Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་ཙམ་པའི་ལྟ་གྲུབ་ཐོག་བགྲོ་གླེང་ཚོགས་འདུ།

Posted on 2014-09-262014-09-27 By ཁ་བརྡ་ 10 Comments on སེམས་ཙམ་པའི་ལྟ་གྲུབ་ཐོག་བགྲོ་གླེང་ཚོགས་འདུ།

རིག་འཛིན་ལྷུན་གྲུབ་ཀྱིས་མཚམས་སྦྱོར་ཞུས།

 

སེམས་ཙམ་པའི་ལྟ་གྲུབ་ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་བཞེད་མཚམས་ཀྱི་རྒྱལ་ཡོངས་བགྲོ་གླེང་ཚོགས་འདུ།

དེ་ཡང་ཇི་སྐད་དུ། ཀྱེ་རྡོ་རྗེའི་བསྡུས་དོན་གྱི་རྒྱ་ཆེར་འགྲེལ་ལས།
སངས་རྒྱས་པ་ལ་བཞི་པ་དང།།
ལྔ་པ་ཐུབ་པའི་དགོངས་པ་མིན།།
ཞེས་གསུངས་པ་ལྟར་སྟོན་པ་ཤཀྱཱ་ཐུབ་པའི་བསྟན་པ་ལ། གྲུབ་མཐའ་བཞི་རུ་གྲངས་ངེས་ཤིང་། དེ་དག་ནི། བྱེ་བྲག་སྨྲ་བ་དང། མདོ་སྡེ་པ་དང། སེམས་ཙམ་པ་དང། དབུ་མ་པ་ཞེས་ཡོངས་སུ་གྲགས། བོད་གངས་ཅན་ལྗོངས་སུ་སྔོན་གྱི་མེས་པོ་དམ་པ་རྣམས་ཀྱིས་རིག་གནས་ནང་འདྲེན་གྱི་ཕྱག་རྗེས་ལ། འཕགས་ཡུལ་གྱི་གྲུབ་མཐའ་བཞིའི་ཆོས་ཚུལ་གྱི་སྐོར་ཚང་ལ་མ་ལུས་པ་རང་སྐད་དུ་ཕབ་བསྒྱུར་དང། དར་འཕེལ་རྒྱུན་འཛིན་མཛད་དེ་དེང་སྐབས་འཛམ་གླིང་འདིར། སངས་རྒྱས་པའི་རིག་གནས་ཀྱི་སྙིང་བཅུད་གང་དང་སུའང་མེད་པ་ཞིག་ཡོད་ཅིང་། ལྟ་བ་དང་གྲུབ་བའི་མཐའ་ལ་བོད་ཀྱི་མཁས་གྲུབ་རིམ་བྱོན་གྱིས་དཔྱད་གསུམ་དག་པའི་རིག་པའི་ལམ་ནས། ཆོས་ལུགས་དད་མོས་རྗེས་སུ་འབྲངས་ཤིང། རྒྱུན་འཛིན་བྱས་པ་ཙམ་མིན་པར། རིག་གནས་ཤིག་གི་ངོ་བོའི་ཐོག་ནས་རྟོག་དཔྱོད་མཉམ་པ་མེད་པར་དགག་བཞག་སྤོངས་གསུམ་གྱིས་སྒོ་ནས། རང་ལུགས་དང་གཞན་ལུགས་འཇོག་མཛད་པའི་རིག་གནས་སློབ་གཉེར་གྱི་འཕེལ་རིམ་ཐུན་མིན་རང་བཞིན་ཞིག་བྱུང་ཞིང། རྒྱུན་གནས་ཡོད་བཞིན་པ་ཡིན།

གནས་མཆོག་ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློག་གཉེར་ཁང་གི་ཤེས་རིག་ལས་གཞི་ནང། སྤྱིར་ཕྱི་ནང་ལྟ་གྲུབ་དང་། ནང་བསྟན་དང་དེང་རབས་ཚན་རིག། དེ་བཞིན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་བར་བགྲོ་གླེང་ཚོགས་འདུ་གོ་སྒྲིག་ཞུས་དང་ཞུ་མུས་ལྟར། འདས་པའི་ལོ་འགའི་སྔོན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་དབུ་མའི་ལྟ་བའི་བཞེད་མཚམས་སྐོར་༧གོང་ས་ ༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་འཚོགས་ཡོད་པ་དང། འདི་ལོ་སྤྱི་ལོ་༢༠༡༤ ཟླ་༩ ཚེས་༢༥ ནས་༢༧ ཉིན་གསུམ་གྱི་རིང་། སེམས་ཙམ་པའི་ལྟ་གྲུབ་ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་བཞེད་མཚམས་ཀྱི་རྒྱལ་ཡོངས་བགྲོ་གླེང་ཚོགས་འདུ། འདི་ཟླའི་ཚེས་༢༥ཞོགས་པ་དབུ་འབྱེད་མཛད་སྒོར་དཔལ་ལྡན་བཀའ་ཁྲི་ཟུར་བ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་ཕེབས་བསྐྱངས་གནང་ཅིང །
གཞན་ཡང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་གདན་ས་དང་བཤད་གྲྭ་ཁག་ནས་སྐུ་ཚབ་གནས་ལྔ་རིག་པའི་ཁྱུ་མཆོག་མཁན་པོ་དང་། དགེ་བཤེས་དང་། སློབ་དཔོན་རྣམས་དང་། དེ་བཞིན་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་དང་། རང་གཞུང་གི་དགེ་བའི་བཤེས་གཉེན་རྣམས་དང། ཉམས་ཞིབ་པ་དང་སློབ་ཕྲུག་བྱིངས། དགེ་འོས་སློབ་གཉེར་བ་བཅས་ཚང་འཛོམས་ཀྱིས་དབུ་འཛུགས་བསྐྱངས།

1549279_72096_n

མཛད་སྒོ་དངོས་གཞི་སྐུ་མགྲོན་གཙོ་བོ་མཆོག་ནས་སྣང་གསལ་སྒྲོན་མེ་ཞལ་ཕྱེ་དང། དེ་རྗེས་ལེགས་སྦྱར་དང་། བོད་སྐད་ཐོག་ཤིས་བརྗོད། རིག་སྡེ་འགན་འཛིན་འབུམ་རབས་པ་བཀྲ་ཤིས་ཚེ་རིང་མཆོག་ནས་ཕེབས་བསུའི་གསུང་བཤད་དང། རྒྱ་གཞུང་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་བློ་བཟང་ཡར་འཕེལ་མཆོག་ནས་སེམས་ཙམ་པའི་བགྲོ་གླེང་ཚོགས་འདུའི་ལུས་རྣམ་གཞག་གི་གསུང་བཤད་གནང་།
དེ་རྗེས་ཝཱཎ་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་མཆོག་གིས་གསུང་བཤད་གནང་དོན་”སྟོན་པ་བཅོམ་ལྡན་འདས་བྱོན་ཏེ། ལྟ་བ་བཀའ་བརྟགས་ཀྱི་ཕྱག་རྒྱ་བཞི་གསུངས་ནས་དེའི་དུས་དེའི་ཚེ་རྒྱ་གར་ནང་ལྟ་བ་དང་ཆོས་ཀྱི་ནང་གསར་བརྗེ་ཆེན་པོ་གཉིས་བྱུང་ཡོད་པ་ནི། ཆོས་ཀྱི་ནང་འཁོར་འདས་འཇུག་ལྡོག་གམ་བཅིངས་གྲོལ་གྱི་རྣམ་གཞག འདུས་བྱས་ཐམས་ཅད་མི་རྟག་པ།། ཟག་བཅས་ཐམས་ཅད་སྡུག་བསྔལ་བ།། ཞེས་གསུངས་ཏེ། ཆོས་ཐམས་ཅད་མི་རྟག་རང་བཞིན་དང་། བཅིངས་བ་སྡུལ་བསྔལ་དང་གྲོལ་བ་བདེ་བའི་རྒྱུ་གང་ཡིན་པ་བསྟན་ནས། དེའི་དུས་དེའི་ཚེ་རྒྱ་གར་གྱི་ཆོས་ལུགས་ཁག་གི་བདེ་སྡུག་གི་རྒྱུ་བླང་དོར་བྱེད་བའི་ཚུལ་ལ་གསར་བརྗེ་ཆེན་པོ་ཞིག་བྱུང་ཡོད་ཚུལ་དང། དེ་བཞིན་ལྟ་བ་ནི། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ།། ཞེས་གསུངས་ཏེ་ཆོས་རྣམས་སྟོང་ཉིད་དང་། བདག་མེད་པའི་གནས་ལུགས་རང་བཞིན་གང་ཡིན་བསྟན་ནས། དེའི་སྐབས་གྲུབ་མཐའ་ཁག་གིས་འཛིན་པའི་ལྟ་ཚུལ་ལ་གསར་བརྗེ་ཆེན་པོ་བྱུང་ཚུལ་སོགས་སངས་རྒྱས་པ་བསྟན་སྤྱིའི་དགེ་མཚན་”་གསུངས།།

དེ་ནས་མཁས་དབང་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་”བོད་དུ་སེམས་ཙམ་པ་ཡིན་ཞེས་པའམ། སེམས་ཙམ་པའི་གྲུབ་མཐའ་འཛིན་མཁན་ཡིན་ཞེས་པའི་གང་ཟག་སྒེར་བྱུང་མེད་ཚོད་ཀྱང། བོད་ཀྱི་མཁས་པ་རིམ་བྱོན་གྱིས་སེམས་ཙམ་ལྟ་གྲུབ་སྐོར་འཆད་ཉན་དང་། བསླབ་བ་སློབ་གཉེར་གྱི་གནས་ཚུལ་ཧ་ཅང་གི་རྒྱ་ཆེན་པོ་དང། གཏིང་ཟབ་པོ་བྱུང་ཡོད་ཅེས་དང། ཁོང་རང་ཉིད་ལ་དྭོགས་སློང་དང་གསོལ་འདེབས་ཞུ་རྒྱུ་གསུམ་ཡོད་པ་ལས། དང་པོ། སེམས་ཙམ་པའི་ཤེས་བྱ་རྩ་བའི་མདོ་དང་བསྟན་བཅོས་གང་དག་ཐུན་མོང་དང་ཐུན་མིན་གྱི་ཚུལ་དུ་བཀའ་བསྟན་གཉིས་ནང་ཇི་ལྟར་བཞུགས་ཡོད་མེད་ཁ་གསལ་སྒྲིག་སྦྱོར་བྱེད་གལ་ཆེ་བ་དང། གཉིས་པ། རྣམ་ཤེས་ཚོགས་བརྒྱད་འདོད་པའི་དགོས་དོན་གང་ཡིན། ཀུན་གཞི་དང་ཉོན་ཡིད་རྣམ་གཞག་བཞེད་དགོས་དོན་གནད་གང་ལ་ཐུག་ཡོད་མེད་དང། གསུམ་པ། རང་རིག་བཞེད་དགོས་དོན་དང་། དབང་ཡིད་མངོན་གསུམ་ནང་མ་བཙུད་པའི་རང་རིག་མངོན་གསུམ་འཇོག་པའི་གནད་གང་ཡིན།” ཞེས་སོགས་དྭོགས་སློང་དང་འབྲེལ་བའི་བཀའ་སློབ་གནང།

ཉིན་དང་པོའི་༼ཟླ་༩ ཚེས་༢༥༽བགྲོ་གླེང་གཏམ་བཤད་ཁག་གི་བརྗོད་གཞི་དང་གཏམ་བཤད་གནང་མཁན། ༡༽སེམས་ཙམ་ལུགས་ལ་ཕྱི་དོན་སྒྲུབ་ཚད། དོལ་བུ་སྤྲུལ་སྐུ།
༢༽རིགས་པའི་རྗེས་འབྲངས་ཀྱི་སེམས་ཙམ་པའི་ནང་གསེས་ཁྱད་པར། དགེ་བཤེས་རྒྱལ་མཚན་དབང་འདུས།
༣༽སེམས་ཙམ་རྣམ་བདེན་རྗུན་གཉིས་ཀྱི་ཁྱད་པར། འཇིགས་མེད་བློ་གྲོས། སེམས་ཙམ་ལུགས་ཀྱི་རང་རིག་འདོད་ཚུལ། དགེ་བཤེས་ཟླ་བ་ཚེ་རིང།
༤༽སེམས་ཙམ་པའི་སྒྲིབ་གཉིས་རྣམ་གཞག མཁན་པོ་གཡུལ་རྒྱལ།

ཉིན་གཉིས་པའི་༼ཟླ་༩ ཚེས་༢༦༽བགྲོ་གླེང་གཏམ་བཤད་ཁག་གི་བརྗོད་གཞི་དང་གཏམ་བཤད་གནང་མཁན། ༡༽སེམས་ཙམ་པའི་ལུགས་ལ་སྣང་བ་སེམས་སུ་གྲུབ་ཚུལ། མཁན་པོ་བདུད་འཇོམས་རྣམ་རྒྱལ།
༢༽སེམས་ཙམ་པའི་ལུགས་ཀྱི་ཀུན་གཞིའི་རྣམ་གཞག དགེ་བཤེས་བསྟན་འཛིན་ནོར་བུ།
༣༽གཟུང་འཛིན་གཉིས་སྟོང་དང་དགོངས་འགྲེལ་ནས་གསུངས་པའི་ཡོངས་གྲུབ་གཉིས་ཀྱི་སྐོར། མཁན་པོ་འཇལ་དཔལ་ཆོས་འཛིན།
༤༽སེམས་ཙམ་པའི་ལྟ་གྲུབ་བྱུང་ཚུལ། སློབ་དཔོན་དབང་ཕྱུག་རྡོ་རྗེ།
༥༽སེམས་ཙམ་པའི་ལྟ་གྲུབ་སྐོར་མོད་བསྟན་བཅོས་ལས་གསལ་ཚུལ། ཨཱཅཱརྱ་རྒྱལ་མཚན་རྣམ་གྲོལ།
༦༽སེམས་ཙམ་པའི་ལུགས་ཀྱི་ཀུན་གཞི་འདོད་ཚུལ། སློབ་དཔོན་གྲགས་པ་སེང་གེ།

ཉིན་གསུམ་པའི་༼ཟླ་༩ ཚེས་༢༧༽བགྲོ་གླེང་གཏམ་བཤད་ཁག་གི་བརྗོད་གཞི་དང་གཏམ་བཤད་གནང་མཁན། ༡༽སེམས་ཙམ་པའི་ཐུན་མིན་གྱི་རྣམ་པ་འདོད་ཚུལ། དགེ་བཤེས་བློ་བཟང་ཆོས་འཕགས།
༢༽རྣམ་རིག་ཙམ་དུ་སྒྲུབ་ཚུལ་དང་བག་ཆགས་གསུམ་གྱི་འབྲེལ་བ། དགེ་བློ་བཟང་རྒྱལ་མཚན།
༣༽སེམས་ཙམ་ལུགས་ཀྱི་མཚན་ཉིད་གསུམ་གྱི་རྣམ་གཞག དཀའ་ཆེན་བློ་བཟང་ཤེས་རབ།
༤༽སེམས་ཙམ་ལུགས་ཀྱི་ཚད་འབྲས་ཀྱི་རྣམ་གཞག དགེ་བཤེས་ངག་དབང་དབང་འདུས།
༥༽སེམས་ཙམ་ལུགས་ཀྱི་ཡུལ་ཅན་ཚད་མ་འདོད་ཚུལ། དགེ་བཤེས་བློ་བཟང་ཐབས་མཁས།

ཉིན་གསུམ་རིང་སེམས་ཙམ་པའི་ལྟ་གྲུབ་ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་བཞེད་མཚམས་ཀྱི་བགྲོ་གླེང་གི་བརྗོད་གཞི་ཁག་ལ་མཁས་པ་རྣམས་ཀྱི་རང་རང་གིས་རྣམ་དཔྱོད་ཀྱི་རྩལ་ལས་ལེགས་བཤད་འཕྲིང་བ་ཡི་གེའི་གཟུགས་སུ་སྟར་ཏེ། སེམས་ཙམ་པ་དང་སེམས་ཙམ་གྲུབ་མཐའི་སྐོར་ལ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་མཁས་གྲུབ་རྣམས་ཀྱི་བཞེད་ཚུལ་དྲི་མ་མེད་པ་གསལ་ཞིང། ངལ་བ་མེད་པར་དོན་གཉེར་ཅན་དག་གིས་ཅི་འདོད་དུ་ལོངས་སྤྱོད་ཀྱི་སྐབས་བསྐྲུན་འདུག་པ་མ་ཟད། དཔྱད་རྩོམ་ཚང་མར་གནའ་དེང་གི་ཤེས་བྱ་ལ་འཇུག་པའི་ཐབས་ཚུལ་བཀོལ་ཏེ། དཔྱད་རྟགས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་དགག་སྒྲུབ་ཀྱི་སྒེག་ཉམས་རྣམ་པར་མཛེས་སོ།། །།

གསར་འགྱུར།

Post navigation

Previous Post: ཡེ་ལེ་ཧཱ་མུའི་བཙོན་འོག་གི་འབོད་སྒྲ།
Next Post: “གསུང་རབ་ཀྱི་ཐུག་པའི”་སྐོར་ལ་བསྟན་འཛིན་རིག་གྲོལ་ལ་དངོས་སུ་བཅར་འདྲི།

Comments (10) on “སེམས་ཙམ་པའི་ལྟ་གྲུབ་ཐོག་བགྲོ་གླེང་ཚོགས་འདུ།”

  1. རྡོ་རྗེ་སྐྱོབ་པ། says:
    2014-09-26 at 12:29 am

    ཡིག་ནོར་མང་བ་འདི་ག་རེ་རེད།
    འབུམ་རབས་པ་མ་རེད་འབུམ་རམས་པ
    ཤེས་བྱ་རྩ་བའི་མདོ་མ་རེད། བཤད་བྱ་རྩ་བའི་མདོ།
    མངོན་གསུམ་མ་རེད། མངོན་སུམ་རེད།
    ……
    རྩོམ་ཆག་ཐུང་ཐུང་ཞིག་ལ་ཡིག་ནོར་འདི་འདྲ་མང་པོ་ཤོར་དོན་ག་རེ་རེད།
    ཝཱ་ཎའི་ལག་པ་རྡུམ་པོ་ཡིན་ཟེར་བ་དེ་ད་ལྟ་ད་རུང་མངོན་སུམ་ཡིན་པ་འདྲ།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-09-26 at 8:27 am

    ཀྱེ་རྡོ་རྗེའི་བསྡུས་དོན་གྱི་རྒྱ་ཆེར་འགྲེལ་ལས།

    སངས་རྒྱས་པ་ལ་བཞི་པ་དང།།
    ལྔ་པ་ཐུབ་པའི་དགོངས་པ་མིན།།

    འདི་ཉིད་བོད་དུ་ཐོས་ཀྱང་། དཔེར་ཆ་གང་དུ་ཡོད་ཤེས་པ་ལ་ཕན། བཀའ་དྲིན་ཆེ།
    བྱེ་བྲག་སྨྲ་བ་དང། མདོ་སྡེ་པ་དང། སེམས་ཙམ་པ་དང། དབུ་མ་པ། ཞེས་པ་ལ་ཕྱི་དོན་མངོན་སུམ་གྱིས་གྲུབ་པར་སྨྲ་བ་དང་། ཕྱི་དོན་རྗེས་དཔག་གིས་གྲུབ་པར་སྨྲ་བ་དང་། ཕྱི་དོན་མེད་པར་སེམས་བདེན་གྲུབ་ཏུ་ཡོད་པར་སྨྲ་བ་དང་། ཕྱི་དོན་དང་སེམས་གཉིས་ཀ་བདེན་གྲུབ་ཏུ་མེད་པར་སྨྲ་བ་དེ་དག་རིམ་བཞིན་དུ། གྲུབ་མཐའ་སྨྲ་བ་བཞིའི་སྒྲ་བཤད་དུ། ༡༤༠༠པར་བྲིས་པའི་ལྟ་བ་ཐམས་ཅད་བསྡུས་པ་ན་བཀོད། འདི་དང་ཕྱོགས་མཚུངས་པ་ཞིག། ཨ་རིའི་སློབ་དཔོན། ཨེ་ལེགས་ཝ་ཡ་མེན་མཆོག་གི་བསྟན་འགྱུར་གྱི་འདྲ་བཤུས་ཤིག་ན། ཁྱུག་ཙམ་མཐོང་ཡང་། དེའི་དུས་ཐོ་རྒྱབ་མེད་པས། ལོ་མང་རྗེས་སུ། བསྟན་འགྱུར་ན་བཙལ་ཀྱང་མ་རྙེད། དྲ་རྒྱ་འདིར་སྔོན་མ་ཞིག་དེ་ལྟར་དྲིས་ཀྱང་། ལན་མ་བྱུང་། གཅིག་ན། ཀྱེ་རྡོ་རྗེའི་བསྡུས་དོན་གྱི་རྒྱ་ཆེར་འགྲེལ་ན། གྲུབ་མཐའ་སྨྲ་བ་བཞིའི་སྒྲ་བཤད་ཡོད་དམ་སྙམ།
    ་
    སངས་རྒྱས་པ་ལ་བཞི་པ་དང།།
    ལྔ་པ་ཐུབ་པའི་དགོངས་པ་མིན།།
    ་
    བོད་དུ། གྲུབ་མཐའ་སྨྲ་བ་བཞི་ཡོད་པའི་སྒྲུབ་བྱེད་དུ། ཐོས་ཀྱང་། ཚིག་ཇི་ལྟ་བ་བཞིན་དུ། གོ་བ་བྱས་ན། སྔར་གྱི་གྲུབ་མཐའ་སྨྲ་བ་བཞིའི་ནང་ན། བཞི་པ་དབུ་མ་པ་དེ་ཐུབ་པ་སངས་རྒྱས་ཀྱི་དགོངས་པ་ཡིན། གྲུབ་མཐའ་སྨྲ་བ་ལྔ་པ་དེ་ཐུབ་པའི་དགོངས་པ་མ་ཡིན། ཞེས་པ་ཞིག་ཏུ་གོ་བ་མཆིས།
    གཞན་ཡང་། གནས་བརྟན་པ་ལ་ལྟ་བ་ཐ་དད་པ་བཞི་ཡོད་དགོས། གནས་བརྟན་པས། མཆོག་ཏུ་བཀུར་བའི་ཆོས་ཀྱི་ཚིགས་སུ་བཅད་པ་ན། ཆོས་རྣམས་ཡིད་ཀྱི་རང་བཞིན་ཏེ། ཞེས་པས་སེམས་ཙམ་པ་དང་། ཀཱ་ཏྱཱ་ཡ་ནའི་གདམས་ངག་གི་རྗེས་འབྲངས་གནས་བརྟན་པ་རྣམས་དབུ་མ་པ་ཡིན་དགོས། དེ་བཞིན་དུ། བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ་དང་ལྟ་བ་མཐུན་པ་དག་དེ་དག་གི་ཁུངས་སུ་སོ་སོར་དྲང་དགོས་སོ་སྙམ་ན། འདི་ལ་ཁྱེད་བོད་ཀྱི་གཞུང་ལུགས་ལ་མཁས་པ་དག་གི་དགོངས་་ཚུལ་ཅི་ཡོད་དམ། ཞེས་སོ།

  3. སྤོབས་པ་མཐའ་ཡས། says:
    2014-09-26 at 10:48 pm

    སྐུ་ངོ་ཟམ་གདོང་ཚང་གིས་སེམས་ཀྱི་དཀར་ཤ་དམར་མདངས་ངོ་མ་དེ་མཐོང་འདོད་ན། རྡ་རམ་ས་ལ་ཡས་མས་སུ་སྲིད་དོན་ནང་འཁྲུགས་ཀྱི་གྲོང་ལས་རྒྱང་གྲགས་གཅིག་ཙམ་བཀྱེད་ནས། དགེ་བའི་བཤེས་གཉེན་རེ་ལས་ནང་སེམས་ཀྱི་ཆགས་སྡང་འདུལ་བའི་མན་ངག་རེ་ཐོས་མྱོང་ཡོད་ན་ཕྱིར་དྲན་རེ་དང་། མེད་ན་ནི་བླ་རྒན་དམ་ཚིག་གཙང་མ་རེའི་ཞབས་རྡུལ་སྤྱི་བོས་ལེན་ཨེ་ཐུབ་བལྟས་ན་ད་གཟོད་ནང་སེམས་ཀྱི་གཞུང་ལུགས་ཀྱི་ཟབ་ཁྱད་དང་། ནང་སེམས་འདུལ་བའི་མན་ངག་གི་ཆེ་བ་རེ་མཐོང་ཐུབ་པའི་རེ་བ་ཡོད་རེད་ཅེས་ཞུ་རོགས།

  4. lobsang199 says:
    2014-09-27 at 2:46 am

    སངས་རྒྱས་པ་ལ་བཞི་པ་དང།།
    ལྔ་པ་ཐུབ་པའི་དགོངས་པ་མིན།།
    ༡༽སངས་རྒྱ་ལ་པ་བཞི་པ་་་་་ཐུབ་པའི་དགོངས་པ་མིན།
    སངས་རྒྱས་པ་ལ་་་་ལྔ་པ་ཐུབ་པའི་དགོས་པ་མིན།

    ༢༽སངས་རྒྱས་པ་ལ་ཐེག་པ་གསུམ་ཡོད་ཀྱི་ཐེག་པ་བཞི་པ་ཐུབ་པའི་དགོངས་པ་མིན།
    སངས་རྒྱས་པ་ལ་གྲུབ་མཐའ་བཞི་ཡོད་ཀྱི་ལྔ་པ་ཐུབ་པའི་དགོངས་པ་མ་ཡིན།

    ༣༽ཡང་ན། སངས་རྒྱས་པ་ལ་གྲུབ་མཐའ་བཞི་ཡོད་པ་དེ་ནི་ཐུབ་པའི་ཡིན་དང་ཡིན། གྲུབ་མཐའ་ལྔ་པ་ཡོད་པ་ཐུབ་པའི་དགོངས་པ་གཏན་ནས་མིན་ནོ།།
    གང་ལྟར་ཡང་“བཞི་པ་དང” ཞེས་པའི་དང་སྒྲ་འདི་བསྡུ་འབྱེད་རྒྱུ་མཚན་གང་ལ་འཇུག་པ་ཡིན་མ་ཤེས་སོ།།

  5. ས་མཐའི་མིག་ཆུ། says:
    2014-09-27 at 9:22 am

    སྒྱུ་སྩལ་བ་ཞེས་པ་དེ་སུ་ལ་ཡང་ལྟོས་མེད་བསམ་སྤྱོད་གཉིས་ཀ་འཆོལ་བའི་སྨྱོན་པ་ཞིག་ལ་གོ་དགོས་བསམ། སྒྱུ་རྩལ་བ་ཡིན་ཞེས་སུ་ལ་ཡང་རྩིས་མེད་ཀྱིས་མི་རིགས་ཤིག་གི་དད་གུས་ཞུ་ཡུལ་གྱི་གཅེས་ནོར་གཏོར་བཤིག་བཏང་ན་འགྲིག་གམ། བཙན་བྱོལ་བོད་པའི་སྒྱུ་རྩལ་བ་དེ་ཚོ་འཛམ་གླིང་གི་སྒྱུ་རྩལ་བ་གཞན་དང་མི་འདྲ་ས་ནི་རང་མི་རིགས་ཀྱི་མགོ་ལ་སྐྱག་་གཅིན་གཏོང་བར་ཆེད་སྤོབ་པ་དེ་ཁོ་ཙམ་རེད།

  6. ས་མཐའི་མིག་ཆུ། says:
    2014-09-27 at 9:36 am

    མཆན་འདི་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་གྱི་བརྙན་པར་དེའི་འོག་ཏུ་བྲིས་པའི་རྩིས་ཡིན་ཡང་ནོར་ནས་འདིར་བྲིས་འདུག་དགོངས་དག

  7. ཀུན་དགའ་རྒྱལ་མཚན། says:
    2014-09-29 at 12:06 am

    སངས་རྒྱས་པ་ལ་བཞི་པ་དང་། །
    ལྔ་པ་ཐུབ་པའི་དགོངས་པ་མིན། །
    ཞེས་པའི་ཐད་ལ་གོང་དུ་འགྲེལ་པ་གསར་པ་གནང་མཁན་རེ་གཉིས་བྱུང་འདུག་ཀྱང་། རྣམ་དཔྱོད་ཀྱི་རྩལ་འདོན་པར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན་ཡང་། འགྲེལ་བཤད་རྒྱག་མཁན་རྣམས་ཀྱིས་དང་སྒྲ་དེ་ལ་ཐུགས་སྣང་གནང་མི་འདུག སྔོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཚིགས་བཅད་དེ་ལྟ་བུ་ལ་འགྲེལ་ལོག་ཐེབས་ཐབས་མེད། དེ་ཙམ་ཡང་མ་མཁྱེན་ན། ང་ཚོའི་མིག་སྔར་གཟིགས་རྒྱུ་ཡོད་པའི་གསུང་རབ་རླབས་ཆེན་རྣམས་ཇི་ལྟར་འཁྲུངས་པ་ཡིན་ནམ། དགོངས་དཔྱད་དུ།

  8. lobsang199 says:
    2014-09-30 at 6:49 am

    ལགས་སོ་འོ་ན། སངས་རྒྱས་པ་ལ་(ཐེག་པ་)བཞི་པ་དང་(གྲུབ་མཐའ་)ལྔ་པ་ཐུབ་པའི་དགོངས་པ་མ་ཡིན་ནོ། (འདི་ནི་གྲུབ་དོན་ཡིན་ནོ།)

  9. ཁ་བའི་རྒྱང་ཕྲུག says:
    2014-10-03 at 10:25 am

    རིག་འཛིན་ལྷུན་གྲུབ་ལགས་ཀྱིས་གལ་ཆེའི་ཚོགས་འདུ་ཞིག་མཚམས་སྦྱོར་གནང་བར་ཐུགས་རྗེ་ཆེ། བརྗོད་དོན་ཁ་གསལ་གོ་བདེ་འདུག འདིར་འབྲེལ་ཡོད་ཀྱི་སྐད་ཆ་ཞིག་ཞུ་འདོད་བྱུང་། ལྟོས་འཇོག་གི་ཆ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གསར་འགྱུར་བརྒྱུད་ལམ་ཉུང་ཉུང་ཡིན་ལ་གསར་འགོད་པ་དེ་བས་ཉུང་བས། གལ་ཆེའི་གསར་འགྱུར་དང་གནས་ཚུལ་མང་པོ་ཞིག་མང་ཚོགས་ཀྱིས་མཁྱེན་ཐུབ་ཀྱི་མེད། དེར་བརྟེན་ཡུལ་གྲུ་གང་སར་གནས་པའི་བོད་མི་སྨྱུག་ཐོགས་པ་ཚོར་རང་ཁོངས་ཀྱི་གལ་ཆེའི་གནས་ཚུལ་དང་གསར་འགྱུར་དུས་ཐོག་ལ་སྤེལ་ནས་མང་ཚོགས་ཀྱི་གོ་རྟོགས་གོང་མཐོང་གཏོང་བའི་འགན་འཁྲི་ཞིག་ཡོད་པར་འདོད། འགན་འཁྲི་དང་ལེན་གནང་མཁན་ཚོར་འོས་མིན་སྐྱོན་བརྗོད་དང་གཞི་མེད་ཁ་བརྡུང་གཏོང་མཁན་ནི་སྤྱི་ཚོགས་ཀྱི་ནད་འབུ་ཚབས་ཆེན་ཤ་སྟག་རེད། ང་ཚོས་དུས་ནམ་ཞིག་ལ་གནོད་ཚབས་ཆེ་བའི་ནད་འབུ་དག་རྨང་ནས་བཅོམ་སྟེ་བདེ་འཇགས་ཀྱི་སྤྱི་ཚོགས་བཟང་པོ་ཞིག་བསྐྲུན་ཐུབ་བམ།

  10. བཀྲིས་བསྟན་འཛིན། says:
    2018-09-13 at 10:52 am

    སེམས་ཙམ་པའི་ལྟ་གྲུབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme