Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་མཆོག་གི་གསལ་བཤད།

Posted on 2014-09-132014-09-13 By ཁ་བརྡ་ 1 Comment on སྲིད་སྐྱོང་མཆོག་གི་གསལ་བཤད།

བོད་ཀྱི་དུས་བབ་ནས་དྲངས།

དེ་རིང་ཉིན་ཧྲིལ་བོར་གྲོས་ཚོགས་ནང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་མཐར་གྲོས་ཆོད་དོན་ཚན་གཉིས་བཞག་སོང་ལ། དེ་དང་འབྲེལ་ནས་སྲིད་སྐྱོང་མཆོག་གིས་གནད་དོན་ཁག་ཅིག་གི་ཐོག་གསལ་བཤད་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་བརྒྱད་པ་དབུ་འཛུགས་གནང་ཡོད་པ་ལྟར། ཚོགས་གཙོའི་གཏམ་བཤད་དང་གཞུང་འབྲེལ་མྱ་ངན་གུས་འདུད་གྲོས་ཆོད་སོགས་གྲུབ་རྗེས། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་གྲོས་ཆོད་གྲོས་འཆར་ཐོག སྤྱི་འཐུས་རྣམ་པ་ཚོས་ཚོར་ཤུགས་ཆེན་པོའི་གཏམ་བཤད་བགྲོ་གླེང་གནང་ཡོད་ཅིང་། ཕྱི་དྲོའི་ཆུ་ཚོད་ ༥།༣༠ ཙམ་ལ་བགྲོ་གླེང་མཇུག་བསྒྲིལ་བ་དང་བསྟུན་ཏེ་གྲོས་ཆོད་དོན་ཚན་ ༢ བཞག་ཡོད་པ་ནི།
དང་པོ། བོད་མི་རིགས་ཀྱི་རྩ་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་དང་རྒྱའི་བཙོན་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་། ཁོང་རྣམ་པའི་ཤུལ་ལུས་ནང་མི་དང་ཉེ་འབྲེལ་སོགས་ལ་གདུང་སེམས་སྐྱེད་དང་ཐུགས་གསོའི་འཚམས་འདྲི།
དོན་ཚན་གཉིས་པ། རྒྱ་ནག་གི་མགོ་འཁྲིད་ཚོས་དངོས་ཐོག་བདེན་འཚོལ་ཟེར་གྱི་ཡོད་པ་ལྟར་མགོ་ཁྲིད་གསར་པ་དག་གིས་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཚོའི་འབོད་ཚིག་ལ་ཞིབ་འཇུག་བྱས་ཏེ། བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་༧གོང་ས་མཆོག་གིས་ལམ་སྟོན་མཛད་པའི་གཉིས་ཕན་དབུ་མའི་སྲིད་བྱུས་བཟང་བོ་དམ་འཛིན་གྱིས་འབྲེལ་མོལ་བརྒྱུད་དཀའ་རྙོག་སེལ་དགོས་པ་ནན་བརྗོད་བྱ་རྒྱུ་ཡིན། ཞེས་སོགས་སྤྱི་མོས་གཏན་འབེབས་གནང་སོང་།

20_DSC95461དེ་རིང་ཉིན་གང་བོར་སྤྱི་འཐུས་རྣམ་པ་ཚོས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་བ་དང་འབྲེལ་ནས་གནད་དོན་ཁག་ཅིག་གི་ཐད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསལ་བཤད་གནང་དོན། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་གཞིའི་གྲོས་ཆོད་ལ་སྤྱི་འཐུས་ཚང་མས་རྒྱབ་སྐྱོར་ཡོད་ཅེས་གསུངས་པ་ལྟར་བཀའ་ཤག་གི་ངོས་ནས་ཀྱང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ༡༩༤༩ ལོ་ནས་མགོ་བཙུགས་ཏེ་ད་ལྟའི་བར་བོད་ནང་ཛ་དྲག་ངོ་བོར་གནས་ཡོད་པར་བཀའ་ཤག་གིས་ངོས་འཛིན་ཞུ་བཞིན་ཡོད། དེར་བཀའ་ཤག་གིས་གང་ཐུབ་ཅི་ཐུབ་གནང་དང་གནང་མུས་ཡིན། བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ ༡༣༠ བྱུང་བའི་ཁྲོད་ནས་ ༡༡༢ འདས་གྲོངས་སུ་ཕྱིན་པ་རེད། ད་ལྟ་རང་ལུས་མེར་བསྲེགས་ཉུང་དུ་ཕྱིན་ཡོད་ཀྱང་ཛ་དྲག་མུ་མཐུད་དུ་གནས་ཡོད་ལ། བོད་མི་ཚོས་ངོ་རྒོལ་འདྲ་མིན་གནང་གི་ཡོད་པ་གསལ་བོ་ཞེ་དྲག་རེད། ཉེ་ཆར་མདན་མར་ངོ་རྒོལ་བྱས་པར་རྒྱ་དམག་གིས་མེ་མདའ་བརྒྱབ་པའི་གནས་ཚུལ་བྱུང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་མུ་མཐུད་ལྷག་ཡོད། ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་མུ་མཐུད་དུ། སྔོན་མ་བརྒྱད་ཅུ་གྱ་གྲངས་ནང་བོད་ནང་གྱེན་ལངས་ཆེན་པོ་བྱུང་བའི་རྗེས་ལ་རིམ་པས་ལྷིང་འཇགས་ལྟ་བུར་གྱུར་སྐབས། ང་རང་གི་ཉམས་མྱོང་ཐོག་ནས་ཞུས་ན། ཕྱི་རྒྱལ་གྱི་མཁས་པ་དེ་འདྲས་བོད་ནང་གི་མི་ཚོ་ཡིད་ཐང་ཆད་དེ་རང་རང་གི་འཚོ་གནས་ཐོག་མགོ་འཁོར་ནས་བསྡད་འདུག་ཟེར་མཁན་བྱུང་། ༢༠༠༨ ལོའི་སྒེར་ལངས་ཆེན་མོ་བྱུང་བའི་རྗེས་ལ། སྔོན་མ་ཁྱེད་ཚོ་བཙན་བྱོལ་ནང་གི་བོད་མི་ཚོས་ཧམ་བཤད་བྱེད་ཀྱི་འདུག་བསམ་སོང་ཡང་། ད་ལྟ་བལྟས་ཡོང་ན་ཁྱེད་རང་ཚོས་བཤད་པ་བདེན་པ་རེད། བོད་ནང་གི་བོད་མི་ཚོ་རྒྱ་ནག་གི་སྲིད་བྱུས་ལ་འདོད་པ་མེད་པར་མུ་མཐུད་དེ་ངོ་རྒོལ་བྱེད་ཀྱི་ཡོད་པ་གསལ་བོ་རེད་གསུང་གི་འདུག ཉིས་སྟོང་བརྒྱད་ཀྱི་རྗེས་སུའང་མི་ཚོས་ག་འདྲ་ཡིན་ན་ཟེར་ནས་དྲི་བ་བསླེབ་མགོ་ཚུགས་ཡོང་དུས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་ནས་ད་བར་སྐུ་ལུས་མེར་བསྲེགས་གནང་མཁན་ ༡༣༠ བྱུང་སྟེ། བོད་མི་ཚོའི་སྙིང་སྟོབས་ཉམས་པ་མེད་པ་དང་ཁོང་ཚོས་བོད་ཀྱི་རྩ་དོན་རྩོད་ཆེད་མུ་མཐུད་ནས་སྐུ་ལས་སྐྱོན་གྱི་ཡོད་པ་གསལ་བོ་ཞེ་དྲག་རེད། ཅེས་གསུངས་སོང་།

རྒྱ་ནག་གཞུང་གིས་ཧམ་བཤད་བྱས་ཏེ་རང་ལུས་མེར་བསྲེགས་བཏང་བའི་རྒྱུ་རྐྱེན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱིས་དཀྲོགས་གཏམ་སྤེལ་བར་བརྟེན་ནས་བྱུང་བར་བཤད་པ་དེ། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་དང་ཨ་རིའི་ཕྱི་འབྲེལ་ལས་ཁུངས་ཀྱི་སྙན་ཐོ་གཙོས་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གང་འཚམས་ཀྱིས་བོད་ནང་བོད་མིས་རང་ལུས་མེར་གཏོང་དགོས་དོན་རྒྱ་ནག་གིས་བོད་བཙན་བཟུང་བྱས་བར་བརྟེན་ཏེ། བོད་ནང་ཆབ་སྲིད་དམ་དྲག་དང་རིག་གཞུང་རྩ་མེད། ཁོར་ཡུག་གཏོར་བཤིག དཔལ་འབྱོར་དབྱེ་འབྱེད་བྱས་ནས་བྱུང་བ་རེད་ཅེས་སྡོམ་བརྒྱབ་པ་རེད། ཐ་སྙད་དེར་མཚོན་ནའང་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགོད་གསལ་བསྒྲགས་ནང་འཁོད་པ་གཞིར་བཟུང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་སྙན་ཐོའི་ནང་འཁོད་ཡོད། གཞི་རྩའི་བདེན་པ་ང་ཚོར་ཡོད་སྟབས་རྒྱལ་སྤྱིའི་ཐོག་ནས་གསལ་བོ་ཞེ་དྲག་ཆགས་པ་ཡོད་པ་རེད། རང་ལུས་རང་མེར་བསྲེགས་གནང་མཁན་གཙོས་བོད་མིའི་རྩ་དོན་ཆེད་སོ་སོའི་རང་ལུས་སྲོག་བློས་གཏོང་མཁན་དང་། མང་པོ་བཙོན་ཁང་ནང་སྡུག་བསྔལ་མྱངས་དང་མྱོང་བཞིན་པ་དག་གིས་སྐུ་ལས་སྐྱོན་བཞག་པ་བོད་ཀྱི་ལོ་རྒྱུས་ནང་འགོད་འོས་པ་ཆགས་ཡོད། ཅེས་གསུངས་སོང་།

དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་སྤེལ་བའི་སྐོར་གསུངས་དོན། ཉེ་ཆར་བཀའ་ཤག་ནས་དབུ་མའི་ལམ་གྱི་སྐོར་ལ་གོ་རྟོགས་སྤེལ་དགོས་ཀྱི་འདུག་ཟེར་ནས་ཟླ་ ༦ ཚེས་ ༥ ཉིན་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པ་རེད། དེ་ནི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་དབུ་མའི་ལམ་གྱི་ཐོག་ཉེ་བའི་ལོ་རྒྱུས་ནང་ཁྱབ་བསྒྲགས་ཆེ་ཤོས་དེ་ཕྱིན་ཡོད། དེ་ལྟར་ཞུ་དགོས་དོན་ནེའུ་ཡོག་དུས་བབ་དང་ལྡུམ་རྭ་གཙོས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ ༥༠ ཡས་མས་ནང་ཁྱབ་ཐུབ་ཡོད། གསར་འགོད་ལྷན་ཚོགས་དེ་སྐོང་དགོས་དོན། སྤྱི་འཐུས་རྣམ་པ་དང་བཀའ་བློན་རྣམ་པ་ཕྱི་རྒྱལ་ཁག་ཏུ་ཕེབས་སྐབས་དབུ་མའི་ལམ་གྱི་སྐོར་མ་ཤེས་མཁན་མང་པོ་ཞིག་འདུག སེམས་འཚབ་སྐྱེས་དགོས་ས་དེ་གོ་རྟོགས་ལོག་པ་བླངས་ཏེ་འགྲེལ་བཤད་ལོག་པ་རྒྱག་མཁན་མང་པོ་ཞིག་འདུག དེ་རྒྱ་ནག་གཞུང་གིས་འགྲེལ་བཤད་ལོག་པ་བརྒྱབ་པར་བརྟེན་ནས་བྱུང་བ་ཞིག་རེད། ད་རེབ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེ་རྒྱ་ནག་ནང་ཁྱབ་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་གསལ་བོ་ཞེ་དྲག་རེད།

གཞན། དབུ་མའི་ལམ་གྱི་དྲ་རྒྱར་ཆ་བཞག་ན་སྐད་ཡིག་ ༧ ནང་བསྒྱུར་ཡོད་སྟབས། ཨོ་སི་ཊོ་ལི་ཡའི་ནང་གི་རྒྱ་རིགས་ཚོས་དྲ་ཚིགས་འདི་བརྒྱུད་ནས་དབུ་མའི་ལམ་སྐོར་གསལ་བོ་ཆགས་སོང་ཟེར་ནས་ཡི་གེ་འབྱོར་སོང་། འཇར་མན་གྲོང་ཁྱེར་ཧམ་སྤག་ཏུ་༧གོང་ས་མཆོག་ཕེབས་སྐབས་འཛམ་གླིང་གང་སར་ཡོད་པའི་རྒྱ་རིགས་མཁས་དབང་དང་དམངས་གཙོ་དོན་གཉེར་བ་ཚོ་འཛོམས་ཏེ་ཉིན་གཉིས་རང་དབུ་མའི་ལམ་སྐོར་གསལ་བོ་ཞུས་པར་བརྟེན། མཐའ་མར་ཁོང་ཚོས་གསར་འགོད་ལྷན་ཚོགས་བསྐོངས་ཏེ་སྤྱི་མོས་ཐོག་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཅེས་མཚན་རྟགས་བཀོད་ནས་ཡིག་ཆ་བཀྲམས་ཡོད་པ་རེད། ཅེས་སོགས་གསུངས་སོང་།

ཉེ་ལམ་རྒྱ་གཞུང་གིས་ལྷ་སར་བོད་ལྗོངས་ཁྱབ་སྤེལ་ཚོགས་འདུ་ཟེར་བ་ཞིག་ཚོགས་པའི་སྐོར་ལ་གསུངས་དོན། ཚོགས་འདུ་དེ་ལྷ་སར་ཚོགས་ནས་དོན་ཚན་ ༨ བཞག་པ་རེད། ཡིན་ནའང་ཕྱི་རྒྱལ་གྱི་གསར་འགྱུར་ཁག་ནང་ཚོགས་འདུ་དེར་སྐྱོད་མཁན་ཚོའི་བཀའ་མོལ་གནང་སྟངས་འགྲིག་མ་སོང་ཞེས་སྐྱོན་འཛུགས་བྱས་པའི་གནས་ཚུལ་མ་གཏོགས་ཁྱེད་རང་ཚོས་ལྷ་སར་བཞག་པའི་དོན་ཚན་ ༨ བདེན་པ་རེད་ཟེར་བ་ཉུང་ཤས་རེད། བཀུར་འོས་སྤྱི་འཐུས་ཤིག་གིས་རྒྱ་གར་གྱི་ཧིན་རྡི་གསར་ཤོག་གི་སྦྱིན་བདག་དང་རྩོམ་པ་པོ་ཁོ་རང་ཕར་ཕེབས་ནས་༧གོང་ས་མཆོག་ལ་མཚན་སྨད་བྱེད་མཁན་ཁོ་རང་གཅིག་པུ་ཆགས་སོང་ཟེར་གྱི་འདུག འོན་ཀྱང་། ཁོ་རང་གིས་ཀྱང་༧གོང་ས་མཆོག་དང་རྒྱ་ནག་གཞུང་གཉིས་བཀའ་མོལ་གནང་སྟེ་བོད་དོན་སེལ་དགོས་རེད་ཅེས་བཤད་ཡོད་ས་རེད། ང་ཚོས་ཀྱང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་གང་ཐོན་པར་ཞིབ་འཇུག་བྱས་དང་བྱེད་མུས་ཡིན། དེའི་སྐོར་གྱི་སྙན་ཐོ་རྒྱས་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་རིམ་པས་བཏོན་ཡོང་གི་རེད། ཅེས་གསུངས་སོང་།

རྒྱ་གར་ནང་གི་བོད་མི་སྐྱབས་བ་བཅོལ་བ་ཚོས་རྒྱ་གར་མི་སེར་བཟོ་བཞིན་ཡོད་པའི་སྐོར་ལ་གསུངས་དོན། རྒྱ་ནག་གི་མགོ་སྐོར་བསླུ་བྲིད་འོག་བོད་མི་རེ་ཟུང་ཕར་འགྲོ་བཞིན་ཡོད་པར་བོད་མིའི་སྒྲིག་འཛུགས་ལ་སྲིད་བྱུས་ཁ་གསལ་བོ་དགོས་སྐོར་གསུངས་སོང་། དེའི་སྐོར་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གསལ་བོ་ཞེ་དྲག་རེད། གཉེན་འཕྲད་དུ་འགྲོ་བཞིན་ཡོད་ན་བདེ་སྲུང་ལས་ཁུངས་ནས་འགེངས་ཤོག་ཅིག་བསྐང་དགོས་པ་རེད། དེ་བསྐངས་ནས་ཕྱིན་པ་ཡིན་ན་ང་ཚོས་དགག་པ་གང་ཡང་རྒྱག་གི་ཡོད་པ་མ་རེད། དེ་མ་ཡིན་པའི་རིགས་འགྲིག་གི་མི་འདུག་ཟེར་ནས་ཞུས་ཡོད་པ་རེད། བོད་རང་སྐྱོང་ལྗོངས་དབུ་བརྙས་ཏེ་ལོ་ ༦༠ འཁོར་བའི་དུས་ཆེན་ལྷ་སར་སྲུང་གཙི་བྱས་སྐབས། བཙན་བྱོལ་ནང་ནས་ཕེབས་མཁན་ཁ་ཤས་བྱུང་ཡོད་པ་རེད། དེ་ཚོར་བོད་མིའི་སྒྲིག་འཛུགས་ཀྱིས་ཐབས་སྐྱོ་བོ་ཞེ་དྲག་རེད། ཞབས་འདྲེན་རེད། ཅེས་ཁ་གསལ་བོར་ཞུས་ཡོད། ཉེ་ལམ་ཨོ་སི་ཊོ་ལི་ཡའི་ཆབ་སྲིད་བཙོན་ཟུར་གྱི་བྱེད་སྟངས་སྐོར་ལའང་ཉེ་ལམ་བཀའ་བློན་ཕར་ཕེབས་སྐབས་གསལ་བོ་ཞེ་དྲག་ཞུས་ཡོད་པ་རེད། དབུ་མའི་ལམ་དང་འབྲེལ་མོལ་ཁ་ལ་འཁྱེར་ནས་རྒྱ་མི་ལ་ཐུག་པ་དང་། རྒྱ་ནག་དང་བོད་ནང་ལ་འགྲོ་བ་དེ་རིགས་ཆོག་གི་མ་རེད། དེར་བོད་མིའི་སྒྲིག་འཛུགས་མོས་མཐུན་མེད། ཅེས་སྔོན་མ་གསལ་བོ་ཞུས་ཡོད་ལ། དེ་རིང་ཡང་གྲོས་ཚོགས་བརྒྱུད་ནས་གསལ་བོ་ཞུ་བཞིན་ཡོད། དེ་བཞིན། རྒྱ་ནག་གི་རྒྱལ་དར་འཁྱེར་མཁན་དང་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏོང་མཁན་གཉིས་ཀར་མོས་མཐུན་མེད་ཅེས་གསལ་བོར་ཞུས་ཡོད། ཅེས་གསུངས་སོང་།

བཀའ་ཤག་བཅུ་བཞི་པ་ཕྱི་རྒྱལ་ཁག་ཏུ་སྐོར་སྐྱོད་གནང་ཕྱོགས་སྐོར་ལ་གསུངས་དོན། བཀུར་འོས་སྤྱི་འཐུས་གཅིག་གིས་ཉེ་ལམ་ཡུ་རོབ་ཁག་ཏུ་ཕེབས་སྐབས་གཞུང་འབྲེལ་མི་སྣ་གཅིག་མ་གཏོགས་མཇལ་རྒྱུ་བྱུང་མ་སོང་། དེས་གང་སྟོན་གྱི་ཡོད་པ་རེད་ཟེར་ན་རྒྱ་ནག་གི་གནོན་ཤུགས་འོག་ཐེ་ཚོམ་བྱེད་ཀྱི་མེད་དམ་ཞེས་གསུངས་སོང་། དེར་བཀའ་ཤག་ཐོག་ནས་ཞུ་རྒྱུ་ལ། ཕལ་ཆེར་རྒྱལ་ཁབ་ཁག་ཏུ་བཅར་བ་ཡོངས་རྫོགས་ཀྱི་གཞུང་གི་ཕྱི་སྲིད་ལས་ཁུངས་དང་། སྲིད་འཛིན་དང་སྲིད་བློན་ལས་ཁུངས་ཀྱི་གནད་ཡོད་མི་སྣར་མཇལ་འཕྲད་བྱུང་ཡོད། རྒྱལ་ཁབ་གང་དུ་བཅར་ཡང་གནད་ཡོད་མི་སྣར་མཇལ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་མ་སོང་། ཉེ་ལམ་འཇར་མན་དབུས་གཞིང་གི་བཀའ་བློན་རིམ་པ་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལ་མཇལ་བ་ཡིན། ཁོ་རང་གིས་མཉམ་དུ་པར་ཞིག་རྒྱག་དགོས། གསར་འགྱུར་བརྒྱུད་ལམ་དུ་བཏོན་ནའང་འགྲིག་གི་རེད་གསུངས་སོང་། དེ་བཞིན་འཇར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་ལ་མཇལ་བ་ཡིན། མ་འོངས་པར་དྷ་རམ་ས་ལར་བཅར་རྒྱུའི་འདོད་པ་ཡོད་ཅེས་ཀྱང་གསུངས་སོང་།
ད་ལྟ་བོད་དོན་ལ་རྒྱབ་སྐྱོར་གང་འདྲ་ཞིག་ཡོང་གི་ཡོད་ན་སྙམ་ནས་དགོངས་ཚུལ་ཡོང་སྲིད་སྟབས། འཛིན་སྐྱོང་གི་ངོས་ནས་ག་པར་བཅར་ཡང་། དང་པོ། གཞུང་གི་གནད་ཡོད་མི་སྣར་མཇལ་རྒྱུ་དང་། གཉིས་པ། གྲོས་ཚོགས་ཀྱི་གནད་ཡོད་མི་སྣར་མཇལ་རྒྱུ། གསུམ་པ། གཞུང་འབྲེལ་མ་ཡིན་པའི་གནད་ཡོད་མི་སྣར་མཇལ་རྒྱུ། བཞི་པ། གསར་འགྱུར་བརྒྱུད་ལམ་ཁག་གི་མི་སྣར་མཇལ་རྒྱུ། ལྔ་པ། རོགས་དངུལ་གྱི་ཆེད་དུ་མི་མང་ལ་མཇལ་རྒྱུ་བཅས་རེད། དེ་དག་ལྔ་བོ་འགྲུབ་ནས་ཡོང་གི་ཡོད། ཁ་ཤས་ཀྱིས་འགྲོ་སོང་ཆེན་པོ་རེད་ཟེར་གྱི་ཡོད་ཀྱང་། འགྲོ་སོང་སྔ་སང་ནས་ཐབས་ཤེས་བྱེད་ཀྱི་ཡོད་པ་ལས་གཞུང་གི་བང་མཛོད་ནས་སྐོར་གཅིག་ཀྱང་བཏང་བཞག་པ་མེད། ཅེས་གསུངས་སོང་།

རྒྱ་གར་ནང་གི་སྐྱབས་བཅོལ་བོད་མི་མང་པོ་ཞིག་གིས་རྒྱ་གར་མི་སེར་བཟོ་བཞིན་ཡོད་པའི་སྐོར་ལ་གསུངས་དོན། བོད་མི་ཚོས་རྒྱ་གར་མི་སེར་བཟོ་བཞིན་པར་བོད་མིའི་སྒྲིག་འཛུགས་ལ་དགོངས་ཚུལ་གང་འདྲ་ཡོད་ན་གསུངས་སོང་། དེ་སྲིད་བྱུས་གསར་བ་མ་རེད། རྒྱ་གར་རྩ་ཁྲིམས་ནང་། ༡༩༥༠ ནས་< ༡༩༨༧ ལོའི་བར་རྒྱ་གར་ནང་མི་སུ་ཞིག་སྐྱེས་པ་ཡིན་ཚེ་ཁོ་ལ་རྒྱ་གར་མི་སེར་གྱི་ཐོབ་ཐང་ཆ་ཚང་ཡོད་ཅེས་བཀོད་ཡོད། དེ་བོད་མིར་དམིགས་སུ་བཀར་ནས་བཏོན་པ་ཞིག་མ་རེད། ༡༩༨༧ ལོའི་རྗེས་ཕ་མ་གང་རུང་རྒྱ་གར་མི་སེར་ཡིན་ན་བུ་ཕྲུག་ལའང་རྒྱ་གར་མི་སེར་ཐོབ་ཐང་ཡོད་ཅེས་རྒྱ་གར་གྱི་ཁྲིམས་ནང་གསལ་ཡོད་པ་རེད། ཁྲིམས་དེ་ལ་འགྱུར་བ་གཏོང་དགོས་ན་རྒྱ་གར་གྲོས་ཚོགས་ལ་འགྱུར་བ་གཏོང་རོགས་ཟེར་རྒྱུ་ལས་བོད་མིའི་དོན་དུ་འགྱུར་བ་གཏོང་རོགས་ཟེར་རྒྱུའི་ལམ་ཁ་གང་ཡང་ཡོད་པ་མ་རེད། ཁྲིམས་ནང་ཐོབ་ཐང་གནང་ཡོད་དུས་ཆོག་གི་མ་རེད་ཟེར་ན་འཛིན་སྐྱོང་ཁྲིམས་འགལ་རེད། རྒྱ་གར་གྱི་འོས་བསྡུའི་ནང་འཛུལ་ཞུགས་བྱས་ཏེ་འོས་ཤོག་ལྡུག་བྱེད་ཀྱི་ལག་འཁྱེར་དེ་བླངས་པ་ཡིན་ན། བོད་མི་ཚོའི་སྐྱབས་བཅོལ་ལག་དེབ་དང་ཕྱི་སྐྱོད་ལག་དེབ་སེར་བོ་གཉིས་ཕྱིར་བསྡུ་བྱེད་དགོས་པ་ཆགས་ཀྱི་ཡོད། དེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་མིན་པར་རྒྱ་གར་གཞུང་གི་ཁྲིམས་ཀྱི་འགྲོ་སྟངས་རེད། ང་ཚོར་སྙན་ཞུ་འབྱོར་ཡོད་པའི་ནང་དུ་རྒྱ་གར་མི་སེར་ཞུ་མཁན་འཚང་ཁ་ཤིག་ཤིག་དེ་འདྲ་མི་འདུག དེ་བཞིན་འོས་བསྡུའི་ནང་འཛུལ་མཁན་ཡང་འཚང་ཁ་ཤིག་ཤིག་མ་རེད། ཉུང་ཤས་ཤིག་རེད། དྷ་རམ་ས་ལར་མཚོན་ན་མི་ ༢༤༠ ཡས་མས་དང་། ལ་དྭགས་ནང་བཅོ་ལྔ་ཉི་ཤུ་ཙམ་ཞིག་རེད། དེ་ཚོ་གསལ་བོ་མཁྱེན་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་། གསར་འགོད་པ། ལྷ་སྐྱབས་རྒྱལ།

གསར་འགྱུར།

Post navigation

Previous Post: སྟག་ཤར་བས་བུད་མེད་ལ་ལག་པ་འཕྱར་མི་རུང་།
Next Post: ཕ་གྭིའི་བུ་མོ། (སྙན་ཚོམས)

Comment (1) on “སྲིད་སྐྱོང་མཆོག་གི་གསལ་བཤད།”

  1. ཚེ་རིང་ནས། says:
    2014-09-14 at 12:13 am

    མངོན་པར་བསྟོད་རྒྱུ་ལས་མ་འདས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme