Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་རིགས་ཤིག་ཉམས་རྒུད་དུ་འགྲོ་བའི་དུས་སྐབས།

Posted on 2014-10-092014-10-09 By ཁ་བརྡ་ 17 Comments on མི་རིགས་ཤིག་ཉམས་རྒུད་དུ་འགྲོ་བའི་དུས་སྐབས།

རྡོ་རྗེ་རིན་ཆེན།

གཅིག

མི་རིགས་ཤིག་ཉམས་རྒུད་དུ་འགྲོ་བའི་དུས་སྐབས་སུ། སྐུ་དྲག་ཚོས་རྒྱལ་ཁབ་བཙོང་ཞིང་། ཆབ་སྲིད་པ་ཚོས་མི་རིགས་བཙོང་། ཤེས་ཡོན་པ་ཚོས་རིག་གནས་བཙོང་བ་རེད། ཐ་ན། མི་མང་དཀྱུས་མ་ཚོས་ཀྱང་རང་གི་ཡབ་མེས་ཀྱི་ཤུལ་བཞག་རྣམས་གང་ཐུབ་ཅི་ཐུབ་ཀྱིས་བཙོང་ངེས། འདི་ལྟ་བུའི་རྣམ་པ་ལ། དུས་རྒྱུན”རྒྱལ་ཁབ་ཞི་འགྲིག་དང་། མི་རིགས་མཉམ་གནས། རིག་གནས་སྒྲོག་སྤེལ”ཞེས་འབོད་དོ།།

 

གཉིས།

འཛམ་གླིང་གི་མི་རིགས་དང་རིག་གནས་གང་དང་གང་ཡིན་ཡང་། ཡོད་ཚད་པོ་འདི་ལྟར་རང་སྟེང་ནས་ཉམས་རྒུད་དུ་འགྲོ་བ་ལས། ཕྱིའི་དགྲ་བོའི་མཚོན་གྲི་རྣོན་པོ་དང་ཡ་ང་བའི་བཙན་འཛུལ་གྱིས། ཞར་ཡང་། མི་རིགས་དང་རིག་གནས་ཤིག་ཉམས་རྒུད་དང་རྨེག་མེད་དུ་གཏོང་མི་ནུས་ཏེ། རྗེའུ་ཤུ་མི་རིགས་ནི་འདིའི་བདེན་དཔང་གསོན་པོ་ཞིག་ཡིན་ནོ།།

 

གསུམ།

རྗེའུ་ཤུ་མི་རིགས་ནི་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་གཞན་གྱི་སྡིག་གྱོང་མནར་གཅོད་དང་བཙན་འོག་ཏུ། དཀའ་སྡུག་གི་ཆག་འཇིག་རབས་དང་རིམ་པ་ཞིག་བརྒྱུད་ནའང་། གང་དེའི་མི་རིགས་དང་རིག་གནས་གོམས་སྲོལ་སོགས། ཉམས་པ་མེད་པར་ཆུ་བོའི་རྒྱུན་བཞིན་ད་ལ་ཐུག་གི་དབར་དུ་བསླེབས་ཟིན་པ་མ་ཟད། དེ་ལས་ཀྱང་རླབས་ཆེ་བ་ཞིག་ནི། འཛམ་གླིང་ན་སྙན་པ་འབྲུག་ལྟར་ལྡིར་བའི་ནོར་བྷེལ་འར་བྱ་དགའ་ཐོབ་མཁན་གྱི་མི་གྲངས་ལས་མང་ཆེས་པ། འཛམ་གླིང་གི་གྲངས་ཉུང་མི་རིགས་འདིའི་ཁུངས་ནས་བྱོན་པ་རྐྱང་ལགས་སོ།།

 

བཞི།

གོང་དུ་མི་རིགས་ཤིག་ཉམས་རྒུད་དུ་འགྲོ་སྐབས། ངེས་པར་འབྱུང་སྲིད་པའི་སྤྱིར་བཏང་གི་མངོན་རྟགས་ཙམ་བསྟན་པ་ཡིན་ལ། ད་ནི་རང་ཅག་བོད་འདིར་ད་སྔ་དབར་མངོན་རྟགས་གང་དང་གང་ཞིག་བྱུང་ཟིན་པ་དང་འབྱུང་བཞིན་འདུག་ཟེར་ན། མངོན་རྟགས་དང་བོ་སྟེ། རྒྱལ་ཁབ་ནི་དྲིན་ཆེན་པོ་ཚོས་(ཧེ་ཧེ) བདེ་མོ་སྐྱིད་པོ་བྱས་ནས་ཙོངས་བཞག་འདུག མངོན་རྟགས་གཉིས་པ་སྟེ། མི་རིགས་ནི་རང་ཅག་གི་ཆབ་སྲིད་པ་གྲུང་བོ་ཚོས་ཙོངས་ནས་སྐེད་པར་བསླེབས་འདུག ད་ནི་མངོན་རྟགས་གསུམ་པ་སྟེ། ཤེས་ཡོན་པ་དྲན་འཕྲུལ་ཅན་པོ་ཚོས། རིག་གནས་འཚོང་བའི་རླུང་རྟ་དར་གྱིན་འདུག་གོ།

 

ལྔ།

དེང་ནི། ཤར་ནུབ་གང་སར་བླ་མ་སུ་ཞིག་དང་གྲྭ་ཚང་གང་ཞིག་གི་ཆོས་ཚོགས། ནང་བསྟན་སྲིད་ཞུ་ཟེར་བ། བོད་སྐད་ཡིག་གི་ཕྱིར་ཟེར་བ། དེ་མིན། བོད་དོན་དྲིལ་བསྒྲགས་ཟེར་མཁན་དང་། བོད་རང་ཙམ་གྱི་ཆེད་དུ་དང་། བོད་མི་དམངས་དང་བོད་སྤྱི་བའི་དོན་ཟེར་བ་ལ་སོགས་པ་སྟེ། ཨ་མ་མ། འདི་འདྲའི་མི་བཟང་བོ་ལ་རྒྱ་ལྡན་མཁན། བོད་ལ་ཤ་ཚ་ཅན་དང་སྤྱི་སེམས་ཅན་འདི་འདྲའི་མང་བོ་ཞིག་གང་ནས་འབུར་ཡོང་བ་ཡིན་ནམ། མིག་བསུམས་ནས་འདི་ལྟར་ཐེངས་གཅིག་བསམས་དུས། བོད་འདི་ད་ལྟ་ཉིད་དུ་ཁོང་ཅག་གིས་གང་ཞིག་ཏུ་བསྐྱལ་མི་ཡོང་ངམ་སྙམ་པས་སོ།།

 

དྲུག

རེད་དེ། འོན་ཀྱང་བསྐྱར་དུ་མིག་གཉིས་ཟིམ་མེ་བསམ་གཞིག་དང་བློ་སེམས་ནང་དུ་གཏད་དེ། ཁོང་ཅག་གི་ནང་སྙིང་ལ་ཞིབ་མོས་བསྙབས་པ་ན། གཞི་ནས་རྟོག་པ་ཞིག་སྐྱེས་པ་ནི། ཁོ་བོ་ནོར་ནས་འཁྲུལ་འདུག་པ་སྟེ། དེ་དག་ཡོད་ཚད་པོ་རྫུན་དང་ཤོབ། ཁ་གཡང་དང་འུར་གཏམ། ཚོང་དང་འབྱོར་བ་ཡིན་པ་ལས། རྒྱལ་ཁབ་དང་མི་རིགས་གང་ནས་ཡིན། རིག་གནས་དར་སྤེལ་དང་རྒྱུན་འཛིན་གང་ནས་ཡིན། ཆོ་ལུགས་སྤེལ་རེས་དང་གཞན་དོན་ལྷུན་ལེན་གང་ནས་ཡིན། རྩ་བ་ནས་ཡིན་མི་འདུག་སྟེ། རང་ཕན་རང་ཁེ་ཁོ་ན་རེད་དོ།།

 

བདུན།

ཀྱེ་མ། ཀྱི་ཧུད། སུ་ཞིག་གིས་རྒྱལ་ཁབ་དང་མི་རིགས། རིག་གནས་སོགས་ཙོངས་ཏེ་རང་མཐོ་རང་གསོ་བྱེད་ཀྱིན་པའི་ཁོང་ཅག་དང་ཁོང་ཅག་ལ། ཁ་ཞེ་གཉིས་མེད་དང་། བློ་ཡངས་སྒམ་དཀྱེལ་གྱིས་ཐེར་འདོན་བྱེད་ཕོད་དམ། དེ་ལས་ལྟོག་སྟེ་མང་མང་གིས་རང་རང་གི་ཁེ་དངུལ་དང་ངོ་སྲུང་གི་དོན་གྱིས། ཁོ་པ་ཚོར་ངོ་དགའ་སྤྲེལ་ལད་དང་དགའ་འགུལ་ཡིད་སྨོན་བྱེད་པ་རེད། དོན་གྱི་འདིའང་། མི་རིགས་ཤིག་དང་རིག་གནས་ཤིག་ཉམས་རྒུད་དུ་འགྲོ་བའི་རྟགས་མཚན་མ་ཡིན་ནམ།

 

བརྒྱད།

ང་ཚོས་རང་གི་ཁྲག་དང་ཤ་བཙོང་དགོས་ཡང་། རང་གི་རྒྱལ་ཁབ་དང་མི་རིགས། རིག་གནས་ལ་སོགས་པ་ནི་བཙོང་བར་ག་ལ་རུང་སྟེ། དེ་ནི་རང་ཅག་གི་ཡབ་མེས་ཚོས་ལོ་ངོ་ཁྲི་ཕྲག་གི་སྔ་གོང་ནས། ལུས་སྲོག་ཕངས་མེད་དུ་སྦྱིན་ཏེ་བསྐྲུན་པས་དང་། རྒྱལ་ཁབ་བཙོང་པས། རང་ཅག་འཁྱམས་པོ་རུ་འགྱུར་བ་དང་། མི་རིགས་བཙོང་པས། རང་ཅག་ཁེར་རྐྱང་དུ་འགྱུར། དེ་བས་ཀྱང་། རིག་གནས་བཙོང་པས། རང་ཅག་གཏན་དུ་སྐྱེ་རྒྱུན་ཆད་ངེས་རེད་དོ།།

 

དགུ

མདོར་ན།
རྒྱལ་ཁབ་ཙོངས་པ་ནི། རང་གི་ཆུང་མ་བུ་ཕྲུག་དང་ཁྱིམ་ཚང་ཙོངས་པ་རེད་དོ།།

མི་རིགས་ཙོངས་པ་ནི། རང་གི་ཕ་མ་དང་གྲོགས་པོ་ཙོངས་པ་རེད་དོ།།

རིག་གནས་ཙོངས་པ་ནི། རང་གི་མིང་དང་བླ་སྲོག་ཙོངས་པ་རེད་དོ།།

 

{གཤམ་གྱི་སྙན་ངག་འདི་ཉིད། རྩོམ་ཐུང་འདིའི་སྡོངས་གྲོགས་དང་གདུང་གྲོགས་སུ།}

 

༈ལོ་རྒྱུས་ཀྱི་གསང་བ་རྨང་ནས་གཏོར་བའི་མི་རབས་ཤིག

དུས་རབས་འདིར། བདག་གིས་རེ་ཞིང་སྒུག

༡༽
གཙང་བོ་དེ་ཕ་རོལ་ན། སུ་ཞིག་གིས་བདག་འབོད་ཀྱིན་པ་འདྲ།
རི་བོ་འདིའི་ཕར་རྒྱབ་ཏུ། སུ་ཞིག་གིས་བདག་སྒུག་ཡོད་པ་དང་མཚུངས།
གང་ལྟར་མི་ལོ་ཉེར་ལྔའི་གཙང་བོ་ཞིག བདག་གིས་བརྒལ་ཟིན།
རི་ཚོགས་ཤིག་ད་དུང་། བདག་གི་མིག་མདུན་དུ་བསྟར།

༢༽
གནའ་བོའི་མཐོ་སྒང་གི་སྐར་ཚོགས་ཁོ་ནས།
ད་གཟོད། སུ་ཡིས་བདག་གི་རྒྱལ་ཁམས་འཇིག་པ་རྟོགས།
ལོ་རྒྱུས་ཀྱི་གསང་བ་རྨང་ནས་གཏོར་བའི་མི་རབས་ཤིག
དུས་རབས་འདིར། བདག་གིས་རེ་ཞིང་སྒུག

༣༽
ཤིང་ལོ་གོས་སུ་གྱོན་པའི་ཡ་ཐོག་གི་དུས་རབས་ཤིག
བདག་གི་མེས་པོ་ཚོས་བརྒྱུད་མྱོང་།
ཉི་མ་ལྷ་རུ་བཀུར་བའི་གནའ་བོའི་མཆོད་བསྟོད་ཅིག
བདག་གི་ཡབ་མེས་ཚོས་ཀྱང་། བརྩམས་མྱོང་།

༤༽
བྲག་ཕུག་ཁྱིམ་དུ་བྱས་པའི་ཡར་ལུང་ཁོག་ནས།
མི་རིགས་ཤིག་གིས། རྩྭ་ཐང་དང་གངས་རི་དབང་དུ་བསྒྱུར།
རྟ་རྒོད་ཀྱི་རྨིག་སྒྲ་དང་། འབྲོང་དམར་གྱི་རྭ་རྩེ་བར་ནས།
ཡ་གླིང་གི་ས་ཆེན་སྟེང་། དཔའ་མཛངས་ཀྱི་དར་ཆ་དགུང་དུ་ཕྱར།

༤༽
ཉི་མ་རླུང་གིས་དེད་པའི་དུས་ཚིགས་དེས།
ཟླ་བ་འཁྱག་གིས་བཙེས་པའི་ནམ་ཟླ་དེས།
མཐའ་མཇུག་གི་དུས་རབས་ཀྱི་སྐྱོ་སྡུག་ཁུར་ཡོད་པ་ལས།
ལོ་རྒྱུས་ཀྱི་སྐྱོ་གར་ནི། སྔ་མོ་ནས་དབུ་བཙུགས་ཟིན།

༥༽
མི་སེམས་ཀྱི་ཐལ་རྡུལ་འཇགས་པའི་ཆར་རྒྱུན་དེས་མིན་ན།
རལ་གྲི་སྙིང་ལ་བརྡབས་པའི་སྐྱོ་གར་དེས་མིན་ན།
དུས་རབས་འདིར། བདག་ལའང་རྟ་ཕོ་གཤོག་ཐོག་ཅིག་དང་།
དབང་ཆོག་པའི་མཁའ་དབྱིངས་ཤིག ཡོད་ཆོག་ཨང་།

༦༽
ལོ་རྒྱུས་ཀྱི་ན་ཟུག་ཁུར་བའི་ཕ་མ་ཚོ་རྒས་དྲགས་སོང་།
མི་རིགས་ཀྱི་གདུང་བ་ལྕི་བའི་ན་མཉམ་ཚོ་སད་དྲགས་སོང་།
ལོ་རྒྱུས་ཀྱི་སྐྱོ་གར་རྨང་ནས་གཏོར་བའི་མི་རབས་ཤིག
དུས་རབས་འདིར། བདག་གིས་རེ་ཞིང་སྒུག

༢༠༡༤།༥།༡༦།མཚན་མོ།

རྩོམ་རིག

Post navigation

Previous Post: བོད་པའི་སྤྲུལ་སྐུ་ཞིག་ལ་ཨི་བྷོ་ལ་ནད་ཡམས་འགོས་འདུག་ཟེར།
Next Post: ཉི་འོག་གི་ངྷ་ས།

Comments (17) on “མི་རིགས་ཤིག་ཉམས་རྒུད་དུ་འགྲོ་བའི་དུས་སྐབས།”

  1. གསར་བརྗེ་སྐྱབས། says:
    2014-10-09 at 10:09 am

    སྙན་ངག་དང་ཆབ་སྲིད་ཀྱི་ལྟ་བ་མཐོན་པོར་ཕེབས་པ་ཞིག་གི་ལག་རྗེས་སོ། སྙན་ཆ་དང་བསམ་བློ་གཉིས་ཀ་གཏོང་རྒྱུ་འདུག་གོ

  2. ཅོ་རི་ཉི་མ། says:
    2014-10-09 at 10:12 am

    ཡག་པོ་བྲིས་འདུག

  3. དྲན་དཀར་དཔལ་ཡོན་ says:
    2014-10-09 at 11:52 am

    འདི་ན་ཡང་ཐང་ཁྲོམ་གྱི་ཚོང་རྫས་ཡག་པོ་བཀྲམས་འདུག ཡིན་ནའང་ང་ཉོ་སྤྱད་མེད། མི་སུ་ཡིན་ཡང་ཤུལ་རྗེས་མེད་པའི་མིའི་བཀའ་སློབ་ལ་ཉན་མི་སྲིད། དེ་ལས་ཀྱང་གཟུགས་མེད་དང་འདྲེའི་སྐད་ཆར་ཉན་མི་སྲིད།
    གཟུགས་ཅན་ཚོས་རྡ་ས་ནས་རྒྱལ་བ་རིན་པོ་ཆེ་ངེད་གཉིས་གཅིག་པོ་ལྷག་ལུས་སུ་འགྱུར་ངེས་ཅེས་པའང་། ཕྱེད་ཀ་ཏག་ཏག་ལས་བདེན་པ་ཆགས་མེད། ཐང་ཁྲོམ་ལ་བདག་པོ་གུང་ཏང་བར་བསླུར་མ་ངའི་རེ་བ། བག་ལེབ་ཧུར་ཐག་གིས་འཚོང་ཤིག ནམ་ཡིན་ཡང་ངས་ཉོ་ངེས་ཡིན། བརྩོན་པ་མ་བཏང་བར་ཧུར་ཐག་གྱིས། ཀོ་ལྷམ་དགུ་བཙེམ་མི་ནུས་པའི་མིས་སྐད་ཆ་དགུ་བཤད་པར་ང་ངེས་ལེན་མེད།

  4. ཨ་ནུ་ཐང་བསོད་ནམས། says:
    2014-10-09 at 5:34 pm

    ཡག་པོ་བྲིས་འདུག་དགའ་བསུ་ཡོད།

  5. ཨ་ནུ་ཐང་བསོད་ནམས། says:
    2014-10-09 at 5:35 pm

    རང་བཙན་མ་གཏོགས་མི་བརྗོད་མཁན་དང་དྲག་སྤྱོད་ལ་མོས་ཚུལ་བརྗོད་པ་ནི་ཁྱེད་ཀྱིས་ང་ཚོ་མཐོང་བའི་གཟུགས་བརྙན་ཡིན་པ་ལས་དོན་དངོས་དེ་ལྟར་མིན། ལྷག་པར་དུ་ཕྲན་ལྟ་བུ་ཡིན་ན་ཞི་དྲག་གཉིས་དང་། དེ་གཉིས་ཟླ་སོགས་གང་གིས་ཕན་ན་དེ་ལྟར་འགྲོ་དགོས་ཡ་ལས་མཐའ་གཅིག་ཏུ་ཆོས་ལུགས་ཀྱི་དག་སྣང་དང་དད་པ་སྒོམ་ཡུལ་ལྟར་དེ་ལ་མ་འགྲོ འདི་ལ་སོང་ན་ཡག་ཚུལ་གྱི་ཕྱོགས་རིས་བའི་ལྟ་ཚུལ་བཟུང་བ་ནི་ནམ་ཡང་མི་འོས་བ་འདོད། དེ་ལྟར་འདོད་པ་ཁོ་བོས་དེ་སྔོན་ནས་མང་དུ་བརྗོད་མྱོང་ཡོད། རྒྱུ་མཚན་ནི་ནད་ལ་སྨན་སྣ་གང་དང་། ཐབས་ལམ་གང་གིས་ཕན་ན་གནས་བབ་དང་སྟུན་ནས་དེ་སྤྱོད་རྒྱུ་ལས། ཚ་སྨན་དང་གྲང་སྨན་གཉིས་ཕྱོགས་རིས་བྱས་ཤིང་། ཚ་སྨན་ཡིན་ན་ཡག་ཚུལ་དང་། གྲང་སྨན་ཡིན་ན་སྡུག་ཚུལ་བརྗོད་པ་ནི་ནད་ཀྱི་གནས་བབ་དང་མ་སྟུན་པའི་བྱེད་ལས་རེད། གཙོ་བོའི་ནད་ཀྱི་འབྱུང་བ་དང་འགྱུར་འགྲོས་བཅས་ལ་སྟུན་ནས་ཚ་སྨན་དང་གྲང་སྨན། ཡང་ན་དེ་གཉིས་ཟླ་སྒྲིག་སོགས་གང་གིས་ཕན་ན་དེ་ལྟར་བཅོས་དགོས་བ་ལས། ཚ་སྨན་ཁོ་ན་སྤྲད་ན་ཡག་ཚུལ་གྱི་ལྟ་ཚུལ་བཟུང་ན་མི་འགྲིག་ལ། དེ་བཞིན་བོད་ཀྱི་རྩ་དོན་འགྲུབ་ཡ་ལ་ཞི་དྲག་དང་། དེ་གཉིས་ཟླ་སྒྲིག་སོགས་གང་ཞིག་གིས་ཕན་ན་དེ་ཡིས་གནས་བབ་དང་སྟུན་ཏེ་སྤྱོད་དགོས་བ་ལས། ཞི་བ་ཡིན་ན་ཡག་ཚུལ་དང་དྲག་པོ་ཡིན་ན་སྡུག་ཚུལ་གྱི་ཕྱོགས་རིས་བའི་ལྟ་སྟངས་བཟུང་བ་ཡིན་ན། ནད་གཞི་འམ་གནད་དོན་དེ་གཅོང་ནད་དུ་བཏང་བའི་གཞི་མ་ཡིན་པ་འདོད་ཀྱིན་ཡོད། འོན་ཀྱང་། ད་ལྟ་བོད་ཀྱི་ཆོས་དཔོན་ཚོ་དང་དེ་ཚོའི་རྗེས་འཇུག་པ་ཚོའི་གནང་ཕྱོགས་ལ་ལྟས་ན་དྲག་པོ་མི་མཚམས་པ་ཁོ་བོ་དེ་སྔོན་ནས་ཤེས་རྟོགས་བྱུང་ཡོད། རྒྱུ་མཚན་ནི། ཆོས་དཔོན་ནམ་བོད་ཀྱི་བསམ་བློའི་དབུ་ཁྲིད་ཚོས་བོད་ཀྱི་ཆེད་དུ་དམག་འཁྲུག་བྱེད་རྒྱུ་ལྟ་ཅི། ཐ་ན་ཁག་ཅིག་གིས་བོད་དོན་ནི་ཆབ་སྲིད་རེད་ཅེས་ན་གང་ཐུབ་ཀྱིས་རྒྱང་དུ་འགྲོ་མཁན་དང་། མི་མང་གི་མདུན་དུ་གསུངས་ཡ་ལ་འཚེ་སྣང་སྐྱེས་མཁན་ཡོད་པས། ཁ་ནས་བརྗོད་མི་ཕོད་མཁན་ཞིག་གིས་ལག་ལེན་དུ་སྟར་རྒྱུ་དེ་བས་ཁག་པོ་རེད། ལྷག་པར་དུ་བོད་ཀྱི་ཆོས་དཔོན་ནམ་སྤྲུལ་སྐུ་ཚོ་ལ་ཆོས་ལུགས་སམ། རང་ཉིད་ཀྱི་དགོན་སྡེ་དང་སྦྱིན་བདག གྲྭ་འབོར་མང་དུ་བཏང་རྒྱུ་ནི་བོད་དོན་ལས་ཀྱང་གལ་ཆེན་དུ་འཛིན་པས། ཆོས་རྒྱུད་བཞི་ཡི་བླ་ཆེན་སུ་ཞིག་གིས་བོད་ཀྱི་ཆེད་དུ་དམག་འཁྲུག་བྱེད་མི་སྲིད། མི་བྱེད་དེ། མི་བྱེད་པ་བཙན་བྱོལ་སླེབས་པ་དང་མཉམ་དུ། གློ་བ་དམག་སྒར་གཡུག་ནས་དགོན་པ་གསར་བརྒྱགས་གཙོ་བོ་གནང་བ་དེས་གསལ་བཤད་བྱས་ཡོད། དེ་འདྲའི་གནད་འགག་གི་ཆུ་ཚོད་ཅིག་གི་ནང་དུ་ཁོང་ཚོས་ཆ་ཤས་བླངས་ནས་བོད་དོན་དུ་མ་འཐབ་པ་ཡིན་ན། མ་འོངས་བ་ལ་དེ་བས་ཆ་ཤས་ལེན་རྒྱུ་ནི་གནམ་གྱི་མེ་ཏོག་རེད། དེ་བརྟེན། ད་ལྟ་བོད་པ་དྲག་ལམ་དུ་སྐྱོད་རྒྱུའི་ནུས་བ་མེད། དྲག་ལམ་དུ་སྐྱོད་མཁན་བྱུང་ན། ཕྱི་དགྲ་ལྟ་ཅི། ནང་དགྲ་འབྱུང་ཞིིང་བོད་ཀྱི་ཆོས་དཔོན་དང་། དེ་དག་གི་རྗེས་འཇུག་ཚོས་ཁོང་ཚོའི་སྦྱིན་བདག་འཚོལ་རྒྱུ་དང་། ཆོས་ལུགས་སྤེལ་རྒྱུ་ལ་འགོག་རྐྱེན་བཏང་བ་སེམས་ནས་རྒོལ་རྡུང་ཕོགས་ངེས་རེད། ལས་དོན་གང་ཞིག་ཡིན་ཡང་སྤྱི་ཚོགས་དེའི་མང་ཚོགས་དང་། ལྷག་པར་དུ་གནད་དོན་གྱི་མི་དཔོན་ཚོས་རྒྱབ་སྐྱོར་མེད་ན། ལས་འགུལ་དེ་མངོན་འགྱུར་ཡོང་བ་དཀའ་ལ། མི་རེ་ཟུང་ཞིག་དྲག་ལམ་དུ་ཞུགས་པ་དེས་མ་རོལ་བ་འདུལ་རྒྱུ་ལྟ་ཅི། ཐ་ན་ལས་འགུལ་་རྒྱུན་གནས་ཡོང་བ་ལ་མི་རྒྱུ་གཉིས་ཀྱི་མཐུན་རྐྱེན་མི་འདང་བའི་དཀའ་ངལ་འཕྲད་པས། ལམ་འགྲོ་ཡོང་ཐབས་མེད་པས། བོད་ལ་དྲག་པོ་མི་མཚམས། འགྲིག་ཀྱང་མ་འགྲིག་ཀྱང་ཞི་ལམ་གདམ་ཀ་མེད། དེ་ལྟར་མེད་པ་བཟོ་མཁན་གཙོ་བོ་བོད་པ་བཟོོ་མཁན་བོད་ཀྱི་དབུ་ཁྲིད་རྣམས་རེད། འོན་ཀྱང་། ཁ་ཆེའི་དྲག་སྤྱོད་པའི་དཔའ་མཛངས་ལ་འཛམ་གླིང་མི་མང་ཧང་སང་ཡོད་ཅིང་། ཁོང་ཚོ་ལ་དཔའ་མཛངས་ལྡན་པ་དངོས་ཡོད་ཡིན་པས། དངོོས་ཡོད་བརྗོད་པས་ཁྱེད་ཉིད་མ་མོས་ན་ཐབས་ལམ་གཞན་དུ་མ་མཆིས། ཐ་ན་ཨ་རིའི་དམག་དོན་ཉམས་པ་མང་པོ ISIS ཐབས་ཇུས་ལ་ཧ་ལས་འདུག ལོ་ངོ་གསུམ་གྱི་ནང་ཁོང་ཚོ་དེ་ལྟར་སྟོབས་ཆེན་ཞིག་ཆགས་པ་ཉེར་རབས་འཛམ་གླིང་གི་ལོ་རྒྱུས་ཀྱི་ཁྲོད་ཐོག་མ་ཡིན་པ་འགྲེལ་གྱི་འདུག

  6. ཨ་ནུ་ཐང་བསོད་ནམས། says:
    2014-10-09 at 5:36 pm

    མཆན་རྗེས་མ་དེ་འདེབས་ས་ནོར་འདུག དགོངས་དག་ཞུ།

  7. དཔལ་དོན། says:
    2014-10-10 at 12:26 am

    ཧ་ཧ་་་་དངོས་གནས་དྲ་འབུའི་ཟས་མཆོག་ཅིག་བཀྲམ་འདུག རྒྱལ་ཁབ་ཤོར་ནས་དྲན་དུ་འགྱུར་ཟེར་བ་ཞིག་ཡོད་རེད། རྒྱལ་ཁབ་བཙོང་བའི་དཔེར་མཚོན་ཞིག་མི་རིགས་ལ་དབྱེ་བ་མེད་པར་ལོ་རྒྱུས་ནང་ནས་རྙེད་འུ་ཐུབ། ཐུབ་ན་དེའི་དཔེར་མཚོན་ཞིག་འཇོག་རོགས། ཇི་ལྟ་བུ་ཞིག་ལ་རྒྱལ་ཁབ་བཙོང་ཟེར་དགོས་པ་རེད་དམ།

  8. རྡོ་རྗེ་རིན་ཆེན། says:
    2014-10-10 at 2:47 am

    ཡག་གི་བཟང་གི་བརྗོད་མཁན་དང་། གཙོག་གི་སྡུག་གི་སྨྲ་མཁན་གྱི་རྣམ་པ་ཚང་མས། རང་རང་གི་བསམ་ཚུལ་དང་རང་ལུགས་གསོང་བོར་བརྗོད་པར་ཐུགས་རྗེ་ཆེ། ཡིན་ནའང་། ཤེས་མིན་ཚང་མས་འདྲ་འབུ་ལ་དམོད་པའི་ཁ་གཡང་ཞིག་སྔོན་ནས་དར་ཡོད་པ་རེད་མོད། དོན་དུ། དྲ་འབུ་ལ་དམོད་པ་གཏོང་མཁན་དག་ནི། ཏག་ཏག་དྲ་འབུ་རྐྱང་ཡིན་པའང་ཁོ་བོས་སྔོན་ནས་ཤེས་ཤིང་རྟོགས་ནས་ཡོད།
    རང་ཉིད་དྲ་འབུ་ཡིན་བཞིན་དུ་གཞན་ལ་དྲ་འབུ་ལབ་མཁན་གྱི་གང་རྣམས་ལ་གོ་བར་བྱ་རྒྱུ་ནི། ཁྱེད་ཅག་གི་ཁོ་བོ་དྲ་འབུ་རེད་འདོད་ན་ཁྱོད་རང་དངོས་ནས་ནོར་བ་རེད་འཁྲུལ་བ་རེད་དེ། མི་བདེན་ན། <>དང་<>ཏུ་འབོད་པ་གཉིས་ཀའི་སྟེང་དུ། ཕ་མས་གནང་བའི་མིང་ཡིག་འདི་ཁོ་ན་བཀོད་ནས་ཡོད་དོ།། ཚེ་རིང་ལོ་བརྒྱ། ________རྡོ་རྗེ་རིན་ཆེན་ནམ་སྐྱ་རེངས་སུ་འབོད་པ་ནས།

  9. རྡོ་རྗེ་རིན་ཆེན། says:
    2014-10-10 at 2:57 am

    དྲ་རྒྱ་དང་གང་གི་ལན་མིན་མ་ཤེས། གུག་རྟགས་ནང་གི་དཔེ་མིང་༼ འཆི་གསོན་གྱི་གདམ་ག ༽དང་༼ འཆར་ཡན་དང་ཚོར་རྟོག ༽གཉིས་བོ་དྲ་ངོས་སུ་འཆར་མི་འདུག་པས། འདིར་བསྐྱད་དུ་མཆན་ཐུང་འདི་སྤེལ་དགོས་བྱུང་སོང་། ཐུགས་རྗེ་ཆེ།

  10. ཁྱུང་སེ། says:
    2014-10-10 at 3:30 am

    མི་རིགས་ཤིག་ཉམས་རྒུད་དུ་འབྱུང་བའི་སྔ་ལྟས་ནི། མི་རིགས་རང་ཉིད་ཀྱི་ཆོས་ལུགས་ལ་དགའ་ཞེན་མེད་ནས།ཕྱི་ཡི་ཕྱི་ཆོས་ལ་དགའ་ཞེན་ཆེ་བ་དང། མི་རིགས་རང་ཉིད་ཀྱི་ཆས་ལུགས་ལ་དགའ་ཞེན་མེད་ནས། གཞན་གྱི་ཆས་ལུགས་ལ་ཡིད་སྨོན་ཤོར་བ། མི་རིགས་རང་ཉིད་ཀྱི་རྒྱལ་པོ་བཙན་པོ་གྲི་རུ་བཀུམས་པ། མི་རིགས་རང་ཉིད་ཀྱི་བུད་མེད་ལས་གཞན་གྱི་བུད་མེད་ལ་སེམས་ཤོར་བ། མི་རིགས་རང་ཉིད་ཀྱི་སྐད་ཡིག་ལས་གཞན་གྱི་སྐད་ཡིག་ལ་དོ་སྣང་ཆེ་བ་སོགས་འབྱུང་བ
    ནི་རང་ཉིད་ཉམས་བྱེད་ཀྱི་རྟགས་མཚན་ངོ་མ་དེ་རེད།

  11. གནམ says:
    2014-10-10 at 12:02 pm

    སྟོབས་ལྡན་ཅན་གྱི་བཙན་འཛུལ་བའི་རྒྱལ་ཁབ་ཞིག་ཡོད་ཕྱིན་དུ། བོད་འདྲ་མོ་ཆུང་ཆུང་ཚོ་དེ་ཡི་བཙན་འཛུག་གི་འོག་ལ་འགྲོ་ཡ་ལས། ཅི་གང་ལ་འཇོན་ནི་མ་རེད། ཕོ་སྐྱེས་ཚང་མ་ཤུ་ཐུབ་ཡིན་ན་ཡང་ཡོང་ནི་མ་རེད། གྲྭ་བའི་སྒང་ལ་སྔགས་པ་སླེབས་པ་ཡིན་ན་ཡང་ཡོང་ནི་མ་རེད། དེ་ལས་རྒྱུ་དང་དངོས་བོ་ཚོལ། རིག་གནས་དང་གོ་ས་ཚོལ། བོད་པ་ཚོ་རྡོག་རྡོག་ལ་འཛིན་སྤྱད་ཀྱི་ཆོས་དང་འདུ་ཤེས་མ་བརླག་པ་བྱོས།
    ནམ་ཞིག་སྟོབས་ལྡན་རྒྱལ་ཁབ་ཚོ་སིལ་བུར་འཐོར་བ་བྱུང་ན། གྲ་སྒྲིག་དགོས་བ་རེད། དེ་ཡི་དུས། ཤ་སྐལ་དང་ཟ་སྐལ་རེ་ལེན་ཐུབ་ན་བུ་རེད། དེ་མིན། ནང་དགྲ་བསགས་ན་དགེ་བ་དང་དགོས་བ་ཀྱང་ཡོད་ནི་མ་རེད། ཁྱེད་ཚོ་ལ། བོད་པ་ཚང་གི་ནང་གྱོད་རེ་མ་གཏོགས། གཞན་སྐྱག་པ་ལ་ཤེས་ནི་རེད་མི་འདུག། དགྱ་ནག་སྟོབས་ཆེན་ཡིན་པའི་ཡིན་ལུགས་བཤད་ཡ་མི་འདུག། ཕྱི་གླིང་རྒྱལ་ཁབ་གྱིས་རོགས་པ་བྱེད་པའི་བྱེད་ཚུལ་བཤད་ཡ་མི་འདུག།
    གཞན་གྱིས་རོགས་སྐྱོར་ཞིག་ཡོད་མདོག་གིས། ཅང་ཡོང་ནི་མ་རེད། བོད་རང་བཙན་ལ་རོགས་པ་བྱེད་ནིའི་རྒྱལ་ཁབ་དམགས་ཀྱི་སྟོབས་ཤིགས་བཀོལ་མཁན་ཞིག་ཡོང་མི་སྲིད་པ་རེད། དགྱ་ནག་གི་སྟོབས་འབྱོར་གཏོར་བྱེད་ལ་བོད་དོན་ཞིག་གླེང་སྲིད་ན་ཡང་། དེ་ཡི་མཇུག་འབྲས་ནི་བོད་ལ་དགོས་བའི་མཇུག་འབྲས་དེ་ཡིན་མི་སུས་གསལ་ཁ་སྟེར་ཐུབ་བམ།

  12. གནམ says:
    2014-10-10 at 12:03 pm

    སྟོབས་ཤུགས

  13. རྔ་རྒོད། says:
    2014-10-10 at 1:57 pm

    ༼ རྔ་རྒོད༽
    འཛམ་གླིང་གཡས་བསྐོར་གཡོན་བསྐོར་མ་བྱས་པར།།
    རིགས་པ་ཕྲ་མོ་ཙམ་གྱི་རྒྱབ་ལོག་ནས།།
    ཡར་མར་ཀུན་ལ་སྡོམ་ཚིག་རྒྱག་མཁན་ཚོ།།
    ས་སྟེང་མཁས་པའི་མདུན་ལ་གཅེར་བུ་རེད།།

    རང་གི་ལྷན་སྐྱེས་ཕྲ་མོའི་གོམས་གཤིས་ལ།།
    དགོན་སློབ་གང་དུ་ཕེབས་ཀྱང་བཅོས་བསྒྱུར་མེད།།
    རང་གི་རིགས་ལ་དུངས་པའི་ལར་ཞེན་དེ།།
    ཕྱི་ནང་གང་གིས་བཙུར་ཡང་འཇོམས་པ་མེད།།

    རིག་གནས་ཀུན་གྱི་རྩ་བ་རྟོགས་དགོས་ན།།
    མི་ཚེ་གང་བོར་བསླབས་ཀྱང་ཚར་རྒྱུ་མེད།།
    དེའི་ཕྱིར་རང་གི་བློ་ལ་འབབ་འོས་པའི།།
    གནས་ལུགས་རགས་ཙམ་རྙེད་ན་རང་གི་རྒྱན།།

    ཆོས་པས་ཚན་རིག་བསླབས་པ་སྲིད་དོན་རེད།།
    ཚན་རིག་ངེས་འབྱུང་རྙེད་དུས་རང་སྡོམ་ཤོར།།
    སྲིད་པས་བདེན་རྫུན་གང་བཤད་རང་འཚོའི་དོན།།
    འཁོར་བའི་གནས་ལུགས་འཚོལ་ན་དེ་དོན་ནོ།།
    ༢༠༡༤/༡༠/༡༠
    ཐོག་མར རྩོམ་འཆར་འདི་འབྲི་དུས་ཁྱེད་ཀྱི་རྩོམ་མཐོང་མེད་མོད། འོན་ཀྱང་ཉིད་ཀྱི་རྩོམ་དང་མ་པོར་སྦྱར་ན་འོས་སྙམ་པ་ཙམ་མོ།།

  14. རྔ་རྒོད། says:
    2014-10-10 at 2:02 pm

    རང་གི་རྩོམ་དང་མཉམ་པོར་སྦྱར་ན་འོས་ཤིང་ལེགས་པར་འདོད་པ་ཙམ་ཡིན།

  15. ཀརྡོ་གཉེར་ཕྱག་པ་ says:
    2014-10-10 at 2:30 pm

    བོད་རིགས་ཉམས་རྒུད་གསོས།
    མི་རིགས་གཞན་དང་གཉེན་སྒྲིག་བྱས་ནས་བོད་རིགས་ཉམས་རྒུད་གསོས། །
    མི་རིགས་གཞན་གྱི་སྐད་ཡིག་སྦྱངས་ནས་བོད་རིགས་ཉམས་རྒུད་གསོས། །
    མི་རིགས་གཞན་གྱི་ཉམས་མྱོང་སྦྱངས་ནས་བོད་རིགས་ཉམས་རྒུད་གསོས། །
    མི་རིགས་གཞན་གྱི་ལད་མོ་བྱས་ནས་བོད་རིགས་ཉམས་རྒུད་གསོས། །

  16. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-10-11 at 7:56 am

    རིག་་པ་རིག་པས་བརྗེ་བའམ།
    ཡང་ན་རིག་པ་ནོར་གྱིས་བླུ།
    ་
    སུས་རིག་པ་བརྗེ་ལེན་བྱེད་བྱེད་པ་དང་། རིག་པ་ནོར་གྱིས་བླུ། དེ་ལ་མི་མོས་ན། རང་སྡུག་རང་གིས་ཉོས། སྔོན་བོད་ལ་གསེར་ཡོད་པས། ཁྱིམ་མཚེས་ཀྱི་ཡུལ་དག་ནས་རིག་གཞུང་བླུ་ཐུབ་པ་བྱུང་། ད་ལྟ་ཡང་ཛམ་གླིང་གི་རིག་གཞུང་དག་ཕྱུག་པོའི་ཡུལ་དུ་འགྲོ། རྒྱ་གར་པ་མི་ཞིག་གིས་བཤད་པ་བདེན་པར་མཆིས་ཏེ། དང་པོ་གྲོད་པ་རྒྱགས་དགོས། དེ་ནས་ཐུབ་ན། རིག་པ་ལེན་པ་ཡིན། ཞེས་བཤད།
    སྔར་བོད་ཀྱི་སྒྲ་གདངས་ཁ་ནས་འཐོན་པ་ཤུགས་ཆེ་བས་ཡི་གེ་དག་པ་བྱུང་། དིང་སང་བོད་ཀྱི་མིང་ཚིག་དག་གི་མང་ཆེ་བ་ཁ་ནས་མ་འཐོན་པའི་དབང་གིས་འབྲི་ཐུབ་པ་མེད། དེ་ཡིས་རིག་གཞུང་གི་མིང་ཚིག་དག་ཉམས་རྒུད་དུ་འགྲོ་བས། ཐ་མ་ཐ་མ་བོད་དུ་སྔོན་གྱི་མེས་པོ་དག་གིས་བླུས་པའི་རིག་གཞུང་དེ་དག་བརླག་སྟོར་དུ་འགྲོ་བ་གདོན་མི་ཟ། འོན་ཀྱང་འདི་ཉིད་སྲུང་བ་ལ་བརྩོན་ན། མི་ཐུབ་པ་ཞིག་ག་ལ་ཡིན།
    ་
    གོམས་ལ་སླ་བར་མི་འགྱུར་བའི།
    དངོས་དེ་གང་ཡང་ཡོད་མ་ཡིན
    ཞེས་གསུངས་པ་ལྟར་རོ།
    ་
    ངའི་ལས་གྲོགས་རྒྱ་ནག་པ་ཞིག་ཡོད་པ་ནས། ཚེ་འདིར་ཕན་ཐོགས་ངེས་པ་མེད་ཀྱང་། སྤྱི་ཐབ་ཏུ་ཟས་སྤྱོད་དུས་སུ། ལེགས་སྦྱར་གྱི་སྒྲ་རེ་དང་། རྒྱ་སྐད་ཀྱི་སྒྲ་རེ་བརྗེ་ལེན་བྱེད། ཤྱཱ་མ་ཞེ་པའི་ཡུལ་སྐད་སྦྱོང་བ་གལ་ཆེ་བས་འཛིན་གྲྭ་ཚོགས་སྐབས་སློབ་གཉེར་པ་རེ་ནས་ཡུལ་འདི་མིང་ཚིག་རེ་སྦྱོང་བའི་གནས་ཚུལ་ལགས་སོ།

  17. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-10-11 at 10:00 am

    རིག་གནས་སྒྲོག་སྤེལ”ཞེས་འབོད་དོ།། ཞེས་པ་ན་སྒྲོག་ཅེས་ཁ་སྡོམ་པ་དང་། སྤེལ་བ་ཞེས་པ་བསྐྱེད་པ་ལ་གོ་བ་ཞིག་འདུག་སྙམ་མོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme