Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་ཨ་མ་རྗེ་བཙུན་པདྨ་གླེང་བ།

Posted on 2014-09-202014-09-20 By ཁ་བརྡ་ 11 Comments on བོད་ཀྱི་ཨ་མ་རྗེ་བཙུན་པདྨ་གླེང་བ།

བདེ་པོ་འཚོ། (ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་)

གུས་མོ་ནི་རྒྱ་ནག་གི་བཙན་གནོན་འོག་སྟེ་རང་དབང་མེད་པའི་བོད་གངས་ཅན་གྱི་ལྗོངས་ནས་རྒྱ་གར་ནང་བཙན་བྱོལ་དུ་ཡོང་མཁན་ཞིག་ཡིན་ལ། དེ་ཡང་ཐབས་སྐྱོ་བའི་གནས་སྟངས་ཤིག་གི་འོག་ནས་འདི་ལྟར་རང་དབང་ལུང་པ་ཞིག་ལ་འབྱོར་ཏེ་རིན་ཐང་བྲལ་བའི་ཤེས་བྱ་རིག་གནས་ལ་སྦྱངས་པའི་གོ་སྐབས་ཐོབ། ཡིན་ན་ཡང་། རང་ཉིད་ལ་གཞན་པ་ལྟ་བུའི་ལྷན་སྐྱེས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་སོགས་ཤེས་འཇོན་གང་ཡང་མེད་ན་ཡང་། རང་ཉིད་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ལའང་ཕྱོགས་གང་ས་ཅི་ཐད་ནས་བསལ་ཚུལ་དང་ཚོར་བ་མ་འདྲ་བ་རེ་ཡོད་ངེས་ལ་ཡོད་ཆོག་པ་ཞིག་ཀྱང་རེད།
དེ་བཞིན་ད་ལན་མཐོ་སློབ་ཀྱི་བོད་ཡིག་གཅེས་སྐྱོང་ཚོགས་པས་གོ་སྒྲིག་གི་འོག་ནས་རྩོམ་འབྲིའི་ལས་འགུལ་ཞིག་སྤེལ་གནང་བའི་གོ་སྐབས་འདི་དམ་འཛིན་གྱིས་རང་ཉིད་ལ་དུས་རྒྱུན་དུ་ཡིད་ངོར་འཆར་བསྡད་པའི་བསམ་ཚུལ་འགའ་རྩོམ་ཡིག་འདིའི་ལམ་ནས་ཕྱིར་བཏོན་རྒྱུའི་འདུན་པ་ཧ་ཅང་ཆེ།

སྤྱིར་འཛམ་བུ་གླིང་ཧྲིལ་པོ་འདིའི་ནང་ལ་ཕྱིའི་དངོས་པོའི་ཐོག་ལ་ཕུལ་དུ་བྱུང་བ་དང་ནང་སེམས་ཀྱི་སྐོར་ལ་ཁྱད་དུ་འཕགས་པ། རིག་དངོས་གང་ལ་ཡང་གསར་བཏོད་མཁས་པ་སོགས་རིགས་ཚན་སྣ་མང་ལ་མཁྱེན་དཔྱོད་ཡངས་པའི་ཤེས་ལྡན་སོགས་མང་དག་ཅིག་ཡོད་ལ། ཁོང་རྣམ་པའི་མཛད་རྗེས་ལ་མང་ཚོགས་ཀྱིས་བསྔགས་བརྗོད་དང་ཡིད་སྨོན། གོང་བཀུར་རང་བཞིན་དང་ཁྱད་འཕགས་རང་བཞིན་ལ་ངོས་འཛིན་གྱི་ཡོད་ལ་འཛིན་དགོས་པ་ཞིག་ཀྱང་རེད།

དེས་ན་དེ་རིང་བདག་གིས་ཀྱང་རྩོམ་འབྲིའི་གོ་སྐབས་འདི་བརྒྱུད་ནས་བོད་ཕྲུག་ཡོངས་ཀྱི་ཨ་མ་རྗེ་བཙུན་པདྨ་ལགས་ཀྱི་མཛད་རྗེས་སྐོར་གླེང་འདུན་ཅི་བས་ཆེ་ན་ཡང་། གླེང་གཞི་ཨ་མ་ལགས་ཀྱི་མཛད་རྗེས་རྒྱ་ཆེ་བ་དང་གླེང་མཁན་གུས་མོ་ངའི་ཤེས་ཡོན་གྱི་དཔང་དམའ་བས་ཇི་བཞིན་གླེང་མི་ཐུབ་ན་ཡང་། རང་ཉིད་ཨ་མ་ལགས་ཀྱིས་བོད་ཁྱིམ་སློབ་གྲྭའི་བྱ་གཞག་ཆེ་ཕྲ་ཀུན་ལ་ཐུགས་ཁུར་བསྐྱེད་བཞེས་ཇི་ལྟར་གནང་བ་ལ་ཡི་རངས་མོས་གུས་མཚོན་པའི་ཆེད་དུ་རང་གི་བསམ་ཚུལ་སྐོར་ཅུང་གླེང་བར་འདོད།
དེ་ལྟར་གླེང་འདོད་པའི་རྒྱུ་མཚན་ནི། ཁོང་ནི་འཛམ་གླིང་ཐོག་གི་བུད་མེད་ཆེས་ལྷག་བསམ་དང་འཇོན་ཐང་ཅན་གྱི་ཁྲོད་ནས་གླེང་རིན་ཡོད་པ་ཞིག་དང་། བོད་ཕྲུག་མང་པོ་གསོ་སྐྱོང་གནང་མཁན་གྱི་མིང་དོན་ཚང་བའི་བོད་ཀྱི་ཨ་མ་ངོ་མ་དེ་ཡིན།

དེའི་ཕྱིར། ཁོང་ལ་དེ་འབྲེལ་གྱིས་འཛམ་གླིང་ནང་མིང་དུ་གྲགས་པའི་རྟགས་མ་མང་པོ་ཞིག་ཐོབ་ཡོད་པ་ནི། ཁོང་གི་ཕྱག་ལས་དང་མཛད་རྗེས་ལ་དེ་བཞིན་ངོས་འཛིན་ཐོབ་པ་ཡིན། ཡིན་ན་ཡང་རང་རེའི་སྤྱི་ཚོགས་ཀྱི་ཁྲོད་ནས་ཁོང་ལ་དེ་ལྟ་བུའི་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་ཀྱི་རྟགས་མ་དེ་འདྲ་རེ་ཟུང་ལས་ཕུལ་བ་བྱུང་མེད།
འདིས་ཅི་ཞིག་མཚོན་གྱི་ཡོད་ཅེས་ན། ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ངོ་མ་ཤེས་ཞེས་པའི་དཔེ་ལྟར་མ་ཡིན་ནམ་སྙམ། ང་ཚོས་ངེས་པར་དུ་ཁོང་གི་ཐུགས་རྗེ་བཀའ་དྲིན་དེ་ཐུགས་རྗེ་བཀའ་དྲིན་དུ་ངོས་འཛིན་ཐུབ་དགོས་པ་མ་ཟད་སེམས་ཀྱི་ཚོར་དགོས་པ་ཡང་ཡིན།

གནད་དོན་འདི་ནི་བོད་ཁྱིམ་གྱི་སློབ་མ་ཁོ་ན་མ་ཡིན་པར་བོད་པའི་མི་རིགས་སུ་གཏོགས་སོ་ཅོག་གིས་ཤེས་དགོས་པ་ཡིན། ཁོང་ལ་ཁྱེད་རང་ཕྱུག་པོ་ཞིག་ཡིན་ན་ཆོག་ལ། དབུལ་བོ་ཞིག་ཡིན་ནའང་ཆོག ཤེས་ལྡན་ཞིག་ཡིན་ནའང་ཆོག ཤེས་ཡོན་མེད་མཁན་ཞིག་ཡིན་ཡང་ཆོག ཁོང་གི་བྱམས་སྐྱོང་དང་བཀའ་དྲིན་ལ་ཆོལ་ཁ་དང་ཆོས་ལུགས་སོགས་དབྱེ་འབྱེད་གང་ཡང་མེད་ལ། ཁོང་ནི་བོད་དང་བོད་མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་གནང་མཁན་གྱི་གངས་ཅན་བོད་ཀྱི་ཨ་མ་སྟེ་ཨ་མ་རྗེ་བཙུན་པདྨ་ལགས་ཁོང་རེད།
དེར་བརྟེན་ཁོང་དང་ཁོང་ལྟ་བུའི་བུད་མེད་ཤེས་འཇོན་དང་ལྷག་བསམ་ཅན་གང་ན་སུ་ཞིག་ཡོད་པ་དེར། ངེས་པར་དུ་ང་ཚོས་ལགས་སོའི་བསྔགས་བརྗོད་དང་ཡི་རངས་གོང་བཀུར་བྱ་དགོས་པ་འུ་ཅག་གི་ལས་འགན་རེད། དེས་ན་འདིར་གུས་མོས་ཨ་མ་རྗེ་བཙུན་པདྨ་ལགས་ཀྱི་སྐོར་ལ་རང་ཉིད་ཀྱི་བསམ་ཚུལ་དང་དངོས་མཐོང་སྦྲགས་ནས་དོན་ཚན་བཞི་ཡི་ཐོག་ལ་ཅུང་ཙམ་འབྲི་རྒྱུ་ཡིན།

སྐུ་སྤྱན་རས་གཟིགས་ཀྱི་གཅུང་མོ།།
ཐུགས་རྗེ་བཙན་སྒྲོལ་མའི་ཡང་སྤྲུལ།།
བོད་ཁ་བ་གངས་ཀྱི་ཡུལ་ལ།།
ཁྱེད་བྱོན་པ་བོད་ཀྱི་བསོད་ནམས།།

རྒྱ་དམར་པོའི་གདུག་རྩུབ་འོག་ནས།།
བོད་གཞིས་བྱེས་ཁ་ཁར་བཏང་ཡང་།།
མ་ཁྱེད་ཀྱི་ཐུགས་བསྐྱེད་བརྗིད་པོས།།
དོན་བྱ་གཞག་ཆེན་པོ་བསྐྱངས་སོང་།།

 

༡༽ ཨ་མ་རྗེ་བཙུན་པདྨ་དང་བོད་ཀྱི་བྱིས་པ་གླེང་བ།

ཕྱི་ལོ་ལྔ་བཅུ་ང་གྲངས་ནས་བོད་ནང་ལ་རྒྱ་གཞུང་གི་དམག་མི་སླེབས་པ་དང་། རིམ་གྱིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ཏེ་མཐར་ཕྱི་ལོ་༡༩༥༩ ལོར་༧གོང་ས་མཆོག་དང་བོད་གཞུང་སོགས་རང་ཡུལ་དུ་སྡོད་དབང་མེད་པར་རྒྱ་གར་ནང་བཙན་བྱོལ་དུ་གྱར་དགོས་བྱུང་བ་དང་། སྐབས་དེར་༧ གོང་ས་མཆོག་གིས་རིམ་བསྟུད་ཀྱིས་ཐུགས་རེ་ཞུས་འབྲེལ་དུ་སྲིད་བློན་ནེ་རོས་ཀྱང་བོད་ཀྱི་ཡིད་སྐྱོ་བའི་གནས་སྟངས་སོགས་ཕྱོགས་ཡོངས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་གནང་བ་དང་། དེ་བཞིན་བོད་ཀྱི་མ་འོངས་པའི་གནས་བབ་སོགས་ལ་དགོངས་པ་ཆེ་བཞེས་ཀྱིས་བོད་ཕྲུག་ཚོར་བོད་རང་གི་སློབ་གྲྭ་ཁམས་གཙང་བཙུགས་ཏེ་བོད་ཀྱི་ཆོས་རིག་ཁག་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གྱི་བགྱི་སྒོ་ཆེས་ཆེར་བསྐྱངས།
ལས་གཞི་དེའི་ཁོངས་ཀྱི་ཐོག་མའི་གྲས་ནི་བོད་ཕྲུག་ཁྱིམ་སྡེ་འདི་ཡང་ཡིན་ལ། སྐབས་དེར་༸གོང་ས་མཆོག་གི་གཅེན་མོ་ཨ་མ་ཚེ་རིང་སྒྲོལ་མ་ལགས་བོད་ཕྲུག་ཁྱིམ་སྡེའི་ལས་གཞིར་གཟིགས་རྟོགས་ཀྱི་ཐུགས་འགན་ཡོངས་སུ་བཞེས་ཏེ། བོད་ཕྲུག་ཚོར་ལྷག་བསམ་རྣམ་དག་གིས་བརྩེ་སྐྱོང་ཆེན་པོའི་བགྱི་བ་བཞེས་གནང་བའི་སྐབས་དེར། ང་ཚོའི་ལས་བསོད་ཀྱིས་མ་ཐེག་པར་ཕྱི་ལོ་༡༩༦༤ཟླ་༡༡ ཚེས་༢༡ ཉིན་སྐུ་གཤེགས་ཏེ་ཐུགས་འགན་འདིའི་རྒྱུན་བསྲིངས་ཐུབ་མེད།

དེ་ནས་གཅེན་མོའི་རླབས་ཆེ་བའི་ལས་གཞི་འདིའི་མཇུག་གཅུང་མོས་གནང་བ་སྟེ། སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་ཕྱི་ལོ་༡༩༦༤ ལོ་ནས་ཁྱིམ་ཕྲུག་ཁྱིམ་སྡེའི་བགྱི་སྒོའི་ལས་དོན་ཆེ་ཕྲ་ཀུན་བདག་གིར་བཞེས་ཏེ། ལོ་ཟླ་རིམ་བསྟུད་ཀྱིས་བོད་ཕྲུག་ཁྱིམ་སྡེའི་ཕྱི་སྣོད་དང་ནང་བཅུད་སོགས་ཕྱོགས་གང་ས་ཅི་ཐད་ནས་ཡར་རྒྱས་གོང་འཕེལ་གྱི་ལམ་དུ་འཁྲིད་དེ་ད་ལྟའི་གྲུབ་འབྲས་འདི་བྱུང་བ་ཡིན།
དེ་ཡང་ཨ་མ་རྗེ་བཙུན་པདྨ་ལགས་ནི། བོད་རབ་བྱུང་༡༦ པའི་ལྕགས་འབྲུག་ཕྱི་ལོ་༡༩༤༠ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་འཁྲུངས་ཤིང་། དགུང་ལོ་བཅུ་ལ་སོན་པ་སྟེ་ཕྱི་ལོ་༡༩༤༩ ལོར་རྒྱ་གར་ཤར་ལྷོའི་ས་ཁུལ་ཀ་ལོན་སྦུག་དབྱིན་ཇིའི་སློབ་གྲྭར་སློབ་སྦྱོང་དུ་ཕེབས། དེ་རྗེས་སུད་སི་དང་དབྱིན་ཡུལ་སོགས་སུ་དགུང་ལོ་ཉེར་བཞིའི་བར་དུ་སློབ་སྦྱོང་གནང་། ཁོང་སློབ་སྦྱོང་ལ་ཐུགས་མོས་ཡོད་པ་བཞིན་སློབ་སྦྱོང་གི་མཐུན་རྐྱེན་ཡང་འཛོམས་པོ་བྱུང་ཡོད། ཡིན་ཡང་། བར་དེར་ཁོང་གི་ཨ་ཅག་ཚེ་རིང་སྒྲོལ་མ་ལགས་སྐུ་གཤེགས་པར་བརྟེན་བོད་ཕྲུག་ཁྱིམ་སྡེའི་ཐུགས་འགན་བཞེས་དགོས་བྱུང་།

ཁོང་ལ་ཡང་སྐབས་དེར་ང་ཚོ་བཞིན་དོན་སྙིང་ལྡན་པའི་ན་གཞོན་གྱི་རྨི་ལམ་དང་ཕུགས་བསམ་རི་འདྲ་བ་ཞིག་ཡོད་ངེས་ཀྱང་། བོད་ཕྲུག་དང་བོད་ཕྲུག་ཁྱིམ་སྡེའི་ཆེད་དུ་སློབ་སྦྱོང་གི་མཚམས་བཞག་སྟེ་བོད་མི་རིགས་ཀྱི་སླད་དུ་མི་ཚེ་ཧྲིལ་པོར་ཕྱག་ལས་འདིའི་བགྱི་སྒོ་བསྐྱངས། སྐབས་དེར་ཨ་མ་ལགས་ཁོང་དགུང་ལོ་ཉེར་བཞི་ཡིན་ལ། ཕྱི་ལོ་༡༩༦༤ ནས་བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་གྱི་མཛད་འགན་བཞེས་ཏེ་མི་ལོ་འདི་དག་གི་རིང་ལ། དང་ཐོག་སྔོན་འགྲོའི་སློབ་གྲྭ་ཙམ་ལས་མེད་པའི་གནས་བབ་ལས་ད་ལྟ་མཐོ་རིམ་སློབ་གྲྭ་ཡོད་པའི་བར་སློབ་སྦྱོང་དང་འཛིན་སྐྱོང་གི་སྒྲིག་བཀོད་ཕུན་སུམ་ཚོགས་པ་གནང་ཡོད། དེ་བཞིན་སློབ་གྲྭའི་ཐུགས་འགན་བཞེས་འབྲེལ་དུ་ཕྱི་ལོ་༡༩༩༡ ལོར་ཁོང་བོད་ཀྱི་ལོ་རྒྱུས་ནང་བུད་མེད་བཀའ་བློན་དང་པོར་འདེམས་ཐོན་བྱུང་།

ཁོང་གི་ཕྱག་ལས་འདི་དག་གི་རྗེས་འབྲེལ་དུ་སྔ་ཕྱིར་ཕྱི་ལོ་༡༩༩༧ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་༼གངས་ལྗོངས་བོད་ཀྱི་ཨ་མ༽ཞེས་པའི་མཚན་བསྟོད་དང་། ཨི་ཊ་ལི་ནས་༼བུད་མེད་ཀྱི་སྙིང་སྟོབས༽ཞེས་པ། འཇར་མན་ནས་༼UNESCO༽ཡི་གཟེངས་རྟགས་སོགས་ཕུལ། ཁོང་གིས་སྐྱབས་མགོན་རིན་པོ་ཆེའི་ཐུགས་དགོངས་ལྟར་བོད་ཕྲུག་ཁྱིམ་སྡེའི་རྒྱ་བསྐྱེད་དང་འཕེལ་རྒྱས་ཀྱི་ཕྱོགས་ལ་སྐུ་ལས་ཚད་མེད་བསྐྱོན་བ་དང་། བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་སུ་གཏན་སྡོད་བོད་ཁྱིམ་སློབ་གྲྭ་དང༌ཉིན་མོ་སློབ་གྲྭ། ལག་ཤེས་སློབ་གྲྭ་སོགས་སློབ་ཁག་བརྒྱད་ཅུ་ལྷག་ཡོད་པ་དེའི་(གྲངས་ཀ་འདི་ཏག་ཏག་ཡོད་མེད་མ་ཤེས།)ཕྱོགས་ཡོངས་ནས་ཕུན་སུམ་ཚོགས་པ་གནང་ཞིང༌། བོད་ཕྲུག་ཚོའི་སློབ་སྦྱོང་གི་གོ་སྐབས་དང་འཚོ་གོས་གནས་མལ་སོགས་དྲིན་ཅན་ཨ་མ་ཞིག་གི་འགན་ཡོངས་སུ་བཞེས་པས། འཛམ་གླིང་གང་སར་ཨ་མ་རྗེ་བཙུན་པདྨ་ཞེས་ཡོངས་སུ་གྲགས་ཤིང༌། ད་ལྟའང་བོད་ཀྱི་བྱིས་པ་ཚོའི་ཆེད་ངལ་བ་འཛེམས་མེད་ཀྱིས་ཕྱག་ལས་གནང་དང་གནང་མུས་ཡིན།

དེ་ལྟར་བོད་ཀྱི་གནས་བབ་འདི་འདྲ་ཞིག་གི་འོག་ནས། ༸གོང་ས་མཆོག་གིས་སྣེ་འཁྲིད་པའི་བཙན་བྱོལ་བོད་གཞུང་དང་། ལྷག་པར་དུ་ཨ་མ་ལགས་གཙོས་སློབ་གྲྭའི་འགན་ལས་ཡོངས་ཀྱི་བཀའ་དྲིན་ལ་བརྟེན་ནས་བོད་ནས་ཕེབས་པའི་བུ་ཕྲུག་ཙམ་མ་ཡིན་པར་བཙན་བྱོལ་དུ་སྐྱེས་པའི་བོད་ཕྲུག་མང་པོར་སློབ་སྦྱོང་སོགས་ཀྱི་གོ་སྐབས་དང་མཐུན་རྐྱེན་བསྩལ་ནས་འཚར་ལོངས་བྱུང་དང་འབྱུང་གི་ཡོད། མདོར་ན། བོད་ཁྱིམ་གྱི་སློབ་གྲྭ་ཁག་ནས་ཐོན་པའི་སློབ་མ་རྣམས་ནི་ཨ་མ་ཁོང་གི་རུམ་ཁ་ནས་ལག་ཆགས་པ་ཡིན་ལ། ཁོང་གིས་ཉིན་མཚན་དུས་དྲུག་ཏུ་སྐུ་ལུས་བསྐྱོན་ཏེ་རང་གི་ཤ་ལས་ཆད་པའི་བུ་ཕྲུག་བཞིན་གསོ་སྐྱོང་གནང་གི་ཡོད།
དེ་བཞིན་འདི་ནས་ཐོན་པའི་བྱིས་པ་མང་ཆེ་བ་སྤྱི་ཚོགས་ཁྲོད་ཞུགས་པ་ན་ཤེས་སྤྱོད་གཉིས་ལྡན་གྱི་བོད་ཕྲུག་ཚད་ལྡན་ཞིག་དང་གནའ་དེང་གི་རིག་གནས་གཉིས་འཛོམས་ཅན་དུ་གྱུར་ཡོད། དེར་བརྟེན། འདི་ནས་ཐོན་པའི་སློབ་ཕྲུག་ཙམ་མིན་པར་ཨ་མ་རྗེ་བཙུན་པདྨ་ཞེས་དུས་རླབས་ཆེན་གྱི་སྐྱེད་མ་ཞིག་ཡིན་པའི་བག་ཆགས་ནི་གསུབ་ཏུ་མེད་པ་ཞིག་བཞག་ཡོད་པ་ཡིན་ནོ།།

སྐུ་ལང་ཚོ་དར་བའི་དུས་སུ།།
ཐུགས་དཔྱོད་ཤེས་རྒྱས་པའི་དུས་སུ།།
རང་སྒེར་གྱི་འདོད་པ་དོར་ཏེ།།
ལས་རླབས་ཆེན་འདི་འདྲ་བསྐྱངས་ཡོད།།

མ་ཁྱེད་ནི་ང་ཚོའི་མིག་ཡིན།།
མ་ཁྱེད་ནི་ང་ཚོའི་སྙིང་ཡིན།།
མ་ཁྱེད་ཀྱི་སྐུ་ལུས་དཀའ་ཚེགས།།
བོད་ས་ཡ་དྲུག་གི་ཆེད་ཡིན།།

 

༢༽ ཨ་མ་རྗེ་བཙུན་པདྨ་དང་བོད་ཀྱི་རིག་གཞུང་གླེང་བ།

སྐྱེས་ལྡན་སྲོག་ཆགས་གང་ཞིག་ཡིན་ནའང་དབུགས་མེད་པར་འཚོ་གནས་ཐུབ་ཐབས་ཤིག་མེད་པ་བཞིན། རྒྱལ་ཁབ་དང་མི་རིགས་ཤིག་ལ་མཚོན་ནའང་ཆོས་དང་རིག་གནས་སོགས་མེད་ན་སྲོག་དབུགས་བྲལ་བའི་བེམ་བོ་ཞིག་དང་གཉིས་སུ་མེད། རྒྱུ་མཚན་དེ་ལ་བརྟེན་ནས། ཨ་མ་རྗེ་བཙུན་པདྨ་མཆོག་གིས་སྣེ་འཁྲིད་པའི་བོད་ཁྱིམ་སློབ་གྲྭ་ཁག་ཏུ་སྲོལ་རྒྱུན་བོད་ཀྱི་རིག་གཞུང་སྐོར་ལ། ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་བའི་ལས་གཞི་དང་འབྲེལ་བའི་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་དང་སྤེལ་མུས་ཡིན།

ལས་གཞི་དེ་དག་ལས་དཔེ་མཚོན་ཙམ་ཞིག་འདྲེན་བཀོད་བྱས་ན། བོད་ཁྱིམ་སློབ་གྲྭ་ཁག་ཏུ་ལོ་ལྟར་བོད་ལུགས་ཀྱི་ལོ་གསར་སྲུང་བརྩི་བྱས་ཏེ་དགེ་སློབ་ཕན་ཚུན་ལ་གུས་ཞབས་དང་བརྩེ་སེམས་ཀྱིས་རྟེན་འབྲེལ་ཞུ་བ་དང་། ལོ་གསར་མཆོད་བཤམས། བཟའ་བཏུང་མཁོ་སྤྱོད་སོགས་ལོ་གསར་གྱི་སྤྱོད་ཆས་མཁོ་སྒྲུབ་ངོ་སྤྲོད་བྱེད་པ། དེ་འབྲེལ་གྱིས་ཆོལ་གསུམ་བོད་མིའི་སྲོལ་རྒྱུན་གྱི་གཞས་དང་ཞབས་བྲོ་འཁྲབ་སྟོན་བྱེད་པ། བོད་ཆས་གྱོན་པ་དང་བསང་གསོལ་གཏོང་བ་སོགས་བོད་ཀྱི་ལོ་གསར་རིག་གནས་ཁག་ཚང་ལུས་མེད་པར་བོད་ཕྲུག་ཚོར་ཤེས་རྟོགས་ཡོང་ཆེད་གནང་གི་ཡོད་པ།
དེ་བཞིན་སྨོན་ལམ་ཆེན་མོ་དང་ས་ག་ཟླ་བ་སོགས་ཆོས་དང་འབྲེལ་བའི་དུས་སྲུང་བརྩི་དང་འབྲེལ་ངོ་སྤྲོད་བྱེད་པ། དབྱར་དུས་སུ་ཁང་ཚན་ནང་ཁུལ་དུ་བོད་ཀྱི་རིག་གཞུང་འཁྲབ་སྟོན་འགྲན་བསྡུར་སོགས་བྱེད་ཀྱི་ཡོད་ལ། བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་ཐད་ལ་དུས་རྒྱུན་རྒན་བཀུར་ཆུང་བྱམས་བྱེད་པ། ཐ་ན་སློབ་ཕྲུག་ཚོའི་དུས་གསུམ་བཞེས་ལག་མཆོད་པའི་སྐབས་ལ་ཟས་མཆོད་ཕུལ་བ། ཉིན་ལྟར་ནངས་དགོང་གི་ཞལ་འདོན་སྐྱོར་བ་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་སེམས་ཁམས་གང་ཞིག་ཡོད་པ་དེ་བོད་ཕྲུག་ཚོར་འཇགས་ཐབས་གནང་གི་ཡོད་ལ། ཕྲུ་གུ་ཚོར་སློབ་གྲྭའི་བག་ཆགས་དེས་བསྐྱེད་པའི་བོད་ཕྲུག་དེ་དག་འཁྲུག་ཟིང་ཆེ་བའི་སྤྱི་ཚོགས་ཁྲོད་དངོས་སུ་ཞུགས་པ་དང་། དེས་བོད་ཕྲུག་ཚོའི་མི་ཚེའི་བརྒྱུད་རིམ་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་སྤྱོད་བཟང་གི་གཤིས་སྤྱོད་རིག་གཞུང་དེའི་ཤུགས་རྐྱེན་གྱིས། འཛམ་གླིང་གི་ཡུལ་ཕྱོགས་གང་ལ་ཕྱིན་ཡང་བོད་མི་ཚོའི་སེམས་ཁམས་ཀྱི་སྤྲོ་སྣང་དང་བདེ་སྐྱིད་ནི་རང་བཞིན་གྱིས་གཞན་ལས་ཁྱད་དུ་འཕགས་པ་ཡོང་གི་ཡོད།

དེ་ནི་རང་རེའི་གཞུང་གཞུང་འདིས་བསྐྱེད་པའི་ནུས་པ་དང་། ཨ་མ་ལགས་ཀྱིས་གཙོ་འགན་བཞེས་པའི་བོད་ཕྲུག་ཁྱིམ་སྡེའི་ཐུན་མོང་མ་ཡིན་པའི་སློབ་གསོ་གནང་སྟངས་ཀྱི་རིགས་ལམ་ཡང་དག་ཅིག་ཡིན་པ་དངོས་བརྒྱུད་གང་ནས་ལྟས་ཀྱང་ཤེས་རྟོགས་ཐུབ་པ་ཞིག་རེད། རྩ་བས་ང་རང་ཚོ་ལ་དེ་ལྟ་བུའི་ཁྱད་འཕགས་ཀྱི་རིག་གཞུང་ཞིག་ཡོད་ཀྱང་། ༸གོང་ས་མཆོག་གི་ལམ་སྟོན་དང་དེའི་མཇུག་སྣོན་ཨ་མ་ལགས་ལྟ་བུའི་མཁྱེན་ལྡན་ལྷག་བསམ་ཅན་མེད་ཚེ་འདི་ལྟ་བུའི་སློབ་གསོ་ལམ་ལུགས་ཤིག་ཡོང་གནས་མེད་ལ། དེ་ལྟ་བུའི་སློབ་གསོའི་ལམ་ལུགས་དེ་མེད་ན་དེས་བསྐྱེད་པའི་སློབ་མ་དང་རིག་གཞུང་དེས་བསྐྱེད་པའི་མི་བུ་ཞིག་ཡོང་སར་མི་འགྲོ་བས། འདི་ལྟར་རང་རེ་བོད་ཕྲུག་ཚོར་རྒྱུ་རྐྱེན་རྟེན་འབྲེལ་ཚང་འཛོམས་ཀྱི་སློབ་གསོ་འདི་ལ་ཅིས་ཀྱང་མྱོང་རོལ་ཐུབ་དགོས་པ་གལ་ཆེན་དུ་མཐོང་།
ལྷག་པར་དུ་དེང་སང་འཛམ་གླིང་གང་སར་ཁྱབ་བཞིན་པའི་བོད་པ་ཚོར་མི་རིགས་ཀྱི་ལ་རྒྱ་དང་རིགས་ཞེན་འདི་དག་བོད་ཕྲུག་ཁྱིམ་སྡེའི་སློབ་གསོའི་བག་ཆགས་དང་སློབ་གསོའི་ལམ་ལུགས་ཀྱིས་ཀྱང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ངེས།

དེང་སང་ནང་ཆོས་དང་ཚན་རིག་གཉིས་ཀྱིས་དཔུང་བ་མཉམ་གཤིབ་བྱེད་བཞིན་པའི་སྐབས་འདིར། ཨ་མ་ལགས་ཀྱིས་ཏཱ་ལའི་བླ་མ་མཐོ་སློབ་བཙུགས་འབྲེལ་གྱིས་སློབ་གཉེར་ཁང་དེའི་ནང་བོད་སྐད་ཡིག་དང་ནང་ཆོས་གཙོ་བོར་གྱུར་པའི་བོད་ཀྱི་རིག་གཞུང་དང་དེང་རབས་ཕྱིའི་རིག་གནས་ཁག་སློབ་བཞིན་ཡོད། དེ་ནི་བོད་ཕྲུག་མང་པོ་ཞིག་འཛིན་རིམ་བཅུ་གཉིས་མཐར་ཕྱིན་པ་དང་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་སློབ་ཞུགས་བྱེད་དགོས་དུས་བོད་རང་གི་སྐད་ཡིག་དང་འབྲེལ་བའི་ཤེས་བྱ་རིག་གནས་ཁག་ལ་རྒྱང་ཐག་རིང་དུ་འགྲོ་བཞིན་པ་སོགས་ལ་དགོངས་ཏེ། བོད་སྐད་ཡིག་གིས་བསྡུས་པའི་བོད་ཀྱི་རིག་གཞུང་གཙོ་འཛིན་གྱི་ཐོག་ནས་སློབ་སྦྱོང་མཐའ་འཁྱོངས་ཐུབ་པ་ཞིག་ཡོང་བའི་ལམ་ཁ་གསར་བ་ཞིག་ཀྱང་བཟོ་བསྐྲུན་གནང་ཡོད།

འདི་དག་དོན་མདོ་གཅིག་ཏུ་བསྡུས་ན། རྩ་བའི་གནད་དོན་འདི་ལ་དགག་བྱ་དགོས་པ་སྣ་ཚོགས་ཤིག་ཡོད་ངེས་ཀྱང་། དེ་ལས་གལ་གནད་ཅན་ཞིག་ནི་ཆུང་དུས་ནས་བོད་སྐད་ཡིག་ལ་ཆེད་སྦྱོང་བྱ་འདོད་པ་ཡིན་ན་གྲྭ་བཙུན་ཕུད་པའི་གཞན་སྐྱ་བོའི་སྡེ་ལ་བོད་ཀྱི་རིག་གཞུང་ཆེད་སྦྱོང་གི་སློབ་གྲྭ་སྤུས་ཚད་ཅན་མང་པོ་ཞིག་མེད་པ་སོགས་ལ་དགོངས་ནས་སློབ་གྲྭ་འདི་བཙུགས་གནང་བ་དང་། འདི་བོད་སྐད་ཡིག་དང་རིག་གཞུང་སོགས་ལ་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་ཤུགས་རྐྱེན་ངན་རིགས་ཐེབས་མ་བཅུག་པའི་སློབ་སྦྱོང་དང་སློབ་གསོའི་རིམ་པ་ལས། བོད་ཕྲུག་མང་པོ་བསྐྱེད་བསྲིངས་ཡོང་གནས་ཀྱི་འཇུག་སྒོ་ཆེན་པོ་ཞིག་ཕྱེ་ཡོད་པ་ནི། ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་བོད་ཀྱི་རིག་གཞུང་ལ་ཐུགས་འགན་བསྐྱེད་བཞེས་གནང་ཕྱོགས་ཀྱི་དཔེ་མཚོན་ཙམ་གྱི་རིམ་པ་ཞིག་བསྟན་ཡོད་པ་བཅས་སོ།།

བོད་ལ་རིག་གཞུང་མེད་ན་ཉམས་ནས་འགྲོ།།
དེ་འཛིན་གཞོན་སྐྱེས་མེད་ན་རྒུད་ནས་འགྲོ།།
གཞོན་པར་སློབ་གསོ་མེད་ན་འཐོར་ནས་འགྲོ།།
འདི་ཚོ་གཅིག་གིས་གཅིག་ལ་བརྟེན་ནས་ཡོད།།

ཤེས་བྱ་རིག་གནས་འཛམ་གླིང་ཀུན་ལ་ཡོད།།
ཐུན་མོང་མིན་པ་ཡོད་མཁན་ཉུང་ཉུང་ཡིན།།
འོན་ཏེ་རང་རེའི་རིག་པའི་གཞུང་ལུགས་འདི།།
འདི་ལྟར་གཅེས་སྐྱོང་གནང་བ་ལས་ཀྱི་མཆོག།

 

༣༽ཨ་མ་རྗེ་བཙུན་པདྨ་དང་བོད་ཀྱི་རྩ་དོན་གླེང་བ།

ང་ཚོའི་ཁ་རྒྱུན་དུ་འདི་འདྲ་ཞིག་ཡོད་དེ། བྱིས་པ་ཚོ་ནི་མ་འོངས་པའི་རྒྱལ་ཁབ་ཀྱི་སོན་རྩ་ཡིན་ཟེར་བ་ལྟར། བོད་ཀྱི་ན་ཆུང་བྱིས་པ་ཚོ་ནི་མ་འོངས་པའི་བོད་ཀྱི་སོན་རྩ་སྟེ། བོད་ཀྱི་མ་འོངས་པ་འཛུགས་བསྐྲུན་དང་རྒྱུད་འཛིན་བྱེད་མཁན་ཁོ་ན་ཡིན། དེས་ན་མ་འོངས་བོད་ཀྱི་སོན་རྩ་ཡིན་པའི་ན་གཞོན་དེ་དག་གི་རྣམ་དཔྱོད་དང་རིག་སྟོབས་ནི་ཁྱད་དུ་འཕགས་པ་དགོས་དུས། དེ་འདྲ་ཞིག་ཡོང་བ་ལ་གནའ་དེང་གཉིས་ཀྱི་ཤེས་རིག་ལ་སྦྱངས་བརྩོན་དགོས་པ་ཡིན་པ་༸གོང་ས་མཆོག་གིས་དུས་རྒྱུན་བཀའ་སློབ་གནང་གི་ཡོད།
དེ་ལྟའི་གཞི་རྩ་དང་གནས་བབ་འདི་འདྲ་ཞིག་ལ་བརྟེན་ནས་ཨ་མ་རྗེ་བཙུན་པདྨ་མཆོག་གིས་འཛིན་སྐྱོང་སོགས་ཐུགས་འགན་གཙོ་བཞེས་གནང་བའི་བོད་ཁྱིམ་སློབ་གྲྭ་ཁག་གི་སློབ་གསོའི་ལས་དོན་ནམ་སློབ་སྦྱོང་གི་གནས་སྟངས་ལ། རིགས་པའི་ཐབས་ཚུལ་འདི་ཉིད་གཞིར་བཞག་གིས་བོད་ཕྲུག་ཚོར་སློབ་སྦྱོང་སྤྲོད་ཀྱི་ཡོད་ལ། དེ་འབྲེལ་གྱིས་སྐུ་ལས་བསྐྱོན་པའི་གྲུབ་འབྲས་ཀྱང་ཡག་པོ་ཐོན་ཡོད།

འདས་པའི་ལོ་ངོ་དེ་དག་གི་རིང་ལ་བཙན་བྱོལ་ནང་འཚར་ལོངས་བྱུང་བའི་བོད་ཀྱི་གཞོན་སྐྱེས་མང་པོ་ཞིག་བསྐྱེད་བསྲིངས་བྱས་ཡོད་ལ། ད་དུང་མུ་མཐུད་ནས་བསྐྱེད་བསྲིངས་བྱེད་བཞིན་ཡོད། བོད་ཁྱིམ་སློབ་གྲྭའི་སྡེ་ཁོངས་ནས་སློབ་སྦྱོང་བྱས་ནས་ཡོང་བའི་སློབ་ཟུར་མང་པོ་ཞིག་རིམ་པས་སྤྱི་ཚོགས་ཁྲོད་དངོས་སུ་ཞུགས་ཏེ། བོད་དང་བོད་མི་རིགས་ཀྱི་ལས་དོན་བྱ་གཞག་ཆེ་མ་ཆུང་གསུམ་གང་སར་འགན་ཁུར་ནས་ཡོད་པ་མཐོང་ཆོས་ཡིན་ལ། དེ་ནི་རང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ། སློབ་གྲྭ་ཆེ་ཆུང་ཁག་སོགས་བོད་ཁྱིམ་གྱི་སློབ་མའམ་སློབ་ཟུར་གྱིས་མ་ཟིན་པ་ཕལ་ཆེར་མེད་ཅེས་བཤད་ནའང་ཧམ་བཤད་དུ་མི་འགྲོ་བའི་ཚད་ན་ཡོད།
འདི་ནི་བོད་ཕྲུག་ཁྱིམ་སྡེའི་རྩ་བའི་འགན་ཁུར་དང་དམིགས་འབེན་དུ་བཟུང་བའི་བྱ་གཞག་རླབས་པོ་ཆེ་དེ་ཡིན་ལ། འདི་ནི་མུ་མཐུད་ནས་ཡོང་དང་ཡོང་མུས་ཀྱི་གནས་བབ་ཅིག་ཡིན། འདི་དག་ཀྱང་ཨ་མ་རྗེ་བཙུན་པདྨ་མཆོག་གི་སྐུ་ངལ་བསྐྱོན་གནས་ཀྱི་གཞི་རྩ་ལྟེ་བ་ཡང་ཡིན།

དེ་ལྟར་སློབ་གྲྭ་འདིའི་ཁྱབ་ཁོངས་ནས་གསོ་སྐྱོང་གནང་བའི་སློབ་ཟུར་དེ་དག་གིས་བྱ་གཞག་ཆེ་ཆུང་ལ་མ་ལྟོས་པར་རང་མི་རིགས་ཀྱི་དོན་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས་གནང་གི་ཡོད་ལ། དེ་ནི་ཉིན་གྲངས་ཁ་ཤས་དང་ཟླ་གྲངས་ཁ་ཤས། ལོ་གྲངས་ཁ་ཤས་ཙམ་མིན་པར་དུས་རྒྱུན་རིང་པོར་གནང་བ་དང་། སྐུ་ཚེ་ཧྲིལ་བོར་བོད་པའི་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་པ་གྲངས་ལས་འདས་པ་ཞིག་ཡོད། དེ་ནི་རང་རེ་བོད་བཙན་བྱོལ་བའི་གནས་ཡུལ་རྒྱ་གར་ཙམ་མ་ཡིན་པར་བོད་དང་ཕྱི་རྒྱལ་གྱི་ཡུལ་གྲུ་མང་པོའི་ནང་ལ་ཁྱབ་ནས་ཡོད་པ་ཞིག་ཡིན།
ལྷག་པར་དུ་རང་གཞུང་གི་མཛད་གཙོའི་ཐུགས་འགན་བཞེས་ཡོད་པ་ཡང་མང་པོ་ཡོད་ལ། རང་རེའི་གཞུང་ཞབས་མཛད་གཙོ་རྣམ་པ་དང་གཞུང་འབྲེལ་མིན་པའི་ལས་དོན་ཆེ་ཕྲ་གནང་མཁན་ཁག་གི་འཕྲོས་མཐུད་མཁན་ཡང་བོད་ཁྱིམ་སློབ་ཀྱི་སློབ་མ་འདི་ལ་འབྲེལ་ནས་ཡོད།
རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་ཕྲུག་ཁྱིམ་སྡེའི་ལས་དོན་དང་འཛིན་སྐྱོང་། སྒྲིག་འཛུགས་དང་རྒྱ་བསྐྱེད། འཕེལ་རྒྱས་དང་ཉམས་རྒུད་སོགས་ནི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ལ་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་ལ། བོད་ཕྲུག་ཁྱིམ་སྡེའི་སློབ་གསོའི་ཁ་ཕྱོགས་དང་ལག་ལེན་ཡང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཁ་ཕྱོགས་དང་ལག་ལེན་དུ་ཆགས་ཡོད་པ་ཞིག་ཏུ་གྱུར་ཡོད།

དེས་ན་བོད་ཕྲུག་ཁྱིམ་སྡེས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ནམ་རྩ་དོན་ལ་ནུས་ཤུགས་དང་སྐུལ་འདེད། ཕན་ནུས་དང་གྱོང་གུད་ག་ཚོད་ཅིག་ཐེབས་ཀྱི་ཡོད་མེད་ཀྱང་གསལ་པོ་རྟོགས་ཐུབ་པ་ཞིག་ཀྱང་རེད། དེར་བརྟེན། བོད་ཁྱིམ་སློབ་གྲྭའི་ལས་དོན་ཆེ་ཆུང་གང་ལ་ཡང་འབྲེལ་ཡོད་ཀུན་གྱིས་གནད་དོན་འདི་ཉིད་ཀྱི་ཐད་ལ་ཤེས་རྟོགས་དང་སྐུལ་འདེད་ཀྱིས་ཧུར་བརྩོན་དགོས་པ་ཨ་མ་རྗེ་བཙུན་པདྨ་ལགས་ཀྱི་སྔ་རྗེས་ལམ་སྟོན་ཁག་ནས་ཀྱང་ཤེས་རྟོགས་ཐུབ་པ་ཡིན།

དེ་དག་མདོར་དྲིལ་ན། ཨ་མ་རྗེ་བཙུན་པདྨས་འཛིན་སྐྱོང་རྐང་འགན་བཞེས་པའི་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་ནས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་གཙོ་བོའམ་རྩ་དོན་ལ་བགྱི་སྒོ་ཇི་ལྟར་བསྐྱེད་བཞེས་གནང་གི་ཡོད་མེད་ཀྱང་། གནད་དོན་འདི་དག་ལས་གསལ་པོ་བྱས་ནས་ཤེས་རྟོགས་ཐུབ་པ་ཞིག་རེད། དེ་ལྟ་བུའི་སློབ་སྦྱོང་དང་སློབ་གསོའི་ནུས་པ་དང་དེའི་རྒྱབ་ལྗོངས་སོགས་ཤེས་ནས་བོད་ནས་དཀའ་སྡུག་ཁྲི་ཕྲག་གདོང་ལ་བསུས་ནས་སློབ་སྦྱོང་གི་ཆེད་དུ་ག་ཚོད་ཅིག་འབྱོར་ཡོད་པ་སོགས་ཀྱང་སློབ་གྲྭའི་སློབ་གསོ་ལམ་ལུགས་ལ་བརྟེན་ནས་བྱུང་བ་ཡིན་པ་གསལ་པོ་བྱས་ནས་རྟོགས་ཐུབ་པ་བཅས་སོ།

རི་ཁ་བ་གངས་ཅན་ལྗོངས་འདིའི།།
ལས་ཉག་ཕྲའི་དུས་སྐབས་འདི་ལ།།
དོན་རྩ་བ་རྩེ་མོ་རྣམས་ཀྱང་།།
མདོར་དྲིལ་ན་སློབ་གསོར་ཐུགས་ཡོད།།

འདས་ཟིན་པའི་ལོ་ཟླའི་ནང་ལ།།
མ་རྗེ་བཙུན་སྒྲོལ་མ་ཁོང་གིས།།
རྒྱང་རིང་བའི་ཕུགས་བསམ་འདི་གས།།
བོད་བསྟན་སྲིད་མི་རིགས་བསྐྱངས་འདུག།

 

༤༽ ཨ་མ་རྗེ་བཙུན་པདྨ་དང་བོད་ཀྱི་ཨ་མ་གླེང་བ།

འཛམ་གླིང་འདིར་གནས་གཞི་བཅས་པའི་འགྲོ་བ་མི་ཙམ་མ་ཡིན་པར་དུད་འགྲོ་སེམས་ཅན་གང་ཞིག་ཡིན་ཡང་ཨ་མ་ནི་རང་གི་རྒྱབ་རྟེན་དང་སྟོབས་ཤུགས་ལ་ངོས་འཛིན་གྱི་ཡོད། འདི་ནི་དོན་དངོས་ཏེ་འཇིག་རྟེན་འདིའི་ཐོག་ལ་ཨ་མ་ནི་ཆེས་རླབས་ཞིག་སྟེ། དེ་ལ་སུ་གང་གིས་ཀྱང་འཚབ་བྱེད་མི་ཐུབ་པའི་གང་ཟག་ཁྱད་དུ་འཕགས་པ་ཞིག་ཡིན། ལྷག་དོན་རྒྱལ་ཁབ་དང་མི་རིགས་ཤིག་གི་བདེ་འཇགས་དང་བརྟན་ལྷིང་ལ་མཚོན་ན་ཡང་ཨ་མ་ནི་ཆེས་གལ་ཆེན་རང་བཞིན་ཞིག་ཆགས་ཡོད།
རྒྱུ་མཚན་ནི། རྒྱལ་ཁབ་དང་མི་རིགས་སུ་ཞིག་གི་སྤྱི་ཚོགས་ཀྱི་བདེ་འཇགས་དང་བརྟན་ལྷིང་། གཤིས་སྤྱོད་སོགས་ཡ་རབས་ཀྱི་ལམ་དུ་འཁྲིད་དགོས་ན། འགན་དེ་ཁུར་ཐུབ་མཁན་ནི་ཨ་མ་ལས་མེད་ལ། མི་སུ་འདྲ་ཞིག་ཡིན་ཡང་ཨ་མའི་བྱམས་བརྩེ་དང་དྲོད་ཁོལ། སློབ་གསོར་མ་བསྟེན་མཁན་ཧ་ཅང་ནས་ཉུང་ཉུང་ཡིན། ཨ་མའི་སློབ་གསོ་དང་བྱམས་སྐྱོང་ཚད་ལྡན་ཞིག་གི་འོགནས་མཚར་ལོངས་བྱུང་བའི་མི་སུ་ཞིག་ཡིན་ཡང་དེའི་འགྲོ་འདུག་སྤྱོད་གསུམ་གཞན་དང་མ་འདྲ་བ་ཞིག་ཡོང་གི་ཡོད། གནད་དོན་འདི་ནི་ཡོངས་གྲགས་ཀྱིས་ཁས་ལེན་པ་ཞིག་དང་ངོས་འཛིན་ཐུབ་པ་ཞིག་ཆགས་ཡོད།

ང་ཚོའི་ཁ་རྒྱུན་ལ། ཨ་མ་ནི་ཕྲུ་གུ་ཚོའི་ཆེས་ཐོག་མའི་དགེ་རྒན་དང་མིག་དཔེར་ལྟ་ཡུལ་གཙོ་བོ་ཡིན་ཞེས་པ་ལྟར། རྒྱལ་ཁབ་དང་མི་རིགས་སུ་ཞིག་གི་མ་འོངས་རྒྱུན་འཛིན་དང་དར་སྤེལ་གནང་མཁན་གྱི་མི་གང་འདྲ་ཞིག་གསོ་སྐྱོང་གནང་མིན་ཡང་ཨ་མ་དང་འབྲེལ་བ་ཆེས་ཆེར་གྱུར་ཡོད། དེས་ན་དང་པོ་ཨ་མ་དེ་ཡག་པོ་ཞིག་ཡོད་དགོས་པ་སྨྲས་མ་དགོས་པ་ཞིག་རེད། ཨ་མ་ཡག་པོ་ཞིག་ཡོང་དགོས་ན་ཨ་མ་དེའི་ཆུང་བྱིས་པའི་དུས་ནས་འཚར་ལོངས་ཀྱི་བརྒྱུད་རིམ་དང་སློབ་གསོའི་ལམ་ལུགས་སོགས་ལ་འབྲེལ་བ་ཡོད།
དེ་ལྟར་མིན་པར་གློ་བུར་དུ་ཨ་མར་ཆགས་པ་དང་ཨ་མ་ཡག་པོ་བྱེད་ཀྱི་ཡིན་ཟེར་ན་ཡོང་གནས་མེད་པ་ཞིག་རེད། དེ་ནི་རང་གིས་ཡག་པོ་མ་ཤེས་པར་གཞན་ལ་ཡག་པོ་ཞིག་ནམ་ཡང་སྟོན་མི་ཐུབ་པ་ཆོས་ཉིད་རེད། དེས་ན་བོད་མི་རིགས་འདི་བརྟན་གནས་ཡོང་མིན་དང་གཤིས་སྤྱོད་ཚད་ལྡན་ཞིག་ཡོང་མིན་ཡང་བོད་ཀྱི་ཨ་མ་ཚོར་ངེས་པར་དུ་འབྲེལ་ཡོད།

དེ་ནས་ཤོད་རྒྱུན་ཞིག་ལ། སྐྱེས་པ་ཚོ་ལས་བུད་མེད་ནི་སྟོབས་ཤུགས་དང་ནུས་པ་སོགས་ཆུང་བའི་བཤད་ཡམས་ཤིག་ཡོད་པར་བདེན་ཆ་ཞིག་ཡོད་ངེས་ཀྱང་མཐའ་གཅིག་ཏུ་དེ་ལྟར་ཡིན་པའི་ངེས་པ་མེད། ཡིན་ཡང་། དེ་ལྟ་བུའི་ངོས་འཛིན་དང་བསམ་ཕྱོགས་དེ་ནི་རང་རེའི་བུ་མོ་ཚོའི་ནང་ལའང་ཡོད་དུས། ང་ཚོས་ངེས་པར་དུ་བསམ་ཚུལ་དེའི་གདོང་ལ་ལངས་ནས་བུ་མོ་ཚོས་རང་ཉིད་ཀྱིས་རང་ཉིད་ལ་ཚོད་དགམ་འདེབས་དགོས་པ་ཡིན། དེ་ལྟ་བུའི་བསམ་སྤྱོད་ཀྱི་ཐོག་ནས་ང་ཚོས་ཨ་མ་རྗེ་བཙུན་པདྨའི་བསམ་སྤྱོད་དང་ནུས་པར་སློབ་སྦྱོང་དང་གུས་བཀུར་དགོས་པ་ཡིན།
དེར་བརྟེན། ངས་གོང་ནས་བཤད་པ་ལྟར་མི་ཞིག་གི་མི་ཚེའམ་རྒྱལ་ཁབ་དང་མི་རིགས་སུ་ཞིག་ཡིན་ཡང་ཨ་མའི་གལ་ཆེན་རང་བཞིན་གླེང་ཁུལ་བྱས་པ་དེ་ཡང་གནད་ཅིག་ཡིན་དུས། ང་ཚོ་བོད་ཀྱི་བུ་མོ་ཚོ་དང་ལྷག་དོན་བོད་ཁྱིམ་ནས་འཚར་ལོངས་བྱུང་བའི་བུ་མོ་ཚོའི་འཚར་ལོངས་ཀྱི་བརྒྱུད་རིམ་ནང་དུ་ཨ་མ་ལགས་ཀྱི་མཛད་རྗེས་དང་དྲན་གསོ་ཧ་ཅང་མང་།

ཨ་མ་རྗེ་བཙུན་པདྨ་ཁོང་གི་ཐུགས་གཤིས་དང་ལྷག་བསམ། མཁྱེན་དཔྱོད་དང་བརྩོན་སེམས་སོགས་ཀྱིས་ང་ཚོ་བོད་ཀྱི་བུ་མོ་དང་ལྷག་དོན་བོད་ཕྲུག་ཁྱིམ་སྡེའི་བུ་མོ་ཚོར་ཨ་མའི་འགན་འཁྲི་ག་འདྲ་བྱས་ནས་ཁུར་དགོས་པ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་ག་འདྲ་བྱས་ནས་ཁུར་དགོས་པ། མི་རིགས་ཀྱི་འགན་འཁྲི་ག་འདྲ་བྱས་ནས་ཁུར་དགོས་པ་སོགས་ལས་དོན་གང་ལའང་བརྩོན་སེམས་དང་བརྟན་ཚུགས་ག་འདྲ་ཞིག་དགོས་མིན་གྱི་དཔེ་ལ། ཨ་མ་རྗེ་བཙུན་པདྨ་མཆོག་གིས་གསུབ་ཐབས་མེད་པའི་དྲན་སྐུལ་ལམ་སྟོན་དང་སློབ་གསོ་སོགས་འདག་ཏུ་མེད་པའི་བག་ཆགས་ཟབ་མོ་ཞིག་བཞག་དང་འཇོག་གི་ཡོད་པ་བཅས་ཡིན།
དེ་བཞིན་གཞིས་བྱེས་གང་སར་ཡོད་པའི་བོད་ཀྱི་བུ་མོ་ཚོས་ཀྱང་ང་ཚོའི་འགན་འཁྲིའི་སྐོར་ལ་མནོ་བསམ་ཞིག་གཏོང་དགོས་སྙམ་གྱི་ཡོད། ༸གོང་ས་མཆོག་གིས་དུས་རྒྱུན་གསུང་བཞིན་པའི་རང་མི་རིགས་ཀྱི་རིགས་རྒྱུད་སྐྱེས་འཕེལ་གྱི་འགན་བབ་ཆེ་ཤོས་ནི་བུད་མེད་ཚོར་འཁྲི་བའི་ཟབ་གསུང་ལམ་སྟོན་བཀའ་སློབ་ཀྱི་དོན་སྙིང་སེམས་ལ་འཛིན་དགོས། རྩ་བའི་འཇིག་རྟེན་མཐུན་འཇུག་གི་རང་དབང་ཀུན་ལ་ཡོད་ཀྱང་ང་ཚོ་བོད་པའི་གནས་སྟངས་ཉག་ཕྲ་བའི་དུས་སྐབས་འདིར་རང་རེའི་ཨ་མ་ཚོས་བློ་སྒྲིམ་དགོས་པ་ཞིག་ཆགས་ཡོད།

དེ་བས་ཀྱང་གཟབ་དགོས་པ་ཞིག་ལ། དོན་དངོས་དང་བདེན་པ་ཡིན་མིན་ཇི་ལྟར་ཡང་ཕྱི་ནང་གང་སར་ལོ་ན་ཕྲ་བའི་བོད་མོ་འགས་ཉིན་རེའི་འཚོ་ཐབས་ཙམ་དང་དངུལ་ཏོག་ཙམ་གྱི་ཆེད་ཡོད་ཚད་བློས་གཏོང་གིས་འཆལ་སྤྱོད་འབའ་ཞིག་གཉེར་བ་དང་། དེ་འབྲེལ་གྱིས་ནད་དུག་འདྲ་མིན་འགོས་ཁྱབ་ཡོང་གི་ཡོད་པ་སོགས་ཀྱི་གནས་ངན་གོ་རྒྱུ་ཡོད་པས། དེ་ནི་གཟབ་གནད་ཆེན་པོ་དགོས་པ་ཞིག་རེད། དེ་ལྟར་རང་ཉིད་བོད་ཀྱི་བུད་མེད་ཅིག་དང་བོད་ཀྱི་ཨ་མ་ཞིག་ཡིན་པའི་འགན་འཁྲི་དང་ཆོད་སེམས་ཤིག་ཀྱང་འཛིན་དགོས་པ་ཡིན།

གུས་མོས་འདིར་ཁ་ནས་ཡོང་ཚོད་ཀྱིས་གླེང་དོན་ནི། བོད་པའི་བུ་མོ་ཚོས་ཨ་མ་རྗེ་བཙུན་པདྨ་ལགས་དང་གཅིག་མཚུངས་བྱ་དགོས་པ་ཞིག་བཤད་ཀྱི་མེད། དེ་འདྲ་ཞིག་ནི་གཞར་ཡང་ཡོང་དཀའ་བ་ཞིག་ཡིན་ཡང་། ཨ་མ་ལགས་ཀྱི་ཐུགས་གཤིས་དང་ལྷག་བསམ་ལ་ཡིད་སྨོན་གྱིས་ཁོང་གི་མཛད་སྤྱོད་ཀྱི་ཆ་ཤས་ཙམ་ཞིག་སྒྲུབ་ཐུབ་ནའང་རང་ཉིད་བོད་ཀྱི་བུ་མོ་དང་བོད་ཀྱི་ཨ་མ་ཞིག་གི་འགན་འཁྲི་བླངས་པར་ངོས་འཛིན་གྱིས་ཨ་མ་རྗེ་བཙུན་པདྨ་དང་བོད་ཀྱི་ཨ་མ་ཞེས་པའི་ལེ་ཚན་ཞིག་ཟུར་བཅད་དུ་བགོས་པ་ཡིན།
ཁོང་དང་ཁོང་མཚོན་པའི་བོད་ཀྱི་བུད་མེད་དང་བོད་ཀྱི་ཨ་མའི་འགན་འཁྲི་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་པ་ཡང་བོད་ཕྱི་ནང་གང་ས་ནས་མང་པོ་ཞིག་ཡོད། དེ་དག་མིག་དཔེར་བླངས་ནས་བོད་ཀྱི་བུད་མེད་ཚོས་བོད་ཀྱི་ཨ་མ་ཡང་དག་པ་ཞིག་དང་ཚད་ལྡན་ཞིག་ཡོང་བར་རང་གཞན་རོགས་གསུམ་གྱིས་འབད་བརྩོན་དགོས་པའི་སྐུལ་མ་ཙམ་ཡིན་ནོ།།

སྨན་བུ་མོ་སྤྱོད་སྒོ་གསེར་ཡིན།།
དེ་བརླག་ན་རང་གི་གྱོང་ཡིན།།
དགོས་ཤེས་བྱ་ནོར་གྱི་མཆོག་ཡིན།།
དེ་དོར་ན་རང་ཉིད་དོར་ཡིན།།

དུས་གསར་བའི་དུས་རབས་འདི་ལ།།
གནའ་དེང་གི་ཤེས་བྱ་ཡོད་དགོས།།
དེར་འབད་པའི་ཐབས་ཚུལ་གང་ཡོད།།
གཞན་མིག་དཔེར་བཟུང་ནས་འབད་དགོས།།

 

མཇུག་གཏམ་ཚིག་གསུམ།

གུས་མོས་རྩོམ་ཡིག་འདི་བྲིས་ཚར་རྗེས་རྩོམ་འདིའི་མཇུག་གཏམ་ཚིག་གསུམ་མ་ཞིག་བཤད་འདོད་པ་ནི། ད་ལན་མཐོ་སློབ་ཀྱི་བོད་སྐད་ཡིག་གཅེས་སྐྱོང་ཚོགས་པས་འདི་ལྟ་བུའི་རྩོམ་འབྲི་གོ་སྐབས་རླབས་ཆེན་ཞིག་གོ་སྒྲིག་གནང་བ་དང་། དེའི་བརྗོད་བྱང་ཡང་རང་ཅག་དང་འབྲེལ་བ་དམ་ཟབ་ཡོད་པའི་ཨ་མ་རྗེ་བཙུན་པདྨའི་སྐོར་ཡིན་དུས། གོ་སྒྲིག་པ་ཚོར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་གཅིག
གུས་མོས་རྩོམ་འབྲིའི་གོ་སྐབས་འདི་དམ་འཛིན་གྱིས་ཨ་མ་རྗེ་བཙུན་པདྨའི་སྐོར་ལ་རང་གི་བསམ་ཚུལ་དང་མཐོང་ཚུལ་གཙོར་བྲིས་ཡོད་ནའང་། གུས་མོའི་ཤེས་ཚད་ཀྱི་རྐྱེན་པས་ཨ་མ་ལགས་ཀྱི་མཛད་པ་ལས་ཆ་ཤས་ཡང་ཤས་ཙམ་ལས་གླེང་ཐུབ་མེད་ངེས་ལ། ཆ་ཤས་ཡང་ཤས་ཙམ་ཞིག་གླེང་བ་དེ་ཡང་ནོར་འཁྲུལ་དང་གླེང་ཉེས་སུ་ཤོར་ཡོད་ན་དགོངས་སེལ་ཡང་ལྷན་དུ་ཞུ་རྒྱུ་དང་གཉིས།
གུས་མོས་འདི་ལྟར་རང་ཉིད་ཀྱི་མཐོང་ཐོས་སུ་གྱུར་པ་རྣམས་གང་ཐུབ་ཀྱིས་གླེང་ཁུལ་བྱས་པ་དང་། རང་ཉིད་ཀྱིས་ཨ་མ་རྗེ་བཙུན་པདྨ་ལགས་ལ་ཤེས་ནས་དད་གུས་ངོས་འཛིན་འདི་འདྲ་ཞིག་བྱུང་བ་དང་འབྲེལ་ནས། བོད་དང་བོད་ཕྲུག་ཚོའི་ཆེད་དུ་ཨ་མ་ལགས་ཀྱི་སྐུ་ཚེ་བརྟན་པ་དང་ཐུགས་བསམ་ཡིད་བཞིན་འགྲུབ་པ་བཅས་ཀྱི་ཆེད་དུ་གསོལ་སྨོན་ཞུ་རྒྱུ་དང་གསུམ་བཅས་ཡིན་ནོ།།

མ་ཁྱེད་ཀྱི་མཛད་འཕྲིན་མཐའ་དག །
ལས་ལེགས་ལམ་ཇི་བཞིན་འགྲུབ་ཅིང་།།
སྐུ་ཚེ་ཡི་ཞབས་པད་བརྟན་པའི།།
སྐྱབས་སྨོན་འདུན་ཡང་ཡང་ཞུ་འོ།།

༢༠༡༤/༩/༢༠

དཔྱད་རྩོམ།

Post navigation

Previous Post: བོད་ཡིག་ཤེས་ཚད་ཡིག་རྒྱུགས་ཀྱི་དྲི་ཤོག་སྒྲོམ་གཞི།
Next Post: ས་མཐར་རྒས་པའི་སེམས་པ།

Comments (11) on “བོད་ཀྱི་ཨ་མ་རྗེ་བཙུན་པདྨ་གླེང་བ།”

  1. རྒྱང་མིག says:
    2014-09-20 at 12:35 pm

    རྩོམ་ཡིག་ཡག་པོ་བྲིས་འདུག བཙན་བྱོལ་དུ་ཡང་ལོ་ཆུང་སྨན་ཤར་མའི་ཁྲོད་དུ་བདེ་པོ་འཚོ་དང་། པད་མ་འཚོ། པད་མ་ཆོས་སྒྲོན། གངས་དཀར་མེ་ཏོག་འཚོ་སོགས་ལྟ་བུ་རྩོམ་ཡིག་གི་ལས་ལ་བརྩོན་མཁན་འགའ་རེ་ཡོད་པ་ནི་དགའ་འོས་པ་ཞིག་རེད། སྙིང་སྟོབས་ཆེར་བསྐྱེད་ཀྱིས་མུ་མཐུད་ནས་རང་རེའི་བོད་ཡིག་གི་ལས་དབང་དང་བོད་མོ་སྨན་ཤར་མ་ཚོའི་བདེ་སྡུག་གླེང་རོགས།

  2. ཨ་ར་དཀར་པོ says:
    2014-09-20 at 12:41 pm

    བཀའ་དྲིན་བསམ་ཤེས་ཐུབ་པ་ཡག་པོ་རེད། ཨ་མ་ལགས་ཁོང་གི་ཐུགས་རེ་ཆུད་ཟོས་སུ་མི་གཏོང་ཕྱིར་སློབ་ཕྲུག་ཚོས་ཤེས་ཡོན་ལ་ཧུར་ཐག་བྱོས། དེ་ལྟར་བྱས་ན་ཨ་མ་ལགས་ཀྱི་དྲིན་ལན་ཡང་མཇལ་བ་རེད། མ་འོངས་པའི་སོན་རྩ་ཁྱོད་ཚོས་ངེས་པར་དུ་ཕུག་རྒྱང་རིང་པོར་བསམ་བློ་བཏང་ནས་བརྩོན་པ་སྐྱེད་དགོས།

  3. ཤར་པ་ says:
    2014-09-20 at 10:17 pm

    བདེ་མཚོ་མ་ཞེན་འགོག་མ་ཆེ་ན་ཨང་

  4. ལུང་རྟོགས། says:
    2014-09-20 at 11:22 pm

    རྗེ་བཙུན་པདྨ་ནི་བོད་ཡིག་བསད་པའི་ཤན་པ་ལག་དམར་རེད། བོད་ཡིག་བསད་པ་ནི་བོད་མི་རིགས་བསད་པ་དང་ཅིག་མཚུངས་རེད། ནམ་ཡང་གུས་སྐུར་མེད།

  5. ལ་སྟོད་སྟོབས་རྒྱས། says:
    2014-09-21 at 12:18 am

    ༧རྗེ་བཙུན་པདྨ་ལགས་ནི་བོད་ཕྲུག་ཁྲི་ཚོ་མང་པོར་དེང་སང་གི་ཤེས་ཡོན་སློབ་སྦྱོང་སྤྲད་པ་དངོས་ཡོད་གནས་ཚུལ་ཡིན་པས།ཧ་ཅང་གིས་བཀའ་དྲིན་ཆེན་པོ་རེད།འོན་ཀྱང་དེང་སང་རྡ་ས་ནས་ཁོ་མོ་སྟོད་པའི་གཡོག་མོ་རེད་ཅེས་ཨ་མདོ་དང་ཁམས་པ་ཚོས་བཤད་བཞིན་པ་ཁྱད་མཚར་རེད།

  6. བསོད་ནམས། says:
    2014-09-21 at 1:02 pm

    བསྟོད་བསྟོད་མུ་མཐུད་དུ་བསྟོད། ད་དུང་བསྟོད་ཡ། བཙན་བྱོལ་ཤེས་ཡོན་ཚད་གང་འདྲ་དང་ལྟ་ས་མེད་པར་ཆགས་འདུག་པར་ཅི་མི་སྙམ་པར་ངོ་ཚ་མེད་པར་བསྟོད། ད་དུང་ཁྱི་དང་སྤྲེའུ་ཆགས་པར་རྩོ་མ་པ་པོ་ཞེས་ཆོ་ལོ་འཁྱེར།

  7. འཕྲིན་དོན། says:
    2014-09-22 at 1:28 am

    རྩོམ་ཧ་ཅང་ཡག་པོ་བྲིས་འདུག་པས་ བདེ་པོ་མཚོ་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ།།།

  8. ཀརྨ་བློ་གསལ་ says:
    2014-09-22 at 5:30 am

    ད་རེས་ལུང་རྟོགས་ལགས་ཀྱིས་མི་སྐད་གཅིག་ཤོད་ཐུབ་འདུག བསྔགས་བརྗོད་ཡོད།

  9. བསྟན་དར། says:
    2014-09-22 at 9:31 am

    ཡག་པོ་བྲིས་འདུག་ མུ་མཐུད་ནས་སློབ་སྦྱོང་བྱས་ན་ཡག་ ང་ཚོ་བྱང་ཀོ་རི་ཡར་བསྡད་མེད་པས་པྲད་ལས་དེ་འདྲ་བཤད་དགོས་ཀྱི་མ་རེད་

  10. བོད་ཀྱི་གཡག says:
    2014-09-22 at 10:13 am

    བཟང་རབས་བཤད་པའི་བོད་པའི་གཤིས།།
    ངན་དགུ་སྦས་པའི་བོད་ཀྱི་ལུགས།།
    བསྟོད་དུས་བསྟོད་ཚོད་མི་ཤེས་ལ།།
    སྨད་དུས་སྨད་ཚོད་དེ་མི་ཤེས།།

  11. ཤར་པ་ says:
    2014-09-23 at 3:53 am

    རྒྱ་གར་བ་རེག་ཤོག་ཁ་ལོ་ཚོས་པདྨ་དགའ་པོ་ཡོད་པ་རེད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme