུབ་པར་མངའ་བརྙེས་ཤིང་།།
བསྟན་པའི་རྒྱལ་མཚན་ཕྱོགས་ཀུན་བསྒྲེངས་མཛད་ཀུན།།
རེ་རེ་བཞིན་དུ་བགྲང་དགོས་གལ་ཆེ་ཡང་། །
བློ་དམན་བདག་ནི་མཐོང་ཐོས་ཤིན་ཏུ་ཉུང་།།

གང་ཉིད་དབུས་འགྱུར་ལྷ་ལྡན་ཞིང་ས་རུ།།
ཀླུ་ཐོགས་ཇི་བཞིན་གདན་གསུམ་མཁས་དབང་དབུས།།
ལུང་རིག་རྣོན་པོས་ཕས་རྒོལ་ཟིལ་གྱིས་མནན།།
ལྷ་རམས་དང་པོའི་མཚན་སྙན་ཅོད་པན་བཞེས།།

དེ་ནས་གསང་ཆེན་སྨད་རྒྱུད་ཐོས་བསམ་རྗེས།།
བླ་མ་དབུ་མཛད་མཚན་གནས་རེ་བསྐུལ་དང་།།
དེ་རྗེས་མཁས་མང་བློ་གླིང་གྲྭ་ཚང་གིས།།
མཁན་པོའི་མཚན་གནས་རེ་བསྐུལ་སྔ་ཕྱི་ཞུས།།

འོན་ཀྱང་ཆེན་པོའི་མིང་གནས་གོ་ཐོབ་སོགས།།
མཆིལ་ཞགས་བཞིན་དུ་རིང་དུ་འདོར་བའི་ཕྱིར།།
འཇིག་རྟེན་ཞི་བདེའི་དེད་དཔོན་སྐུ་མདུན་ནས།།
སྐབས་དུས་སོ་སོར་དགོངས་ཞུས་ཡང་ཡང་ཕུལ།།

སྐབས་ཤིག་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ཀྱིས།།
ཁྱེད་ཀྱི་དགེ་ཕྲུག་དག་ནི་རིམ་པ་བཞིན།།
དགའ་ལྡན་ཁྲི་འཛིན་ཤར་བྱང་ཆོས་རྗེ་དང་།།
གདན་སའི་མཁན་པོ་ལས་ཟུར་ཧ་ཅང་མང་།།

དེ་ཕྱིར་དགེ་རྒན་ཁྲི་འོག་བཞུགས་པ་འདི།།
མི་བདེ་ཕྱིར་ན་རྣམ་གྲྭའི་མཁན་པོ་ཡི།།
འགན་འཁུར་དགོས་ཞེས་བཀའ་ནན་ལྕི་དོན་ལྟར།།
རྣམ་གྲྭ་མཁན་པོ་རྒྱལ་བའི་བཀའ་བཞིན་ཞུས།།

བསམ་སྦྱོར་ངན་པའི་སྐྱེ་བོ་རེ་འགའ་ཡིས།།
ཚུལ་མིན་སྦྱོར་བ་ངན་པའི་འབྲས་བུ་ལས།།
དེང་དུས་སྟོན་པ་ཕྱག་ན་པདྨོ་ཡིས། །
བཀའ་བཀྱོན་དྲག་པོ་ཐེངས་གཅིག་གནང་དགོས་བྱུང་།།

མ་འོངས་མངོན་གཟིགས་ཚུལ་གྱི་ལུང་བསྟན་ཡང་།།
ལོ་མང་སྔོན་ནས་བོད་སྐད་གསར་འགྱུར་དང་།།
མདོ་སྔགས་འཆད་ཉན་སོགས་ཀྱི་ནང་རོལ་དུ།།
དགུང་ལོ་བརྒྱད་ཅུ་གྱ་བཞིར་བཞུགས་ངེས་གསུངས།།

སྔོན་ཆད་ལི་ཐང་ཤོག་དྲུག་སྐྱབས་མགོན་ནས།།
སྐུ་ཚེར་བར་ཆད་ཡོང་བ་ལུང་བསྟན་ཡང་།།
བླ་མའི་བཀའ་བཀྱོན་འདི་ཡིས་སེལ་བ་ཡིན།།
ད་ནི་ཚེ་ཚད་སྔར་ལས་རིང་ངེས་གསུངས།།

མགོན་ཁྱེད་ཞིང་དུ་མ་ཕེབས་ཟླ་གསུམ་སྔོན།།
སླེ་ལུང་བཞད་པའི་རྡོ་རྗེ་རིན་པོ་ཆེས།།
དབང་ལུང་མན་ངག་གསོལ་བ་བཏབ་པའི་སྐབས།།
ད་ནི་དེ་ལྟར་མི་ཡོང་གསལ་བར་གསུངས།།

འོན་ཀྱང་སྐྱེས་མཆོག་ཁྱེད་ཀྱི་ཞལ་གསུང་ལས།།
མགོན་པོས་བདག་ལ་བཀའ་བཀྱོན་གནང་བ་ནི།།
བདག་གི་མི་འདོད་བར་ཆད་བཟློག་ངེས་པའི།།
རྐྱེན་ངན་གྲོགས་སུ་འཆར་བ་ཡིན་ཚུལ་གསུངས།།

གངས་ཅན་ལྷ་གཅིག་པད་དཀར་འཛིན་པ་ནི།།
བདག་གི་སྐྱེ་བའི་ཕྲེང་བ་དུས་ཀུན་ཏུ།།
བླ་མ་ཡི་དམ་དབྱེར་མེད་དངོས་ཡིན་པས།།
ནམ་ཡང་དམ་ཚིག་ཟུར་ཙམ་མི་ཉམས་གསུངས།།

དམ་པ་ཁྱེད་ཀྱིས་བཤེས་གཉེན་བསྟེན་ཚུལ་ནི།།
རྟག་ཏུ་ངུ་ཡིས་ཆོས་འཕགས་བསྟེན་སྟངས་དང་། །
སྐྱེས་མཆོག་མི་ལས་མར་པར་བསྟེན་ཚུལ་དག །
སྔ་ཕྱི་དུས་རིམ་ཙམ་ལས་ཁྱད་པར་ཅི།།

གངས་ཅན་འཕགས་མཆོག་འཇིག་རྟེན་མགོན་པོས་ཀྱང་།།
གནས་སྐབས་ཁྲོ་བའི་ཚུལ་ཙམ་མཛད་པ་ལས།།
དོན་གྱི་སྐྱེས་བུ་ཁྱེད་ཉིད་ཐུགས་དཀྱིལ་ནས།།
མར་པས་མི་ལར་གཅེས་སྤྲས་མཛད་དང་མཚུངས།།

དེ་ཡང་ཐེག་ཆེན་གཙུག་ལག་ཁང་ཆེན་དུ།།
སྟོན་པའི་མཛད་ཆེན་ཁག་དང་སྐབས་བསྟུན་ནས།།
ཐེག་ཆེན་གསོ་སྦྱོང་སྡོམ་པ་གནང་དགོས་སོགས།།
མགོན་པོ་ཉིད་ཀྱིས་མཛད་འགན་ཁྱེད་ལ་གནང་།།

དེ་ཙམ་མ་ཡིན་སྟོང་ལོ་བཅུ་གཅིག་ལོར།།
འཇམ་མགོན་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་བརྒྱུད།།
མཁས་མང་བློ་གསལ་གླིང་གི་གྲྭ་མང་ལ།།
བཀའ་སློབ་ལམ་སྟོན་སྒྲོན་མེ་འདི་ལ་གཟིགས།།

ང་དང་རིན་པོ་ཆེའི་བར་གནས་ཚུལ་ལ།།
བསྙད་ནས་བློ་གླིང་དགེ་འདུན་འདུས་མང་ནས།།
ཁོང་ལ་རྣམ་འགྱུར་འདྲ་མིན་བསྟན་པ་དང་།།
ལྷག་པར་བཤེས་གཉེན་བསྟེན་ཚུལ་མ་ལོག་དགོས།།

དགེ་འདུན་པ་དང་གྲྭ་ཚང་གཞུང་ངོས་ནས།།
ཁོང་གི་མདུན་ནས་དབང་ལུང་མན་ངག་དང་།།
ལྷག་པར་གཞུང་ཆེན་དག་གི་དོགས་གཅོད་སོགས།།
སྔར་བཞིན་མུ་མཐུད་ཞུ་དགོས་གལ་ཆེན་ཡིན།།

རིན་པོ་ཆེ་ནི་མཁས་དབང་དངོས་ཡིན་མོད།།
འོན་ཏེ་འཆད་ཉན་མང་ཤོས་བཀའ་དབང་ཐོག །
གནང་གྱིན་འདུག་པ་དེ་ཡང་འགྲིག་མོད་ཏེ།།
གཙོ་བོ་གཞུང་ལུགས་ཆེན་མོའི་དོགས་གཅོད་ཡིན།།

ཞེས་པ་འདི་དག་དགེ་ལྡན་ཁྲི་འཛིན་སྟེ། །
རི་རྫོང་སྲས་སྤྲུལ་ཐུབ་བསྟན་ཉི་མ་ནས།།
བློ་གླིང་གོ་བོ་ཁང་ཚན་གསུང་ཆོས་སྐབས།།
དགེ་འདུན་སྟོང་ཕྲག་འདུས་པའི་དབུས་སུ་བསྒྲགས།།

མདོར་ན་ཁྱེད་ཀྱི་མཛད་པ་འཕྲིན་ལས་ཀུན།།
གཟུགས་ཅན་དངོས་པོ་ལྟ་བུར་གྲུབ་པའི་ཚེ།།
སྟོང་གསུམ་འདི་ཡང་སྣོད་དུ་ཆུང་ངེས་པས།།
བླུན་པོའི་ཚོགས་ཀྱིས་ཚད་འཛིན་ག་ལ་ནུས།།

ད་དུང་དོལ་འདྲེ་འབྱུང་པོའི་ཁྱུ་ཚོགས་ཀྱིས།།
འགྲོ་བའི་མགོན་པོ་མིག་མི་འཛུམ་པ་ལ།།
ངན་སྨྲས་ལས་ངན་ཚབས་ཆེན་གཟིགས་པའི་དུས།།
བླང་དོར་ལམ་བཟང་སྟོན་ཕྱིར་བརྩེ་བས་གཟིགས།།

འོན་ཀྱང་རང་ཉིད་དཀར་འདོན་དགའ་བ་དང་།།
གཞན་ངོ་བསྲུངས་ནས་མིང་སྐམ་རེ་བ་ནི།།
གཞོན་ནུའི་དུས་ནས་ཁྱེད་ལ་མ་གོམས་སྟབས།།
ལས་འབྲས་བསླུ་མེད་མཆོག་གསུམ་ཡིད་ཆེས་མཛད།།

སྤྱིར་ན་དུས་ངན་སྙིགས་མའི་ཁུག་སོ་འདིར།།
བདེན་པ་ཕམ་ཞིང་རྫུན་མ་རྒྱལ་བ་དང་། །
ལྷག་པར་སྣ་ཚོགས་གར་ལ་མི་མཁས་ཚེ།།
མི་ཡི་གྲལ་ནས་འདོར་བ་ཐེ་ཚོམ་ཅི། །

དེའི་ཕྱིར་དེང་དུས་སྐྱེ་བོ་ཕལ་མོ་ཆེ།།
གཡོ་སྒྱུའི་ལས་ལ་དུང་ཞེན་ཆེ་ན་ཡང་།།
མགོན་པོ་ཁྱེད་ནི་ལྷག་བསམ་ཟོལ་མེད་ལས།།
ཆེན་པོའི་མདུན་དུ་འཁྲབ་སྟོན་གོམས་པ་མེད།།

ད་དུང་གནས་ལུགས་དཔང་པོར་འཇོག་པའི་ཐོག །
མ་བཅོས་རྟོགས་བརྗོད་རྣམ་པ་ཐར་པ་དག །
བྲིས་ཀྱང་རྫོགས་པའི་མཐའ་ཞིག་མ་མཐོང་ཕྱིར།།
རེ་ཞིག་དོན་ཉུང་ཚིག་གིས་བསྡུས་པ་ཡིན།།

ཞེས་པ་འདི་ཡང་ཟླུམ་གཟུགས་གོ་ལའི་ཁྱོན་འདིར་མགོན་པོ་ཉིད་ཀྱི་རྗེས་སུ་འཛིན་པ་ས་ཡ་མང་པོའི་གྲལ་མཐའ་ནས་ཡུལ་མདོ་ཁམས་འདན་ཡུལ་ནས་ནར་སོན་པའི་འདན་ཆོས་འཁོར་གྲྭ་རིགས་འཇམ་གཅེས་སམ་པིར་མིང་ལྷ་རྒོད་ཀྱིས་སྤྱི་ལོ༢༠༡༤ ལོ་ཟླ་༡༠ ཚེས་༢༥ ཉིན་བྱང་ཕྱོགས་ཧི་མ་ལ་ཡའི་རི་སུལ། བོད་པའི་ཐབ་ཚང་ཞེས་པའི་གསོལ་མགྲོན་ཁང་ནས་མངར་ཟས་དང་། མངར་ཆུ་ལ་ལོངས་སུ་སྤྱོད་ཞོར་ཚོར་སྣང་སྐྱོ་པོ་ཞིག་གི་ངང་ནས་བྲིས་པའོ།། །།

སྙན་ངག

Post navigation

Previous Post: རྣམ་ཤེས་གངས་ལ་འཐིམས་སོང་བའི་སྙན་ངག་པ་ཞིག་རྗེས་སུ་དྲན་པ།
Next Post: ཏེ་ལོ་རིན་པོ་ཆེ་རུ་སོག་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ།

Comments (5) on “རྒྱ་མཚོའི་ཆུ་ཐིགས།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-10-25 at 11:29 pm

    སྤྱི་ལོ་༡༩༦༢་ལོར།
    ་
    མགོན་པོ་གང་ཉིད་ཁ་ཆེའི་རྒྱལ་སར་བྱོན།
    རྒྱལ་སྲས་བ་ཀུ་་ལ་ཡི་ཕོ་བྲང་དུ།
    དགེ་སློང་བློ་བཟང་སྦྱིན་པའི་བཤེས་སྤྲིངས་འགྲེལ།
    དེ་དང་འབྲེལ་པས་རྩ་བར་འགྲེལ་མཛད་ཞུས།།
    ་
    ལ་དྭགས་ཡུལ་དུ་དབང་ཆེན་ལན་མང་སྩལ།
    ཁོ་བོའང་དབང་གྲལ་དུ་བསྡད་བྱིན་རླབས་ཐོབ།
    ལ་དྭགས་གླེ་རུ་བཀའ་སློབ་མཛད་པ་ན།
    ཁོ་བོའི་མིང་དེ་ཚོགས་དབུས་གླེང་བར་མཛད།།
    ་
    ཞལ་མཇལ་མཐའ་མར་ཨ་རིའི་གྲོང་ཁྱེར་དུ།
    སྐུ་མདུན་དུ་མཇལ་བོད་མིང་དག་ཆ་ལ།
    བཀའ་སློབ་ཞུས་པས་དུས་མང་སོང་ཞུས་པར།
    ཆོས་ཀྱི་བགྲོ་གླེང་ཡིན་པས་དགེའོ་གསུངས།།
    ་
    འདི་དག་སྒྲོ་བསྐུར་མེད་པ་ཞུས་པའི་དགེས།
    དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ།
    སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་།
    བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག།

    འཇམ་གཅེས་མཆོག་གིས་ལེགས་པར་བཀོད་པས་ལོ་རྒྱུས་མང་ཙམ་ཤེས་རྟོགས་བྱུང་ཐུགས་རྗེ་ཆེ་ཞུ་ཞིང་། མགོན་པོ་གང་གི་བཀའ་དྲིན་དྲས་པས། ཁོ་བོས་བོད་ཀྱི་ཆོས་སྐད་ཀྱི་གསོས་སུ་དག་ཆ་འགའ་གཞུང་དཔེ་ན་གསལ་བ་ལྟར་ན། འདི་ལྟེ་སྟེ།

    ལུང་རིག་རྣོན་པོའི་ཕལ་རྒོལ་ཟིལ་གྱིས་གནན།།
    ལུང་རིགས་

    འགྲོ་བའི་མགོན་པོ་མིག་མུ་འཛུམ་པ་ལ།།
    མི་ནམ། མུ་ཡིན་ཆ་མ་རྟོགས།

    འབྲས་སྤུངས་འཁྲི་བ་བསྟན་པ་བསྟན་འཛིན་དང་། །
    འཁྲི་བ་ཞེས་པའི་དོན་གང་ཡིན་ནམ། ཁོ་བོ་ལྟར་ན། འཁྱུད་པའི་དོན་ཏེ། དཔག་བསམ་འཁྲི་ཤིང་། ཞེས་པ་ལྟ་བུའོ།

    བླང་འདོར་ལམ་བཟང་བསྟོན་ཕྱིར་བརྩེ་བའི་གཟིགས།།
    ཁོ་བོ་ལྟར་ན། བླང་དོར་ལམ་བཟང་སྟོན་ཕྱིར་བརྩེ་བས་གཟིགས།། ཞེས་དགོས།

    འོན་ཅང་རང་ཉིད་དཀར་འདོན་དགའ་དང་།།
    འོན་ཅང་ཞེས་པའི་དོན་ཅི་ཡིན་ནམ། ཡང་ན། ཁམས་སྐད་ཀྱི་དབང་གིས་འོན་ཀྱང་། ཞེས་པ་འོན་ཅང་ལ་གྱུར་པ་ཡིན་ནམ། སྒྲ་གཅིག་ཆད་པས་སྡེབས་སྦྱོར་ཉམས་པས་གོ་བ་ལོན་དཀའ།

    བཀའ་སློབ་ལམ་བསྟོན་སྒྲོན་མེ་འདི་ལ་གཟིགས།།

    བཀའ་སློབ་ལམ་སྟོན་སྒྲོན་མེ་འདི་ལ་གཟིགས། ཞེས་དགོས་ཤིང་། སྒྲོན་མེ་ཞེས་པ་བོད་གནའ་བོའི་སྐད་དུ། སྒྲོན་མ་ཞེས་ཀྱང་། ཁ་སྐད་བཙན་པར་མ་ཡིག་མེ་རུ་གྱུར།
    ་
    བདེན་པ་ཕམས་ཤིང་རྫུན་མ་རྒྱལ་བ་དང་། །

    བདེན་པ་ཕམ་ཞིང་རྫུན་མ་རྒྱལ་བ་དང་། །ཞེས་དགོས་པ་མཐོང་།

    ཆེན་པོའི་མདུན་དུ་འཁྲབ་བསྟོན་གོམས་པ་མེད།།
    ཆེན་པོའི་མདུན་དུ་འཁྲབ་སྟོན་གོམས་པ་མེད།། ཅེས་དགོས་ཤིང་དེ་ཡང་ད་ལྟ་འདས་མ་འོངས་སྐུལ་ཚིག་རིམ་བཞིན་འདི་ལྟར་བྲིས་འདུག་སྟེ།
    སྟོན་ བསྟན་་ བསྟན་ སྟོན། འདས་པ་དང་སྐུལ་ཚིག་ལ་ད་ཡང་འཇུག་ལ་མི་མངོན་པི་ཚུལ་དུ་ཡོད་པ་མཁྱེན་པར་འཚལ། འབད་པ་འདི་ཡང་རྗེ་བཙུན་བླ་མ་དགྱེས་པའི་རྒྱུར་གྱུར་ཅིག ཅེས་སོ།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-10-26 at 6:29 am

    ༸ལྡན་མ་བློ་ཆོས་རིན་པོ་ཆེིམཆོག་ལ་གུས་ཕྱག་འཚལ་ལོ། །
    ལྡན་མ།
    དད་ལྡན་མང་པོར་བཀའ་ཆོས་སྩལ། །
    བླ་མ་ཁྱེད་ཀྱི་བཀའ་དྲིན་གྱིས། །
    བློ་ཆོས།
    བློ་བོ་ཆོས་ལ་བསྐུལ་བ་མང་། །
    ཆོས་ཀྱིས་བསྟན་འཛིན་བསྐྲུན་པ་མང་། །
    རིན་པོ་ཆེ།
    རིན་བྲལ་འཆད་རྩོད་དབང་ལུང་གིས། །
    ཆེན་པོ་དག་ལའང་བཀའ་དྲིན་བསྐྱངས། །
    དེས་ན་ཆེ་མཆོག་ཁྱེད་ལ་འདུད། །

  3. འཇམ་གཅེས། says:
    2014-10-26 at 7:25 am

    བརྡ་སྤྲོད་སྨྲ་བའི་ཁྱུ་མཆོག་ལ་དྭགས་བློ་བཟང་འཇམ་དཔལ་ལ་ཕྱག་བགྱིའོ། སྐུ་ཉིད་ཀྱིས་ནོར་བཅོས་དང་དགོངས་ཚུལ་ལ་གིས་བཀུར་ཞུ། འོན་ཀྱང་་་དག་ཡིག་ཁག་གཅིལ་ལས་མིག་མུ་འཛིན་བྲིས་འདུག་པ་དང་། ད་དུང་བླང་འདོར་ཏེ་་་་དོར་ནི་འདས་ཚིག་དང་། འདོར་ནི་མ་འོངས་པ་ལ་གོ་དགོས་པ་ཡིན་པས་ཡིག་ནོར་མིན་པར་འདོད། སྒྲོན་མེ་ནི་མུན་པ་སེལ་བྱེད་ཀྱི་མེ་འོད་ཞིག་ལ་གོ་བ་
    ལྟར། སྐབས་འདི་མི་ཤེས་པའི་རྨོངས་བློ་མུན་པ་དང་། མ་འོངས་བླང་འདོར་ལམ་སྟོན་གྱི་བཀའ་སློབ་སྒྲོན་འོད་དང་མཚུངས་ཆོས་སྦྱར་བ་ཡིན་པ་འདོད།

  4. འཇམ་གཅེས། says:
    2014-10-26 at 7:26 am

    གུས་བཀུར་་་ལ་ཆོས།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-10-26 at 11:46 am

    འཇམ་གཅེས་མཆོག་གིས་བོད་གི་ཡི་གེའི་དག་ཆའི་སྐོར་ལ་བགྲོ་གླེང་མཛད་པར་བོད་ཡིག་ལ་ཐུགས་འགན་ཡོད་པའི་རྣམ་དཔྱོད་ཅན་ཀུན་དགྱེས་པའི་རྒྱུར་འགྱུར་ངེས་ཞུ། དེ་ཡང་། “ད་དུང་བླང་འདོར་ཏེ་་་་དོར་ནི་འདས་ཚིག་དང་། འདོར་ནི་མ་འོངས་པ་ལ་གོ་དགོས་པ་ཡིན་པས་ཡིག་ནོར་མིན་པར་འདོད། “ཅེས་པ་ནི་བོད་ཀྱི་ཡི་གེ་བགྲོས་ལ་ཉམས་མྱོང་ཆུང་བ་གཞོན་པའི་རྟགས་སུ་གོ འདོར་ དོར་ དོར་ དོར། ཡོད་པ་ན་འདས་ཚིག་དང་སྐུལ་ཚིག་ལ་ཡང་འཇུག་་ད་མི་མངོན་པའི་ཚུལ་དུ་ཡོད། དེས་ན། རྣམ་འགྲེལ་ཚད་མ་སྒྲུབ་འི་ལེའུ་ན། བླང་དང་དོར་བྱའི་དེ་ཉིད་ནི། ཞེས་དང་། རྗེ་བདག་ཉིད་ཆེན་པོའི་བདེ་ཆེན་སྨོན་ལམ་ན། བླང་དོར་གནས་རྣམས་མ་རིག་མཐུག་པོས་བསྒྲིབས། བླང་བྱ། དོར་བྱ་ཞེས་པའི་བྱ་བྱེད་ཀྱི་མ་འོངས་པ་ཡིན་པས་དེ་ཉིད་སྦྱར་སའི་བྱ་ཚིག་དེ་ཡང་མ་འོངས་པ་ཡིན་པར་གྲུབ། འདི་ལ་ཁྱེད་དང་ང་རྩོད་པ་མེད། འོན་ཀྱང་འདོར་ཞེས་པ་མ་འོངས་པ་ཡིན་པར་སྒྲུབ་བྱེད་འཐད་ལྡན་འགའ་ཡོད་དམ། སྒྲོན་མ་ཡང་གསལ་བྱེད་འོད་ཡིན་པར་རྩོད་པ་མེད་ཀྱང་། དིང་དུས་ཀྱི་བོད་དབུས་གཙང་དང་ཤར་ཕྱོགས་པའི་སྐད་ལ་ཨ་ཡིག་ཨེ་ཡིག་དང་། ཨེ་ཡིག་ཨ་ཡིག་ལ་འགྱུར་བ་མང་སྟེ། དཔེར་ན། ཐང་ཞེས་པ་ཐེང་ལ་གྱུར་པར་མ་ཟད་དེ་ལ་ས་ཡང་འཇུག་བྲིས་ཏེ། ཐེངས་ཞེས་གྲུབ། ཁ་ནས་མ་འཐོན་བཞིན་དུ་ས་ཡང་འཇུག་ལ་དགོས་པ་གང་ཡོད་དམ། ངས་དེ་ཉིད་དཔྱིས་ཕྱིན་པ་མ་རྟོགས། ཐང་ནི་སྤྱོད་འཇུག་ན། འཇིག་རྟེན་བསོད་ནམས་་བློ་གྲོས་ཐང་འགའ་བྱུང་། ཐང་ཞེས་པ་ལན་ཞེས་པར་བསྒྱུར་ན། འཇིག་རྟེནབསོད་ནམས་་བློ་གྲོས་ལན་འགའ་བྱུང་། བོད་ཀྱི་དཔེ་ཆ་ཀུན་ན། ལན་གཅིག་ ད་ལན་སོགས་ཡོད་ཀྱང་། ངས་ད་བར་དུ་ཁ་བརྡ་རུ། ཐེངས་ཀྱི་དོན་ལ་ལན་བྲིས་པ་ཞིག་མཐོང་མེད། ཅེས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme