Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྔོན་གྱི་མཁས་པའི་གཟིགས་སྣང་གི་སྤྲུལ་གདུང་།

Posted on 2014-10-042014-10-04 By ཁ་བརྡ་ 10 Comments on སྔོན་གྱི་མཁས་པའི་གཟིགས་སྣང་གི་སྤྲུལ་གདུང་།

སྐྱོ་བྲག་དགའ་དབང་།

རྐང་གཉིས་གཙོ་བོ་ཐུབ་པའི་དབང་པོ་མཆོག་གིས། འགྲོ་བ་རྣམས་ཀྱི་སེམས་རྒྱུད་ཀྱི་བག་ཆགས་མི་འདྲ་བའི་དབང་གིས་མཐོང་སྣང་ཡང་མི་འདྲ་བ་ཡིན་པར་གསུང་ཡོད་པ་བཞིན། དངོས་པོ་གཅིག་ལའང་གང་ཟག་སོ་སོའི་བཟང་ངན་གྱི་མཐོང་སྣང་མི་འདྲ་བ་ཡིན་པའི་ཕྱིར་ན། གདུང་བརྒྱུད་དང་སྤྲུལ་བརྒྱུད་དག་ལའང་མཁས་པ་རྣམས་ཀྱི་གཟིགས་སྣང་མི་འདྲ་བ་ཡིན་ཏེ། ཞྭ་དམར་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་གི་ཞལ་སློབ་འགྲོ་མགོན་ཀརྨ་ཆགས་མེད་ཀྱིས། རི་ཆོས་མཚམས་ཀྱི་ཞལ་གདམས་སུ། ཞིང་ཁམས་མི་བགྲོད་སྐྱེ་བ་ལེན་པ་ནི། །གང་ཡིན་མི་སྐྱེ་མངལ་ནི་གདམ་བྱ་སྟེ། །རིགས་རྒྱུད་གདུང་རྒྱུད་བཟང་པོར་བསམ་བཞིན་འཁྲུངས། །ལས་ཅན་སྐྱེས་བུ་དེ་འདྲ་མ་གཏོགས་པ། །བླ་མ་གོང་མའི་ཐུགས་བསྐྱེད་སྨོན་ལམ་དང་། །བཀའ་སྲུང་ཆོས་སྐྱོང་རྣམས་ལ་གཉེར་གཏད་པས། །ཕལ་པ་གདུང་རྒྱུད་བཟང་པོར་ཉེ་མི་ནུས། །གལ་ཏེ་སྐྱེས་ཀྱང་བཀའ་སྲུང་དེ་ཡིས་བསྒྲལ། །གདུང་རྒྱུད་ངོ་མཚར་ཆེ་དོན་དེ་ལྟར་ལགས། །ཞེས་གདུང་རྒྱུད་བཟང་པོ་རྣམས་སུ་ཕལ་པའི་གང་ཟག་སྐྱེ་བར་མི་ནུས་པས་ན་ལས་ཅན་གྱི་སྐྱེས་བུ་ཤ་སྟག་ཡིན་ཕྱིར་ངོ་མཚར་ཆེ་བར་གསུངས་པ་བཞིན། རྔོག་པ་དང་ས་སྐྱའི་གདུང་རྒྱུད་སོགས་ཀྱིས་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་ཐད་གཟི་འོད་འཕྲོ་བའི་མཛད་རྗེས་བཞག་ཡོད།

ཡང་། སྙིང་རྗེ་ཆེ་ཞིང་སེམས་དཔའ་མཐུ་ཆེན་རྣམས། །ཕ་མ་སྡིག་ཅན་འམ་ནི་དབུལ་ཕོངས་ལ། །སྙིང་རྗེའི་དབང་གིས་སྐྱོབ་ཕྱིར་སྐྱེ་བ་ལེན། །རྒྱལ་བ་མཆོག་སོགས་སྤྲང་པོར་སྐྱེ་དོན་དེ། །ཕ་མ་མ་རུངས་ལས་ངན་བདུད་འདྲེའི་རིགས། །དེ་འདྲའི་ཁ་ནོན་ཕྱིར་དུ་འཁྲུངས་པའང་ཡོད། །ཕ་མ་སྦས་ཚུལ་དཔའ་བོ་མཁའ་འགྲོའི་རིགས། །རིགས་མཐུན་ཕྱིར་ན་དེ་འདྲར་སྐྱེ་བའང་ཡོད། །ཕ་མ་སྔགས་འཆང་རྩ་རླུང་དབང་ཐོབ་པས། །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་ཕྱིར་སྐྱེ། །བསམ་བཞིན་སྐྱེ་བ་བཞེས་པ་དེ་ལགས་སོ། །ཞེས་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་བསམ་བཞིན་དུ་ཕ་མ་སྣ་ཚོགས་པར་སྐྱེ་བ་བཞེས་པ་ནི་རྒྱལ་བ་ཀརྨ་པ་སོགས་ཡིན་པར་གསུངས་པ་བཞིན། སྤྲུལ་པའི་སྐུ་རྣམས་ཀྱིས་མཛད་རྗེས་བླ་ན་མེད་པ་བཞག་པའང་ཆེས་མང་ངོ། །

གདུང་རྒྱུད་དང་སྤྲུལ་རྒྱུད་ཀྱི་མིང་ཐོགས་ཚད་ཚང་མ་ཡག་པོ་ཡག་རྐྱང་མ་རེད་ལ། མཁས་པ་རྣམས་ཀྱི་གཟིགས་སྣང་ཡང་གཅིག་པ་མིན་པའི་ཕྱིར་ན། ཀརྨ་པ་མི་བསྐྱོད་རྡོ་རྗེའི་ཞལ་སློབ་དག་ཡིག་ངག་སྒྲོན་གྱི་མཛད་པོ་དཔལ་སྒང་པ་ཆོས་མཛད་ལོ་ཙཱས། ཀརྨ་ཤིང་རྟའི་མཇུག་རྩོམ་དུ། སོ་སྐྱེ་ལས་ཀྱི་འཁྲུལ་འཁོར་གྱིས། །སྲིད་འགྲོ་གར་སྐྱེའི་གཏོལ་མེད་ལ། །སྐྱེ་བ་སྤྲུལ་སྐུ་འཁྲུངས་སོ་ཞེས། །དེ་མ་ཡིན་ལ་དེར་འཛིན་དང་། །འཁོར་དང་ལོངས་སྤྱོད་ཀྱིས་མཐོ་བའི། །ཆེན་པོའི་རྒྱུད་དུ་སྐྱེས་པའི་རིགས། །བྱིས་བུ་བློ་མ་སྦྱངས་རྣམས་ལ། །སྤྲུལ་པའི་སྐུ་དང་གདུང་རྒྱུད་ཅེས། །ཆེ་གཉན་མིང་དང་དར་ཟབ་ཀྱི། །སྦུབས་སུ་ཀླུབས་པའི་ཟོལ་སྦྱོར་ལ། །རང་གཞན་འདྲེན་པར་ལྟ་བའི་བདུད། །འདི་ཡིས་འཇིག་རྟེན་ཕལ་ཆེར་བསླུས། །ཞེས་སོ་སྐྱེ་ལས་ཀྱིས་ཆེན་པོའི་རྒྱུད་དུ་སྐྱེས་པ་རྣམས་ལ་སྤྲུལ་པའི་སྐུ་དང་གདུང་རྒྱུད་ཅེས་ཆེ་གཉན་གྱི་མིང་དང་དར་ཟབ་ཀྱིས་བཀླུབས་པར་རང་གཞན་འདྲེན་པའི་བླ་མར་ལྟ་བའི་བདུད་ལས་ཀྱིས་འཇིག་རྟེན་མགོ་སྐོར་བསླུ་བྲིད་བྱེད་པར་གསུང་པ་བཞིན་ཡང་བྱུང་ཡོད་པ་རེད།
དེ་ལྟར་ན་སྤྲུལ་སྐུ་དང་གདུང་རྒྱུད་ལ་བལྟ་ཚུལ་མ་འདྲ་བ་ནི་བོད་ཡུལ་དུ་གནའ་ནས་ཡོད་པ་ཞིག་ལས་དིང་གི་དུས་ན་གསར་དུ་བྱུང་བའི་རྩོད་རྙོག་ཡ་མ་བརླ་ཞིག་མིན་པ་ཤེས་པར་བྱའོ། །

རྩོམ་རིག

Post navigation

Previous Post: འདུ་ཤེས་དམར་བོ།
Next Post: <<ཨིན་བོད་ལྷན་སྦྱར་གྱི་སྙན་ངག་ཅིག>>

Comments (10) on “སྔོན་གྱི་མཁས་པའི་གཟིགས་སྣང་གི་སྤྲུལ་གདུང་།”

  1. ཁྱུང་སེ། says:
    2014-10-04 at 9:51 am

    འོ་ཤེས་བཞིན་ཡོད། བོད་རྨོངས་དད་ཅན་རྗེས་ལུས་ཅན་ལ་གདུང་རྒྱུད་དང་རིགས་རྒྱུད་གཙིགས་ཆེ་རུང་དུས་རབས་གསར་པ་ཀླད་པ་གསར་པ་མི་རབས་གསར་པ་རྣམས་ལ་དེ་ཚོའི་རིགས་གཙིགས་མི་ཆེ་རིགས་རུས་མི་གཙོ། ཞེས་པའི་ལུང་གིས་སྒྲུབ་ཟིན་ཡོད། ད་ལྟ་རྒྱ་གར་སོགས་སུ་མི་རིགས་བཟང་ངན་ཤོད་ས་མེད། ཨ་རིར་མི་རིགས་དཀར་ནག་ཤོད་ས་མེད། རྗེས་ལུས་ཅན་རྨོངས་དད་ཅན་བཀས་བཀོད་རྒྱུད་འཛིན་སྒེར་གཅོད་པ་རྣམས་ལ་དེ་འདྲ་གཙིགས་ཆེན་པོ་ཡིན་གྱི་རེད་དེ་ནི་མི་རྣམས་ལ་མཐོང་སྣང་མི་འདྲ་བ་ཡོད་པ་ནི། རིགས་དྲུག་ཆུ་ལ་དྲུག་ཏུ་སྣང་མཐོང་བ་བཞིན་རེད།

  2. བོད་ཀྱི་གཡག says:
    2014-10-04 at 10:46 am

    བོད་ཀྱི་གདུང་རྒྱུད་དེ་ཚོའི་སྐོར་གཅིག་བཤད་སྐབས་ཕ་ལྷ་དང་མ་ཀླུ་སོགས་འཛམ་གླིང་འདི་སྐར་ཆ་གཅིག་གི་ནང་དབང་བསྒྱུར་ཐུབ་མཁན་འདྲ་ཞིག་བཤད་རྒྱུ་ཡོད་རེད། དོན་ངོ་མ་ནི་རང་ཉིད་ཀྱི་ལམ་ཁ་གང་ཞིག་ཏུ་སླེབས་ཡོད་མེད་མི་ཤེས་མཁན་ཨ་ཅང་ཅང་། ད་དུང་དུས་རབས་འདི་ཙམ་ཞིག་ལ་སླེབས་ཀྱང་ཡང་གདུང་རྒྱུད་སྐོར་གཅིག་བཤད་ཁུལ་བྱེད། ལུང་ཆུང་ཞིག་གི་ནང་འགོ་འཁོར་སྡད་ཡོད་པ་མི་ཤེས་པར་བོད་རྨང་དད་བླུན་ཐམ་ཅན་འགའ་ཞིག་འགོ་སྐོར་གཏོང་ཐུབ་པ་ཙམ་ཞིག་ལ། སུས་ཀྱང་གདུང་རྒྱུད་ལྷ་ཀླུ་བཤད་ནས་ཁ་ཕོ་འཐེན་ས་མེད། བོད་ཀྱི་གདུང་རྒྱུད་དག་ལ་ཡིད་ཆེད་བྱས་ནས་ལྔ་བཅུ་ང་དགུ་བར་ཡོང་བར་རེད། སྐབས་དེ་དུས་གདུང་རྒྱུད་དང་སྐུ་དྲག བླ་སྤྲུལ་སོགས་ལ་གཅིག་བྱེད་རྒྱུ་ཡོད་ན་བྱེད་དགོས་ཀྱང་འགོ་ལག་པས་བཀག་ནས་བྲོས་འགྲོ་མཁན་ཞིག་ལས་གང་ཡང་འཇོན་མེད།

  3. ཀརྡོ་གཉེར་ཕྱག་པ་ says:
    2014-10-04 at 2:47 pm

    སྤྲུལ་རྫུན་སྲོལ་ངན་ངན་རབས་ཆད་འགྱུར་ནས། །
    སྤྲུལ་སྐུ་རྒྱུན་ཆད་མེད་པར་འཁྲུངས་པར་ཤོག །
    གདུང་རབས་ཕན་མེད་ནུས་མེད་ཆད་འགྱུར་ནས། །
    གདུང་རབས་གདུང་རྒྱུད་ཁྲིམས་བཟང་འཁྲུངས་འགྱུར་ཅིག །

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-10-04 at 11:18 pm

    སྐྱོ་བྲག་དགའ་དབང་མཆོག་གིས་ལེགས་པར་བྲིས། ང་སྔོན་གྱི་བོད་པས་རིག་གཞུང་འཛིན་པར་མ་ཟད་དེ་དག་གོང་འཕེལ་མཛད་པར་ངོ་མཚར་སྐྱེ། བོད་ཡུལ་མི་གྲངས་ཉུང་ལ་ས་རི་རོང་ཐང་ཆེན་པོ་སོགས་ཀྱིས་སྟབས་མི་བདེ་ཡང་། ཛམ་གླིང་གི་ཡུལ་གཞན་ལ་བལྟོས་པས། ངོ་མཚར་ཆེ་བའི་མཛད་པ་དེ་དག་སྤྲུལ་སྐུ་མེད་ན། སྐྱེ་བོ་རང་དགའ་བས་གྲུབ་ཐུབ་པར་དཀའ་བར་སེམས། དེ་ཡང་སྔོན་གྱི་མཁས་དབང་། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། ༡༣༧༥ ནས་ ༡༤༥༡ པ་དང་། ཕྱིས་ཀྱི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་སོགས་སྤྲུལ་སྐུ་མ་ཡིན་ན། སྐྱེ་བོ་ཕལ་པ་བདག་ལྟ་བུས་ཇི་ཙམ་འབད་པ་བྱས་ཀྱང་བྱ་ཆེན་པོ་གྲུབ་དཀའ།
    དེ་ཡང་དིང་སང་བོད་དུ་སྤྲུལ་སྐུ་མང་བས། སྤྲུལ་སྐུ་དངོས་མ་ཡིན་པ་དང་མ་ཡིན་པ་སྣ་ཚོགས་པ་ཡོད། དེ་དག་གི་སྤྱོད་པས་བོད་ཀྱི་མི་མང་པོ་ལ་དཀའ་ངལ་ཡོད་པར་མཐོང་། སྔོན་རྒྱ་གར་ཝཱ་རཱ་ཎ་སཱིར་སློབ་གྲོགས་ཤིག་གིས་གང་ཡང་མང་དྲགས་ན། སྐྱོན་ཡོད། ཉུང་ན་ཡོན་ཏན་ཡོད། ཅེས་པ་བདེན་པར་སྣང་། ཞེས་སོ།

  5. ཁྱུང་སེ། says:
    2014-10-04 at 11:26 pm

    རྒན་ལ་དྭགས་པ་འདི་ལ་ཨུ་ཚུགས་ཚ་བོ་ཞེ་དྲགས་ཡིན་ས་རེད། མ་གཞི་ནས་ཁྱེད་རང་གིས་བཤད་པའི་བོད་སྐད་དེ་ཚོ་རྡོ་ཆག་བཙན་སྒྲིགས་བྱས་པའི་བཟོ་འདྲ་ཞིག་འདུག་དགོངས་པ་མ་འཚོམས་རོགས། དབྱིན་འཇི་བོད་སྐད་བརྒྱབ་མཁན་གྱིས་བོད་སྐད་བཤད་པ་ནང་བཞིན་འདུག དབྱིན་འཇི་བོད་སྐད་བཤད་མཁན་ཞིག་གིས་ང་ལ་འདི་ལྟར་བཤད། ཁྱེད་རང་གི་ཡིག་གཟུགས་དཔེ་སྐྱིད་པོ་འདུག་ཟེར། དོན་དུ་ཁྱེད་རང་གི་ཡིག་གཟུགས་དཔེ་ཡག་པོ་འདུག་ཟེར་གྱི་ཡོད་པ་འདྲ།

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-10-05 at 11:49 am

    དགེ་བའི་བཤེས་གཉེན་སྤོང་ཤོད་ནང་པའི་ཕྱག་ཏུ་ཕུལ་བ།
    ཁམས་བཟང་པོའི་ཐད་ནས་གསུང་ཤོག་དངུལ་ཕོར་དང་དར་གྱི་རྟེན་དང་བཅས་པ་བསྐུར་པ་་འདིར་སྤྲོད་པ་ཡིད་རབ་ཏུ་སྤྲོ། འདིར་ཡང་དགེ་བར་མཆིས། སྐབས་ཀྱི་དོན།

    དྲི་བཅས་སེམས་ཀྱི་རང་བཞིན་གཞི།
    ཐབས་ཤེས་ཟུང་དུ་འབྲེལ་པ་ལམ།
    ཆོས་དང་གཟུགས་ཀྱི་སྐུ་གཉིས་འབྲས།
    གཞི་ལམ་འབྲས་བུ་བསྡུས་པ་འོ།།

    རྟག་ཆད་མཐའ་གཉིས་སྤངས་པ་ལྟ་བ་སྟེ།
    དེ་ཡི་དོན་ལ་རྩེ་གཅིག་འཇོག་པ་སྒོམ།
    སྡོམ་གསུམ་ཀུན་སྤྱོད་གཙང་བ་སྤྱོད་པ་རུ།
    ཤེས་པར་གྱིས་ལ་དེ་ལྟར་ཉམས་སུ་ལོང་།།

    ཁྱེད་རང་གི་གསུང་ཤོག་ན་འདུག་པ་བཞིན་སྨོན་ལམ་ཡང་བགྱིས་བདོག །ཡི་གེའི་སྐྱེས་མཚོན་པར་ངེད་རང་གིས་ཡུན་རིང་དུ་ལོངས་སྤྱད་པའི་པཎ་ཞྭ་སེར་པོ་ཞིག་མཆིས། ཁྱི་ལོ་ཟླ་བ་དྲུག་པའི་ཚེས་གྲངས་བཟང་པོ་ལ་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་ཕུལ་པ་དགེ་ལེགས་སུ་གྱུར་ཅིག །

    ཅེས་པ་ལ་སོགས་པའི་བོད་མཁས་པ་རྣམས་ཀྱི་གསུང་བཞིན་འབྱུང་བ་ལ་བརྩོན། ཚེ་འདིར་མ་འབྱུང་ཡང་། སྐྱེ་བ་ཕྱི་མ་རྣམས་སུ་དེ་ལྟར་འབྱུང་བར་སྨོན། ཨུ་ཚུགས་བྱས་ཏེ་བོད་སྔ་རབས་པའི་ཆོས་སྐད་ཀྱི་ཡི་གེའི་དག་ཆ་རྣམས་སྲུང་བར་བརྩོན་པ་ལ་ཐུགས་དགྱེས་ཏེ། རང་གི་བླ་མ་རིན་པོ་ཆེ་ཞབས་ཀྱིས་ཀྱང་། “ཉིད་རང་ལོ་རྒན་གྱ་གཉིས་བར་ལྷག་བསམ་དང་སེམས་ཁུར་ཉམས་མེད་སྒོས་མི་ཚེ་བཟང་མཐར་འཁྱོལ་ཏེ་དོན་ལྡན་དུ་གྱུར་ཡོད།” ཅེས་བཀའ་ཤོག་སྤྱི་བོར་ཕེབས། ཁོ་བོའི་བོད་སྐད་ཇི་ལྟར་ཡོད་རུང་། གལ་ཏེ་ཁོ་བོ་བཞིན་འབྱུང་བར་འདོད་ན། སྔོན་གྱི་ས་པཎ་ཀུན་དགའ་རྒྱལ་མཚན་དང་། ཕྱིས་ཀྱི་ཨ་མདོ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སློབ་སྟོན་གྱི་རྗེས་སུ་འབྲང་དགོས་པ་གལ་ཆེ། ཞེས་སོ།

  7. ཁྱུང་སེ། says:
    2014-10-05 at 12:23 pm

    རྒན་ལགས་ཀྱིས་དཔེ་ཁྲིད་ཡག་པོ་གནང་བྱུང་ཡིན་ནའང་ང་ནི་དཔེ་ཁྲིད་ཉན་རྒྱུ་མང་དྲགས་པའི་སྐྱོན་མ་གཏོགས་ཉུང་དྲགས་པའི་སྐྱོན་མེད།

  8. འབྲོང་ངུར་བསྟན་འཛིན་ལམ་བཟང་། says:
    2014-10-06 at 3:04 pm

    རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས་བཀའ་དྲིན་ཆེ།

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-10-06 at 5:50 pm

    ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་རྣམ་ཐར་སྤར་མ་ཞིག་དང་། བྲིས་མ་དབུ་མེད་དུ་ཡོད་པ་ཞིག་ཡོད། དབུ་མེད་འདི་ནན་ཏན་གྱིས་བྲིས་འདུག །དེ་དག་ན་ང་རང་སར་འཇོག་རོགས་དང་། ཆོས་སྒོར་འཇུག་གྲོགས་མཛོད། ཅེས་མས་ཕ་ལ་ཞུ་བ་འཐེན་པ་ན། མཉམ་པར་མ་བཞག་པས་་དག་ཆ་མི་འདྲ་བ་གཉིས་ཡོད་པ་ལས། ཟུར་མ་ཆག་པ་དེ་བཀོལ་ན། དགེ་མཚན་ཆེ་བ་ཡོད།
    འབྲོང་ངུར་བསྟན་འཛིན་ལམ་བཟང་མཆོག་གིས་དེ་དག་བཀླགས་པ་དགའ་བ་བྱུང་། ཞེས་སོ།

  10. དྲི་མེད་ལྷག་བསམ། says:
    2014-10-08 at 9:16 am

    བོན་གྱི་གདུང་བརྒྱུད། ༼དྲ་སྟེང་ནས་རྙེད།༽
    རྨ་ཆུའི་རྩེ་དབུས་རི་ཁྲོད་ལ་ཟུར་ལྟ།
    རྨ་ཆུའི་རྩེ་དབུས་རི་ཁྲོད་ནི་རྨ་ཆུ་རྫོང་ནས་བྱང་ཕྱོགས་སུ་སྤྱི་ལེ་གཉིས་གསུམ་ཙམ་སོང་བའི་ས་མཚམས་སུ་གནས་ཡོད་ལ།དེ་ནི་རྨ་རྒྱུད་སྐུ་བླ་གཡུང་དྲུང་སྤུན་གསུམ་དུ་གྲགས་པའི་རི་ཞོལ་དུ་གཡུ་འབྲུག་སྔོན་མོ་ཐུར་ལ་འཁྱུགས་འདྲའི་འགོག་པ་རིའི་རྒྱུད་ཀྱི་སྒང་དུ་ཆགས་ཤིང་གནས་པ་དང་།རི་ཁྲོད་འདི་ནི་གཙོ་བོ་ཟམ་མོ་གསང་བ་གཅོད་ཀྱི་གདམས་པ་ཉམས་ལེན་བྱེད་སའི་གནས་གཞི་གལ་ཆེན་ཞིག་ཡིན་ལ།རྒྱུ་མཚན་ནི་རྩེ་དབུས་རི་ཁྲོད་བསམ་འགྲུབ་གླིང་ཞེས་བ་འདིའི་རྒྱབ་རི་སྐུ་བླ་གཡུང་དྲུང་སྤུན་གསུམ་ཞེས་པ་ནི་སྔོན་དུས་ནང་བ་སངས་རྒྱས་གཡུང་དྲུང་བོན་གྱི་མན་ངག་གཉན་པོ་མཁའ་འགྲོའི་གསང་གཅོད་སྤྲུལ་སྐུ་ཁྲོ་གཉན་རྒྱལ་མཚན་ལ་སྙན་བརྒྱུད་དུ་འབབ་སའི་གནས་ཁྱད་པར་ཅན་འམ་ཡང་ན་མཁའ་འགྲོའི་གསང་གཅོད་ཀྱི་བླ་རི་གཅིག་པོ་ཡིན་སྟབས།རི་ཁྲོད་འདི་ནས་མཁའ་འགྲོའི་གསང་གཅོད་ཀྱི་གདམས་པ་ཉམས་སུ་བླངས་ན་འགྲུབ་པའི་བཤད་རྒྱུད་ཡོད་པ་མ་ཟད་།མདོ་སྨད་ཞིག་ཆེན་བཅོ་བརྒྱད་ཀྱི་དྲིན་ཅན་རྩ་བའི་བླ་མ་ཞུ་སྒོམ་འཁྲུལ་ཞིག་མཆོག་ཡང་གནས་འདི་ནས་ལོ་ངོ་བཅུ་ཕྲག་དུ་མར་སྒྲུབ་མ་ཉམས་ལེན་བྱས་ནས་བསྡད་པ་དང་མཐར་སྐུ་དགོངས་པ་བོན་དབྱིངས་འཐིམས་པའི་གནས་ཡང་ཡིན།མདོར་ན་རི་ཁྲོད་འདིར་གནས་བའི་བླ་སྤུལ་རྣམས་ཀྱིས་གཙོ་བོ་མཁའ་འགྲོའི་གསང་གཅོད་ཀྱི་གདམས་པ་ཟམ་མོ་ཉམས་སུ་བླངས་བའི་དབང་གིས་གནས་འདིར་་བདག་གིར་མཛད་པའི་བླ་མ་རྣམས་ཀྱི་མཚན་མགོར་ཡང་གཅོད་པ་ཞེས་སྦྱར་སྲོལ་ཡོད་པའོ།།འདི་དག་ལ་བལྟས་ཡོང་རྩེ་དབུས་རི་ཁྲོད་དང་ཨ་མྱེ་སྐུ་བླ་བྲག་དཀར་ནི་ཐོག་མར་སྤྲུལ་སྐུ་ཁྲོ་གཉན་རྒྱལ་མཚན་དང་བླ་མ་ཞུ་སྒོམ་འཁྲུལ་ཞིག་གཙོའི་རྩེ་དབུས་འམ་རྩེ་ཞིག་བླ་འབངས་སྤྱི་འདུས་ཀྱི་གནས་དགོན་མེད་དུ་མི་རུང་བ་ཞིག་ལ་གྱུར་ན་ཡང་།ལོ་རྒྱུས་སུ་གྱུར་བའི་གྲུབ་མཐའི་འཕེལ་འགྱུར་སོགས་བོད་འབྲེལ་བའི་དཀའ་ཉོག་གི་ཁྲོད་ནས་རེ་ཞིག་རྩེ་དབུས་རི་ཁྲོད་ལ་ཉམས་ཆགས་ཆེན་པོ་བྱུང་མོད།འོན་ཀྱང་རྩེ་དབུས་སྦྲ་ཆེན་གྱི་ཁྱིམ་དུ་རབ་འདོད་ས་འབྲུག་ལོར་ཡབ་སེང་ཐུང་དང་ཡུམ་ནེ་ལེ་གཉིས་ཀྱི་སྲས་སུ་རྩེ་དབུས་གཅོད་རྒན་ཡེ་ཤེས་ཚུལ་ཁྲིམས་འཁྲུངས་ནས།སྔར་ཉམས་ཆགས་སུ་གྱུར་རྩེ་དབུས་རི་ཁྲོད་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གྱི་ཚུལ་དུ་བསྐྱང་ནས་བཟུང་།རྩེ་དབུས་གཅོད་པ་བླ་རབས་རིམ་བྱོན་དང་མཚམས་པ་བླ་རབས་རིམ་བྱོན་གྱིས་རྩེ་དབུས་རི་ཁྲོད་དེང་གི་བར་དུ་རྒྱུན་སྲིང་བའོ།
    ཡིན་ཡང༡༩༨༠ལོ་ཡང་དར་བསྟན་པའི་སྒོ་ཕྱེ་བའི་སྐབས་སུ་འཇམ་དབྱངས་བླ་མ་ཁྲི་ཆེན་གུང་ཐང་བསྟན་པའི་དབང་ཕྱུག་མཆོག་གི་ཞལ་ནས།སྔར་གཅོད་རྒན་སྐུ་ཕྲེང་ལྔ་བ་སྐལ་བཟང་ཡེ་ཤེས་འཕྲིན་ལས་རྒྱ་མཚོས་དགོན་དེ་བདག་ལ་ཕུལ་ནས་ཕྱིན་ཆད་ཉིད་ཀྱི་ཅི་བྱེད་ཞལ་བཀོད་གནང་བ་ལས།ཁོ་ལ་ཐབས་མེད་ཅེས་གསུང་པས།རྩེ་དབུས་རི་ཁྲོད་ནི་བེ་ཤིང་དགོན་ལ་བསྲེས་ཏེ་དགོན་པ་གཅིག་བྱས་ན་ལེགས།རྩེ་དབུས་གཅོད་རྒན་ཐུགས་ཐག་བཅད་ཚེ་གཟིམས་ཁང་བེ་ཤིང་དགོན་དུ་ཕུབ་དེ་བེ་ཤིང་དགོན་ནས་ཚོགས་ཞུགས་གནང་དགོས་ཅེས་བཀའ་བབས་རྗེས།རྩེ་དབུས་རི་ཁྲོད་ཡོངས་སུ་འཇིག་པའི་པའི་མགོ་བརྩམས་པའོ། །དེང་དུས་ཀྱི་དབང་དུ་བྱས་ན་རྩེ་དབུས་གཅོད་རྒན་དང་མཚམས་པའི་སྔོན་གྱི་ནང་ཆེན་ཡིན་པའི་གྱང་ཆག་དང་སྔོན་གྱི་རྩེ་དབུས་རི་ཁྲོད་སྤི་འདུས་ཀྱི་ཚོགས་ཆེན་འདུ་ཁང་ཤུལ་དུ་བེ་ཤིང་དགོན་པས་ཕུག་ཡོད་པའི་བཙན་ཁང་ལས་གཞན་ཅི་ཡང་མེད་ལ།གོ་ཐོས་སུ་བཙན་ཁང་དེའི་ནང་ན་ད་དུང་ཡང་བོན་གྱི་བསྟན་སྲུང་འགའ་རེ་རེས་བཞུགས་ཡོད་ཚོད་སྣང་།
    ཞེས་གཡུང་དྲུང་ལྷུན་འགྲུབ་ནས་རྨ་རྒྱུད་སྐུ་བླའི་ཉེ་འགྲམ་ནས་སྦྱར་བ་དགེའོ།། མཆན།་་་ཞུ་གཤེན་སྒོམ་ཆེན་བརྒྱུད་པ་དེང་དུས་ཡང་མངདུ་ཡོད། ཞུ་དཀར་པོ་སྒོ་ཚང་གི་བརྒྱུད་པས་ཅོ་ནེ་སངྒེ་དགོན་སོགས་བསྐྱངས་ཡང་། ཧ་ལམ་༡༩༤༠་ལོར་བཀྲ་ཤིས་འཁྱིལ་ཁྲི་བ་རྒྱ་ཞབས་དྲུང་སྐབས་བན་དེར་བསྒྱུར་བས། སྒོ་ཚང་གི་མི་དྲུག་ཙམ་རིམ་པར་གྲིར་ཤི། ལྷ་སྲུང་འཁྲུགས་པར་གྲགས། ལོ་རྒྱུས་རུས་མཛོད་མང་པོ་ཞིག་ཡོད་པ་མཆོད་རྟེན་ཞིག་ཏུ་སྦས། ཅོ་ནེ་སེངྒེ་དགོན་ཁྲི་བ་སྒོ་ཤུལ་སྐལ་ཡལ་སྤུན་རབ་ཏུ་བྱུང་ཡང་། སྐལ་ཡལ་གྱིས་༥༩་ལོར་བཙོན་འོག་ཏུ་འདས་བར་བོན་གྱི་ཞལ་འདོན་ཆད་མེད་གནང་། འདི་དག་གི་བརྒྱུད་པ་ཉེ་དུས་ཀྱི་སྐུ་གཤེགས་དཔའ་བོ་བློ་བཟང་སོགས་མི་གྲངས་མང་ཡང་། བོན་ལུགས་བྱེད་མཁན་ནི་ཕལ་ཆེར་མེད་པའི་ཚད་དུ་སླེབས། རུས་མཛོད་ཡིག་རྙིང་དུམ་བུ་རེ་ཡོད་པར་གྲགས་སོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme