Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚོན་མདངས་བཀྲ་བའི་ནང་པའི་དུས་སྟོན་ཞིག

Posted on 2014-10-032014-10-03 By ཁ་བརྡ་ 2 Comments on ཚོན་མདངས་བཀྲ་བའི་ནང་པའི་དུས་སྟོན་ཞིག

བསོད་ནམས་དབང་རྒྱལ།

unnamed

སྒང་ཏོག་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་དུ་ཚུགས་པའི་ནང་པའི་དུས་སྟོན་ལ་ཕྱིར་དྲན་བྱས་པ།

རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་ནི་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་གི་ཉེ་འདབས་རྡོ་རྟ་ལྟ་བུ་ཟེར་བའི་ས་སྒང་གི་ཐོད་དུ་ཆགས་ཡོད། ཉེ་འགྲམ་དུ་འབྲས་གཞུང་རྙིང་མའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་། སྔ་འགྱུར་སྙིང་ཐིག་བསྟན་པའི་མངའ་བདག་༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་སྐུ་ཕྲེང་བཞི་པ་ཐུབ་བསྟན་འཕྲིན་ལས་དཔལ་བཟང་པོའི་བྱེས་ཀྱི་གདན་ས་གསང་ཆེན་དངོས་གྲུབ་དཔལ་འབར་གླིང་ཐེ་བའི་ལམ་ཟུར་དུ་ཟ་ཁང་དང་ཇ་ཁང་འགའ་རེ་ལས་མེད། ནམ་དུས་བཟང་བའི་སྐབས་ཡུལ་སྐོར་སྤྲོ་ཆམ་པ་མང་བས་འདྲེན་བྱེད་སྟོང་གིས་ལྟད་མོར་རོལ་བ་དང་ལྷན་དུ་ལྷིང་འཇགས་ཀྱི་ཁོར་ཡུག་དེ་ཡང་སྐད་ཅིག་ཏུ་འཕྲོག་ངེས།

ཕྱི་ཟླ་༠༩ ཟླ་དཀྱིལ་ནི་སྤྱིར་བཏང་ཆར་ཆུ་འབེལ་བའི་ཆར་དུས་ཡིན་པས་ཡུལ་སྐོར་སྤྲོ་ཆམ་པ་ཉུང་ནའང་འདི་ལོ་གཞན་དང་མི་འདྲ་བ་ཉམས་ཞིབ་ཁང་གི་ཕྱི་ནང་ཀུན་ཏུ་མི་ཚོགས་ཀྱིས་ཁེངས་ཤིང་ཉམས་ཞིབ་ཁང་གི་ལས་བྱེད་པ་ཚོའི་ལུས་ལ་གཟབ་མཆོར་དང་སེམས་ལ་བྲེལ་བ་ཡོད་པའི་རྣམ་པ་དེ་མཐོང་ན། རྒྱུས་མངའ་མེད་པའི་གསར་བུ་ཞིག་གིས་ཀྱང་འདི་ན་མཛད་སྒོ་གལ་ཆེན་ཞིག་གཉེར་བཞིན་ཡོད་པ་ཤེས་ཚོས་རེད། ད་ཆ་མཛད་སྒོ་ཡོངས་སུ་གྲུབ་ཟིན་པས་གལ་ཏེ་ཁྱེད་ཀྱིས་ང་ལ་དེ་གང་འདྲ་བྱུང་སོང་ལྟ་བུ་དྲི་ཚིག་ཅིག་འདྲི་འདོད་ན་ངས་ནི་ཁྱེད་ཉིད་ཉམས་ཞིབ་ཁང་གི་སྒོ་ཁ་ནས་བསུ་སྟེ་ཉིན་གསུམ་གྱི་བྱེད་སྒོ་ཁག་ལ་ཕྱིར་དྲན་ལམ་ཙམ་བྱ་འདོད།

unnamed-1ནམ་མཁའ་གཡའ་དག་ཅིང་ས་གཞི་རྡུལ་དག་པའི་ཉིན་མོ་དེ་ནི་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གིས་གོ་སྒྲིག་བྱས་པའི་ནང་པའི་དུས་སྟོན་གྱི་ཉིན་དང་པོ་སྟེ་ཟླ་ ༠༩ ཚེས་ ༡༦ རེད། རྒྱལ་སྒོ་ནས་གོམ་པ་ཉི་ཤུ་ཙམ་གྱི་གཡོན་ཕྱོགས་སུ་ཤེལ་གྱི་སྒྲོམ་བུ་ནང་དུ་བཞུགས་པའི་གུ་རུ་སྣང་སྲིད་ཟིལ་གནོན་ཀྱི་སྐུ་བརྙན་མི་ཚད་ལས་ལྷག་པ་ཞིག་མཇལ་རྒྱུ་ཡོད། དེའི་འཁྲིས་ན་ནང་པའི་དགོན་པ་དང་གཉིས་སུ་མེད་པའི་ཐོག་བརྩེགས་གསུམ་ལྡན་གྱི་ཁང་ཆེན་ཞིག་ཉི་ཟེར་ཁྲོད་གཟི་མདངས་ལྷག་པར་འཕྲོ་བ་དེ་ནི་དམིགས་ཡུལ་དང་དགོས་པ་ལྷག་པོ་ཆེ་ཞིག་གི་ཆེད་དུ་བཞེངས་པའི་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་རེད། དེའི་མདུན་ངོས་སུ་འཕྲེད་དར་དམར་སྨུག་ཅིག་དཔྱངས་བའི་སྟེང་ <ནང་པའི་དུས་སྟོན> ཞེས་པའི་ཡིག་འབྲུ་ཧིན་དྷི་དང་དབྱིན་ཡིག་ཐོག་གསལ་པོ་འཁོད་པའི་འོག་ཏུ་ཉིན་གསུམ་རིང་གི་བྱེད་སྒོ་ཆེ་ཁག་ཀྱང་གསལ་འདུག

ཐོག་བརྩེགས་འོག་མ་ནི་འགྲེམས་སྟོན་ཁང་རེད། དེར་རྩ་ཆེའི་སྐུ་འདྲ་དང་སྐུ་ཐང་གཙོས་པའི་ནང་པའི་རིག་དངོས་མང་དག་ཅིག་ཡོད་ལ་ཤིང་ཤུན་སྟེང་བྲིས་པའི་གནའ་བོའི་སཾ་ཊི་ཏ་ཡི་གེ་དང་། དྲིལ་ཤོག་ཐོག་རྒྱ་ཡིག་ལམ་ནས་བྲིས་པའི་ནང་པའི་ཆོས་གཞུང་། དེ་མིན་ཨོ་རི་ས་དང་འབེང་ག་ལི། མོན་པའི་ཡིག་རིགས་བཅས་ཡོད། སྒོ་ནང་གི་གཡོན་ཟུར་གྱི་དཔེ་སྒྲོམ་ནང་དུ་ཉམས་ཞིབ་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཁག་བཤམས་འདུག དེ་དག་ནི་རྒྱུན་དུ་བཤམས་སྟོན་བྱེད་པའི་ཅ་དངོས་ཤ་སྟག་ཡིན་ཡང་། སྒོ་ནང་གི་གཡས་ཟུར་དུ་ལྷ་རིས་སྒྱུ་རྩལ་པ་གཉིས་ཀྱིས་ལྷ་རིས་འབྲི་བཞིན་དེར་དགོས་ངེས་པའི་རྒྱུ་ཆ་རྣམས་ལོགས་སུ་བཤམས་འདུག་ལ་ལྷ་རིས་པ་ཞིག་གིས་ཆེད་དུ་ལྟ་མཁན་ཚོར་འགྲེལ་བརྗོད་བྱེད་བཞིན་འདུག སྦུག་གི་གཡས་ཟུར་གྱི་ཁང་པ་དེའི་ནང་ཝཱ་རཱ་ཎ་སཱི་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་གསོ་རིག་སྨན་པ་འགས་རིན་མེད་ཐོག་ནད་པར་བརྟག་དཔྱད་བྱེད་ཅིང་གསོ་སྨན་སྤྲད་བཞིན་འདུག་ལ་སྨན་གཏུག་བྱེད་མཁན་ཚོ་འབྱོར་རིམ་བཞིན་གྲལ་ལ་འཁོད་འདུག

unnamed-3ཐོག་བརྩེགས་བར་པ་ནི་དཔེ་མཛོད་ཁང་རེད། དེར་རྒྱལ་བའི་བཀའ་བསྟན་རིན་པོ་ཆེས་གཙོས་བོད་ཀྱི་ཆོས་བརྒྱུད་ཁག་གི་མཁས་པའི་གསུང་འབུམ་སོགས་ཡིག་ཆ་འབོར་ཆེན་མཇལ་རྒྱུ་ཡོད། དཔེ་མཛོད་ཁང་དུ་འཛུལ་མ་ཐག་རྩིག་ངོས་སུ་རྒྱན་དྲུག་མཆོག་གཉིས་དང་སྲིད་པ་འཁོར་ལོའི་ལྡེབས་རིས་ཡོད་པའི་ཁྱམས་ར་ལྟ་བུ་ཁང་པ་སྣེ་རིང་བ་ཞིག་ཡོད། ད་ཐེངས་འདིར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་སྨན་གྱི་བྲིས་ཆའམ་སྨན་ཐང་ཤོག་དཔར་ཅན་བརྒྱད་ཅུ་སྐོར་ཞིག་དང་། རུས་ཚིགས་གསོ་བའི་སྒྱོགས་གྱི་འདྲ་དཔེ་དུ་མ་དང་། སྨན་རྫས་སྣ་མང་བཅས་བཤམས་འདུག་ལ་ཝཱ་རཱ་ཎ་སཱི་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་སྨན་པ་འགས་འགྲེལ་བརྗོད་བྱེད་བཞིན་འདུག

ཁང་པ་སྦུག་མ་ནི་ནང་པའི་ཆོས་གཞུང་གིས་གཏམས་པའི་དཔེ་མཛོད་ཁང་རེད། མཐའ་བཞིར་དཔེ་སྒྲོམ་དང་བར་དུ་དཔེ་སྒྲོམ་གཉིས་ཀྱིས་བཅད་ཡོད། བཅད་དང་པོ་ན་རྒྱལ་བའི་བཀའ་བསྟན་བཞུགས་པའི་དབུས་ཀྱི་ཤེལ་སྒྲོམ་ནང་དུ་བྱིན་རླབས་ཀྱི་ཚན་ཁ་འབར་བའི་མཁན་སློབ་ཆོས་གསུམ་གྱི་སྐུ་བརྙན་ངོ་མཚར་ཆེ་བ་བཞུགས་ཤིང་། མདུན་ན་གསང་སྔགས་ཀྱི་དཀྱིལ་འཁོར་རྩ་གསུམ་ལྷ་ཡི་གཏོར་མ་དང་། འཁོར་དུ་སྲུང་མ་དམ་ཅན་གྱི་གཏོར་མ་བཅས་ཚོན་མར་གྱིས་མཛེས་པའི་མཆོད་པའི་ཡོ་བྱད་དང་ཚོགས་རྫས་ཀྱིས་བྱུར་བུར་ཁེངས་པའི་ཕྱོགས་གཉིས་ཀྱི་དཀྱུས་ལ་འབྲས་ལྗོངས་ཀྱི་དགོན་སྡེ་གཙོ་བོ་གསང་ཆེན་པདྨ་ཡང་རྩེའི་དགེ་འདུན་པ་བཅོ་ལྔ་ཙམ་གྱིས་རོལ་མོ་དང་སིལ་སྙན། རྐང་གླིང་དང་རྒྱ་གླིང་སོགས་དང་བསྡེབས་པའི་འདོན་ཆོག་གི་དབྱངས་རྟ་རིང་མོ་ནི་སྒོ་དང་སྒེའུ་ཁུང་བརྒྱུད་དཔེ་མཛོད་ཀྱི་ཕྱི་ན་གནས་པའི་མི་ཚོས་ཀྱང་ལྷང་ལྷང་གོ་ཐུབ།

unnamed-4བཅད་བར་པ་ན་སྒང་ཏོག་དཔལ་ས་ངོར་ཆོས་ཚོགས་ཀྱི་དགེ་འདུན་པ་རྣམས་ཀྱིས་སོར་མོའི་འདུ་བྱེད་ལས་གྲུབ་པའི་ཀུན་རིག་རྣམ་པར་སྣང་མཛད་ཀྱི་རྡུལ་ཚོན་དཀྱིལ་འཁོར་བཤམས་འདུག གློག་འོད་ཀྱི་ཁྲོད་དུ་ཁ་དོག་སྣ་མང་ལས་གྲུབ་པའི་དཀྱིལ་འཁོར་ནི་འཇའ་རིས་གོར་མོ་ཕྲེང་བར་བསྟར་བ་དང་མཚུངས་ཤིང་། ཚོན་མདངས་བཀྲ་བ་དང་ཞིབ་ཚགས་པས་མཇལ་མི་ཚོའི་ཡིད་ཀྱི་བརྟན་པ་གཅིག་ཅར་དུ་འཕྲོག་སོང་།

བཅད་མཐའ་མའི་བར་དེ་ན་རྒྱ་ལྕོག་སྟེང་ཚོན་མདངས་དང་བཟོ་བཀོད་མཛེས་པའི་གཏོར་རྒྱན་མང་པོ་བཤམས་འདུག དེར་གཏོར་གཟུགས་ཆེན་པོ་གསུམ་ཡོད་པའི་ངོས་སོ་སོར་མར་ལས་གྲུབ་པའི་བཀྲ་ཤིས་རྟགས་བརྒྱད་དང་། འདོད་ཡོན་ལྔ། མཐུན་པ་སྤུན་བཞི་སོགས་ཡོད་པའི་མཐའ་ཟུར་ན་འདབ་མ་རབ་ཏུ་བཞད་པའི་མེ་ཏོག་གིས་བརྒྱན་པ། རྩེ་ན་ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་བརྙན་ངོ་མཚར་ཆེ་བ་རེ་བཞེངས་འདུག འདི་ནི་ནང་པའི་གཏོར་བཟོའི་སྒྱུ་སྩལ་གྱི་མཚོན་བྱེད་དུ་བྱང་འབྲས་ལྗོངས་ཕོ་གདངས་ཀརྨ་བཀྲ་ཤིས་ཆོས་འཁོར་གླིང་གི་དགེ་འདུན་པ་རྣམས་ཀྱིས་བསྐྲུན་པ་རེད།
ཐོག་བརྩེགས་གསུམ་པར་འགྲོ་ལམ་གྱི་ཟུར་དེ་ཕུད་པའི་ཟུར་གསུམ་ན་སྟེང་ལ་རྒྱ་ཕིབས་གཡོག་པའི་ཁང་ཆུང་རེ་ཡོད་པ་ནི་ལས་བྱེད་པའི་ལས་ཁུངས་དང་། དབུས་སུ་བཟོ་བཀོད་མཛེས་པའི་ལྷ་ཁང་ཞིག་ཡོད་ལ་དེའི་ནང་འབར་ཉག་ལྷ་བྲིས་རིག་འཛིན་མཆོག་གིས་གནའ་བོའི་རིག་གནས་སྒྱུ་རྩལ་གྱི་གན་མཛོད་རྒྱ་གར་ལྷོ་ཕྱོགས་ཨ་ཇན་ཏའི་བྲག་ཕུག་གི་ལྡེབས་རིས་ཁག་ལ་དཔེ་བཅོལ་ནས་བྲིས་པའི་སྟོན་པའི་སྐྱེས་རབས་དང་མཛད་རྣམ་འཁོད་པའི་ལྡེབས་རིས་ངོ་མཚར་ཆེ་བ་མཇལ་རྒྱུ་ཡོད།

unnamed-6དཔེ་མཛོད་ཁང་དང་འཛིན་སྐྱོང་ལས་ཁུངས་བར་ན་མི་བརྒྱ་སྐོར་ཁ་ཤས་ཤོང་བའི་གུར་ཕུབ་ཅིང་། མངོན་གསལ་དོད་པའི་ལྡིང་ཆ་ཆེན་པོ་ཞིག་བཟོས་ཡོད་པ་ནི་མི་ཚོགས་བསུ་བའི་མགྲོན་གཉེར་ལྟ་བུ་རེད། བཀོད་པ་ལེགས་ལ་གློག་དང་རྒྱང་གྲགས་སོགས་ཀྱི་ཆ་རྐྱེན་འཛོམས་པའི་ལྡིང་ཆའི་སྟེང་རྒྱ་གར་མངའ་སྡེ་ལྔ་ནས་ཕེབས་པའི་རིག་གཞུང་འཁྲབ་སྟོན་པ་ཚོས་ཐོས་མ་མྱོང་བའི་འགྱུར་ཁུག་དང་མཐོང་མ་མྱོང་བའི་སྟངས་སྟབས་ངོམ་སྟེ་གཟིགས་མོ་བ་ཚོའི་ལག་ན་ཐོགས་པའི་པར་ལེན་འཕྲུལ་ཆས་ལའང་དལ་བའི་སྐབས་མེད་པར་གྱུར།
དེ་ཡང་དགེ་འདུན་པ་ཁག་ཅིག་གིས་བཀྲ་ཤིས་པའི་ཤིས་བརྗོད་བཏོན་པ་ནས་བརྩམས་ཏེ་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་གི་དགེ་འདུན་པ་ཚོས་ཞྭ་ནག་དང་འབག་འཆམ་འཁྲབ་རྗེས་འབྲས་ལྗོངས་ཟློས་གར་ཚོགས་པས་སེང་གེ་འཁྲབ་སྟོན་སོགས་ཡུལ་ལུང་མ་འདྲ་བའི་རིག་གཞུང་འཁྲབ་སྟོན་ཇི་སྙེད་ཅིག་གཟིགས་འབུལ་བྱས་པ་ལས་མི་མང་ཚོས་ཆེས་དགའ་མོས་བྱས་པའི་འཁྲབ་སྟོན་ཁག་གཉིས་ཀྱི་ངོ་སྤྲོད་མདོར་ཙམ་སྤྲོ་བ་ལ།

unnamed-7ངོ་ལ་དཀར་ཐིག་བཏབ་ཅིང་མགོ་བོར་སྒྲོ་གྱེན་དུ་བསླངས་བའི་རྨ་བྱའི་སྒྲོ་ཞྭ་གྱོན་པ། ལུས་སྨད་རས་ཁྲས་གཡོག་ལ་ལག་ན་བེར་ཀ་འཆང་བ། རྐེད་པ་དང་རྐང་པར་གཡེར་ཁ་བཏགས་ནས་སྟོད་ཧྲེང་མར་འཁྲབ་སྟོན་བྱེད་བཞིན་པ་དེ་ནི་རྒྱ་གར་ལྷོ་ཕྱོགས་ Andhra Pradesh མངའ་སྡེའི་ གྷོནཌ་ ཞེས་པའི་གློ་བའི་མི་རིགས་ཀྱི་ཞབས་བྲོ་གྷུ་སཱ་རི་ Gusari dance རེད། སྐྱེས་པ་ཁོ་ན་ཡིན་པའི་ཞབས་བྲོ་འདི་ནི་འཁྲབ་སྟོན་ཁྲོད་འཁྲུག་ཆ་དོད་ཤོས་དང་མི་ཚོས་དགའ་མོས་ཆེ་ཤོས་བྱེད་པའི་འཁྲབ་ཚན་ཅིག་རེད།

དེའི་གཤམ་དུ་ཕོ་གཞོན་མོ་གཞོན་ཁྱུ་གཅིག་ལག་ཏུ་ཚོན་མདོག་མི་གཅིག་པའི་ཉི་གདུགས་ཐོགས་ཅིང་། སྨན་ཤར་བུ་མོ་ཚོ་སྨད་གོས་དམར་ཁྲ་ཐོག་སྟོད་གོས་དམར་པོ་བཀླུབས་ཤིང་སྐྲ་ལོའི་ཚོམས་བུའི་གསེབ་ཏུ་མེ་ཏོག་བཅིངས་བ་དང་། སྟག་ཤར་གཞོན་པ་ཚོས་གོང་བ་དང་ཕུ་རུང་མཐའ་བཅས་ན་ཚོས་གཞི་སྔོན་པོ་ཅན་གྱི་སྟོད་གོས་དཀར་པོ་དང་སྨད་གོས་ནག་པོར་སྐ་རགས་དམར་པོ་བཅིངས་ཏེ་མདོངས་མཐའ་ཅན་གྱིས་དབྱར་སྐྱེས་རྔ་སྒྲ་ཐོས་པ་བཞིན་དགའ་སྤྲོའི་ངང་ནས་མཉེན་འགྱུར་ངོམས་བཞིན་པའི་གར་མཁན་རྣམས་ནི་རྒྱ་གར་བྱང་ཤར་མངའ་སྡེ་ཏྲི་པུ་ར་ Tripura ཡི་སཾགྷ་རཡི་ཞེས་པའི་དུས་སྟོན་སྐབས་འཁྲབ་སྲོལ་ཡོད་པའི་ཞབས་བྲོ་ཞིག་རེད།

unnamed-8སྐབས་འདིར་འགྲེམས་སྟོན་དང་འཁྲབ་སྟོན་གཅིག་པུ་མིན་པར་ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་དགེ་རྒན་ཆེན་མོ་རག་རྡོ་བློ་བཟང་བསྟན་འཛིན་མཆོག་གིས་ཉིན་གཉིས་པ་དང་གསུམ་པའི་ཉིན་རྒྱབ་ཏུ་རིམ་བཞིན་ <གསོ་བ་རིག་པའི་འཕེལ་རིམ> དང་ <གསོ་བ་རིག་པའི་ཐོག་ནས་ལུས་ཁམས་འཕྲོད་བསྟེན་བྱ་ཐབས> ཞེས་པའི་བརྗོད་གཞི་ཐོག་གསུང་བཤད་བསྩལ་སོང་།
དེ་ལྟར་རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཁང་གིས་མཐུན་རྐྱེན་སྦྱར་ཏེ་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གིས་གཉེར་བའི་ཉིན་གསུམ་གྱི་ནང་པའི་དུས་སྟོན་དེ་ཉིད་རྒྱལ་ཁའི་ངང་ནས་ལེགས་འགྲུབ་བྱུང་ཡང་ཉིན་གསུམ་གྱི་ནང་པའི་དུས་སྟོན་ལ་རོལ་བའི་མཁའ་དབྱིངས་ཀྱི་རྟ་བདུན་དབང་པོ་རེ་ཞིག་སྐྱོ་བ་སྐྱེས་ཏེ་ཉིན་བསྟུད་མ་འགའ་ལ་ཆར་བཤུམས་དྲག་པོས་ཀུན་བཟོད་ནོར་འཛིན་སྒེག་མོ་ཡོངས་སུ་བརླན་སོང་།

དྲན་ཐོ།

Post navigation

Previous Post: ཧོང་ཀོང་མི་མང་གི་ངར་ཤུགས།
Next Post: ཨ་མའི་བརྩེ་དུང་དང་དྲིན་ལན་ཞུས་ཚུལ་བདེན་པ་རིན་པོ་ཆེ།

Comments (2) on “ཚོན་མདངས་བཀྲ་བའི་ནང་པའི་དུས་སྟོན་ཞིག”

  1. མིག་བརྒྱད་པ། says:
    2014-10-04 at 5:21 am

    བཀླགས་ཟིན། བོད་ཀྱི་སྲོལ་རྒྱུན་དང་འབྲེལ་རིག་གཞུང་འཁྲབ་སྟོན་ཡག་པོ་བྲིས་འདུག །རིམ་གྱིས་དགོན་པ་ཆེ་ཁག་གྲས་སློབ་གཉེར་ངོ་སྤྲོད་གནང་ན་ཡག་པོ་འདུག །དེ་མིན་རིག་གཞུང་ཟེར་བ་འཁྲབ་སྟོན་ཙམ་ལས་གང་ཡང་མེད་པ་ལྟ་བུར་གོ་ཉེན་ཆེའོ།།

  2. ཁ་བའི་རྒྱང་ཕྲུག says:
    2014-10-04 at 6:37 am

    རང་གི་མཐོང་ཐོས་དང་མྱོང་ཚོར། ཟིན་བྲིས་དང་དྲན་ཐོ། དཔྱད་བརྗོད་སོགས་ཀྱི་ལམ་ནས་བོད་ཡིག་གི་ཁྱབ་རྒྱ་ཇེ་ཆེར་གཏོང་བའི་བྱ་བ་ནི་སྐད་འབོད་ཀྱི་ལས་འགུལ་ཆེན་མོ་ཞིག་ལས་ཆུང་བ་མིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme