Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཇལ་ཁ་ཐེངས་གཅིག་གི་རྗེས་ཚོར།

Posted on 2014-09-102014-09-10 By ཁ་བརྡ་ 2 Comments on མཇལ་ཁ་ཐེངས་གཅིག་གི་རྗེས་ཚོར།

རེབ་ཐོག་མདའ།

དེ་རིང་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་བདག་དངལྷན་དུ་ཟླ་བ་གསུམ་རིང་རྩོམ་སྒྱུར་ཟབ་སྦྱོང་ལ་ཞུགས་ཀྱིན་པའི་སློབ་གྲོགས་བུ་བུ་མོ་སུམ་ཅུ་དང་། བོད་བརྒྱུད་ནང་བསྟན་ལ་བསླབ་པ་སློབ་གཉེར་གནང་དང་གནང་མུས་སུ་ཡོད་པའི་ཕྱི་གླིང་རྒྱལ་ཁབ་ཁག་སུམ་ཅུ་ལྷག་ནས་ཕེབས་པའི་སློབ་མ་བརྒྱ་ལྷག གཞན་གདན་ས་གསུམ་ནས་ཚན་རིག་སློབ་གཉེར་དུ་སླེབས་པའི་དགེ་འདུན་པ་དྲུག བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་མཆོག་གཙོས་ལས་ཀྱི་སྣེ་མོའི་ཚན་ཁག་ཅིག་བཅས་ས་གསུམ་སྐྱེ་བོ་ཀུན་གྱི་ཡིད་རབ་དབང་མེད་དུ་འཕྲོག་ཅིང་། འཛམ་གླིང་གོ་ལ་ཟླུམ་པོའི་སྟེང་གི་སེམས་ཅན་ཀུན་ལ་ཞི་བདེ་དང་བདེ་སྐྱིད་ཀྱི་ལམ་སྟོན་མཁན་པོ་འཛམ་གླིང་ཞི་བདེ་དེད་དཔོན་ཆེན་མོ། བོད་ཡུལ་མུན་པའི་གླིང་གི་འོད་སྣང་ཉག་གཅིག་སྟེ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཚང་ལ་དམིགས་བསལ་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བ་ལྡན་པ་ནི་ཇི་འདྲའི་བློ་ཡིད་དུ་མི་ཤོངས་པའི་སྐལ་བ་བཟང་བོ་ཞིག་མིན་ནམ།

དེར་བརྟེན་དེ་རིང་བདག་གིས་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་དག་འདིར་ཀློག་པ་པོ་དག་གི་མིག་མདུན་དུ་ལན་གཅིག་ཕུལ་འདོད་ཀྱིས་ཀུན་ནས་བསླངས། དེ་རིང་ནི་ཕྱི་ལོ་ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་བའི་ཚེས་བརྒྱད་རེད་ལ། བདག་ལ་མཚོན་ན། མི་ཚེ་འདིའི་ནང་གི་ཆེས་དོན་སྙིང་ལྡན་ལ། དགའ་བ་བརྗོད་ཀྱིས་མི་ལང་བའི་དུས་ཚོད་ཅིག་དང་རྨི་ལམ་མངོན་སུམ་དུ་སྣང་བའི་དུས་ཡུན་ཞིག་ཀྱང་ཡིན་ཞེས་བརྗོད་ཆོག་ཆོག་ཡིན།
སྤྱིར་ཉིན་འདི་དག་རྡ་སའི་གནམ་གཤིས་ལ་འགྱུར་ལྡོག་ཅུང་ཆེ་ན་ཡང་། ད་ནངས་ཀྱི་གནམ་གཤིས་ནི་དུས་རྒྱུན་དང་མི་འདྲ་བར། ནམ་མཁའ་གཡའ་དག་ཅིང་ས་གཞིའི་རྡུལ་དག་པས། རི་གྲོང་འདིའི་ཁོར་ཡུག་ཀུན་ཏུ་ཉི་འོད་ཀྱིས་ཁྱབ་ཅིང་། ལྗང་མདོག་གྱོན་པའི་རི་བོ་དང་ལྗོན་པ་དག་གིས་ཉི་འོད་ཀྱི་དྲོད་འཇམ་ཀློང་ན་སྔར་ལས་ལྷག་པའི་མཛེས་སྡུག་རེ་འཁུར་གྱིན་འདུག་ལ། དུས་རྒྱུན་སྨུག་སྤྲིན་གྱིས་བཏུམས་པའི་རྫ་རི་མཐོན་པོ་དེའི་ཡང་སྨུག་སྤྲིན་གྱི་ཞྭ་མོ་ཕུད་འདུག་ལ། བྱ་དང་བྱིའུ་རིགས་ཀྱིས་ཀྱང་ལྗོན་པའི་ཡལ་འདབ་སོགས་ན་རང་ཉིད་ཀྱི་ངག་གི་སྒྱུ་རྩལ་འགྲན་པ་བཞིན་སྙན་པའི་གཞས་གཏོང་གིན་འདུག
འཛམ་གླིང་ཉི་མ་ནི་ཤར་རིའི་རྩེ་ནས་ས་གཞིའི་པང་དུ་ལྷུང་ཡོང་གིན་འདུག་པ་འདིས། ལྗང་མདོག་གི་ཁོར་ཡུག་འདི་ལ་སྔར་ལས་ལྷག་པའི་མཛེས་སྡུག་ཅིག་དང་གསོན་ཤུགས་སྤྲད་ཡོད་པའི་སྣང་བ་ནི་དབང་མེད་དུ་སྟེར། མ་ཟད་ནམ་མཁའི་མཐའ་ན་སྤྲིན་པ་ཐར་ཐོར་རང་དབང་གིས་རྒྱུ་བ་ནི་ཆར་ཞོད་ཀྱི་ལོ་ཟླ་རིང་མོ་ལ་གྱེས་བརྡ་བྱེད་པ་དང་འདྲ།

དེ་རིང་༧གོང་ས་མཆོག་གི་མཇལ་ཁའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་བརྒྱད་པའི་སྟེང་དུ་ཡིན་པས་ན། ད་ནངས་དུས་རྒྱུན་དང་མི་འདྲ་བར་ཞོགས་པའི་མལ་ནས་ལངས་མ་ཐག ཐོག་མར་རང་ཉིད་རྒྱུན་གོམས་སུ་སོང་བའི་ནངས་མོའི་ཞལ་འདོན་དག་གང་མགྱོགས་ངང་བཏོན་པ་དང་གཟུགས་པོར་ཁྲུས་གཙང་མ་ཞིག་བྱས་རྗེས། ཡུལ་གཅིག་གྲོགས་པོ་ཞིག་གིས་གཡར་བའི་ཨ་མདོའི་བོད་ལྭ་༼ཨམ་ཕྱུ།༽དེ་འཁྱེར་ནས་ཁྱིམ་མཚེས་ཨ་མདོ་ཨ་ཅེ་ཞིག་ཡོད་སར་བསྐྱོད། བོད་མདོ་སྨད་ཕྱོགས་ཀྱི་བོད་ལྭ་ནི་བོད་ཀྱི་གྱོན་ཆས་གཞན་དང་མི་འདྲ་བར་གྱོན་ལོབས་སུ་སོང་མེད་ན་མི་གཅིག་གིས་གྱོན་ཁག་པོ་ཡོད་པས། རང་ལ་ཆ་བཞག་ན་སྔོན་ཆད་ཕ་ཡུལ་དུ་ཡོད་དུས་ཨ་མདོའི་བོད་ལྭ་གྱོན་མྱོང་ཡོད་ཀྱང་། ཕ་མའི་རོགས་རམ་ཁོ་ན་ལ་བརྟེན་པ་ལས་རང་ཉིད་ཀྱིས་དངོས་སུ་གྱོན་མྱོང་མེད་པ་དང་རྒྱ་གར་ལ་སླེབས་ནས་ད་བར་གྱོན་མྱོང་མེད་པས། རང་ཉིད་བོད་ལྭ་འདི་གྱོན་པར་དགའ་ན་ཡང་གྱོན་སླ་བོ་མེད་པ་ཞིག་ཡིན་པས་ཨ་ཅེ་ཁོང་ལ་རོགས་རམ་བྱེད་དུ་མི་འཇུག་ཐབས་མེད་བྱུང་།

དེ་ནས་རང་ཉིད་ཀྱི་གཟུགས་པོ་ཡོངས་ལ་ཤུག་བདུག་ཅིག་བྱས་ཏེ་ལམ་ལ་ཆས་པའི་སྟ་གོན་བྱས། བདག་ཨ་མདོ་གྲོང་གསེབ་དུ་འབོད་པའི་རང་ཁྱིམ་ནས་གཙུག་ལག་ཁང་དུ་འགྲོ་བའི་ལམ་ལ་ཞུགས། བདག་གཙུག་ལག་ཁང་གི་སྒོ་ཆེན་ཉེ་འགྲམ་དུ་སླེབས་དུས། བདག་དང་འཛིན་གྲྭ་གཅིག་ཏུ་ཡོད་པའི་སློབ་གྲོགས་བུ་མོ་གཉིས་ཀྱང་འགྲོ་བཞིན་འདུག་ལ། དེ་ནས་ང་ཚོ་ཚང་མ་མཉམ་དུ་གཙུག་ལག་ཁང་གི་ནང་དུ་སོང་བ་ཡིན། ང་ཚོ་གཙུག་ལག་ཁང་གི་ནང་དུ་སླེབས་དུས། དེ་རུ་མཇལ་ཁར་སྒུག་སྡོད་མཁན་གྱི་མི་ནི་བདག་གི་བསམ་པ་ལས་ལྷག་པ་འདུག་ལ། དེའི་ཁྲོད་དུ་རང་ཉིད་ཀྱིས་ངོ་ཤེས་པའི་ནུབ་ཕྱོགས་པ་ཡང་མང་པོ་འདུག
མི་ཚོགས་གི་འདུ་འཛིའི་ཁྲོད་ནས་བདག་དང་ལས་དབང་གཅིག་པའི་སློབ་བུ་དག་གིས་ཀྱང་ཁོང་ཚང་གི་གསེར་ཞལ་མཇལ་བར་བསྒུགས་ནས་བསྡད་པ་ཡིན། དུས་ཚོད་ནི་སྒུག་བཟོད་མེད་པར་སྐད་ཅིག་ཙམ་ལ་ཉིན་གུང་ཟིན་ལ་ཉེ་སོང་། ཡིན་ཡང་ཞེད་སྣང་དང་སྐྲག་སྣང་གིས་ཡོངས་སུ་ཁེངས་པའི་བདག་གི་སེམས་པ་ནི་མཚམས་རེར་དགའ་ལ། ཡང་མཚམས་རེར་འཚེར་སྣང་ཆེ་བས། དུས་ཚོད་ཇི་ལྟར་ཕར་སོང་བ་བཞིན་བདག་སེམས་ནི་དེ་ལྟར་དུ་དངངས་སྐྲག་གིས་ཅི་ཞིག་བྱེད་དགོས་པ་ཡང་མ་ཚོར།

རྒྱུ་མཚན་ནི། བདག་ལ་མཚོན་ན་༧གོང་ས་མཆོག་ལ་དམིགས་བསལ་མཇལ་ཁ་ཞིག་ཐོབ་ཐུབ་པ་ནི་བློ་ཡིད་དུ་ཤར་ཡང་མ་མྱོང་ལ། འདི་འདྲའི་སྐལ་བཟང་གི་ཉིན་མོ་ཡོད་པ་ཡང་རང་སེམས་ལ་དྲན་མྱོང་མེད་པ་མ་ཟད། ང་ལ་མཚོན་ན་ག་དུས་ཡིན་ཡང་རང་ཉིད་ལྟ་བུ་སོ་སྐྱེས་ཕལ་བ་ཞིག་གིས་ཁོང་ཚང་ལ་དམིགས་བསལ་མཇལ་ཁ་ཞུས་པ་ཡིན་ན། ༧ཁོང་ཚང་གི་འགྲོ་དོན་མཛད་པའི་དུས་ཚོད་དག་འཕྲོ་བརླག་ལ་གཏོང་བ་ལས་གཞན་མ་མཆིས་སྙམ་ན་ཡང་། ད་ཐེངས་དཔེ་མཛོད་ཁང་གི་བཀོད་སྒྲིག་ལྟར་ཁོང་ཚང་ལ་མཇལ་ཐུབ་པ་ནི་སྐྱེ་བ་སྔོན་མའི་ཚོགས་བསགས་དང་སྐྱེ་བ་འདིའི་བསོད་ནམས་ཀྱི་འབྲས་བུ་ཁོ་ན་ཡིན་པའི་ངེས་ཤེས་ཟབ་མོ་ཞིག་རྙེད་སོང་།

དེ་ལྟར་ཆུ་ཚོད་གང་འཚམས་ཤིག་ལ་རེ་སྒུག་བྱས་ཡོད་པའི་སྐབས་སྦྲང་ཆར་སིམ་སིམ་དུ་བབས་སོང་ལ། ཆར་བ་སིམ་སིམ་གྱི་སྔ་ལྟས་ཡག་པོ་འདིའི་ཁྲོད་ནས་བདག་ལ་སྨྲ་བསམ་བརྗོད་འདས་ཀྱི་ཚོར་འདུ་ཟབ་མོ་ཞིག་གིས་ལུས་སེམས་ཡོངས་དགའ་སྐྱོའི་ངང་སྡོད་བཞིན་པའི་སྐབས་སུ། གློ་བུར་དུ་གཟིམ་ཆུང་ནང་དུ་གཏོང་བར་མགོ་ཚུགས་སོང་། དེ་ནས་ང་ཚོ་གཅིག་མཇུག་གཉིས་མཐུད་ཀྱིས་གཟིམ་ཆུང་ནང་དུ་འགྲོ་བའི་ལས་སུ་ཞུགས་པ་དང་སྐུ་སྲུང་དག་གིས་ལུས་བཤེར་བྱས་རྗེས། རིམ་བཞིན་རེ་རེ་བཞིན་སྐས་འཛེགས་རིང་པོ་ཞིག་བརྒྱུད་དེ་ཡར་ལ་ཅུང་ཙམ་སོང་བས་ན། ལམ་བར་དུ་སྐུ་སྲུང་དག་གིས་ང་ཚོ་གང་ལ་འགྲོ་དགོས་མིན་ལམ་སྟོན་བྱེད་པ་བཞིན། ང་ཚོ་ཡང་གཅིག་མཇུག་གཉིས་མཐུད་ཀྱི་ངང་ནས་ཁང་བརྩེགས་གཉིས་པའི་སྒང་དུ་ཡོད་པའི་ཚོགས་ཁང་ཞིག་གི་ནང་དུ་འཛོམས་པ་ཡིན།

ཚོགས་ཁང་དེ་ནི་འཁོབས་ཡངས་ལ་ནང་ཡོངས་སུ་སྤོས་དྲིས་ཁྱབ་པ། ཐང་ཡོངས་སུ་ས་གདན་དམར་པོ་ཆེན་པོ་ཞིག་བཏིང་བའི་སྟེང་ལ་མེ་ཏོག་གིས་བརྒྱན་པ། ཚོགས་ཁང་ནང་གི་མདུན་གྱི་གྱང་ངོས་སུ་བདག་ཅག་གི་སྟོན་པ་མཆོག་གི་སྐུ་བརྙན་ཆེན་པོ་ཞིག་ཡོད་པ་དང་དེའི་མདུན་དུ་ཆུ་སྐྱེས་པདྨ་སོགས་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ། དེའི་ཕྱོགས་གཡས་གཡོན་གཉིས་སུ་ནང་པའི་མཁས་པ་དག་གི་གཙུག་རྒྱན་དུ་གྲགས་པའི་རྒྱ་གར་གྱི་སློབ་དཔོན་རྒྱན་དྲུག་མཆོག་གཉིས་སོགས་ཀྱི་སྐུ་ཐང་དང་། སྟོན་པའི་སྐུ་བརྙན་གྱི་ཐང་ཀའི་མདུན་ཕྱོགས་སུ་ཤིང་གི་རྒྱུ་ཆས་བཟོས་པའི་སྡིངས་ཆ་གཅིག་འདུག་ལ། དེའི་སྒང་ལ་ས་གདན་དམར་པོ་ཞིག་བཏིང་ཡོད་པའི་སྟེང་དུ་ཤིང་གི་བཞུགས་སྟེགས་ས་གདན་དམར་སེར་ཅིག་བཏིང་ཡོད་པ་ཞིག་འདུག འདི་ནི་ཕལ་ཆེར་༧རྒྱལ་བ་ཡིད་བཞིན་ནོར་བུ་ཚང་བཞུགས་པའི་སྟེགས་བུ་ཡིན་པར་སྙམ།

ཚོགས་ཁང་གི་མདུན་ཕྱོགས་ཀྱི་གཡས་གཡོན་གཉིས་སུ་སྒོ་ཆུང་ཆུང་གཉིས་འདུག་ལ། དུས་ཡུན་སྐར་མ་སུམ་ཅུའི་རྗེས་ནས་གཡོན་ཕྱོགས་ཀྱི་སྒོ་ཆུང་དེ་ནས་བདག་ཅག་རྩམ་གཟན་གངས་ཅན་པ་དག་གི་འདི་ཕྱིའི་སྐྱབས་གནས་དམ་པ་༧རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གི་ཞལ་ལ་སྙིང་རྗེ་དང་ཞི་བདེ་ཡི་འཛུམ་མདངས་ཤིག་མངོན་གྱིན་ཕྱག་གཉིས་ཐལ་མོ་སྦྱར་ཏེ་ཕེབས་སོང་། ཁོང་ནང་དུ་ཕེབས་མ་ཐག་དད་ལྡན་པ་ཡོངས་ཡར་བགྲེང་སོང་ལ། དེ་ནས་༧ཁོང་གིས་ང་ཚོ་ལ་འཚམས་འདྲི་ཞུས་པ་དང་དུས་མཚུངས་བཞུགས་སྟེགས་ལ་དལ་ལྷོད་ངང་བཞུགས་སོང་། འདི་ནི་བདག་གི་མི་ཚེའི་ནང་ཁོང་ཚང་དང་བར་ཐག་ཉེ་བར་བསྡད་པའི་ཐོག་མ་ཡིན་པས། བདག་གིས་༧ཁོང་ཚང་གི་འཛུམ་དམུལ་དམུལ་གྱི་ཞལ་རས་དང་སྙིང་རྗེ་ལྡན་པའི་གསུང་སྐད་དེ་ཐོས་ཐེངས་རེར། ཕ་ཡུལ་ན་རེ་སྒུག་གི་མིག་ཟུང་ནུབ་ལ་བསྲིངས་པའི་ཕུ་ནུ་མིང་སྲིང་དག་ཡིད་ལ་ཝ་ལེར་འཁོར་སོང་ལ། ༧ཁོང་གི་ཐུགས་དགྱེས་པའི་ངང་ནས་དེར་ཡོད་པའི་ནུབ་ཕྱོགས་ཀྱི་དད་ལྡན་པ་དེ་དག་རྒྱལ་ཁབ་གང་ཡིན་སོགས་ལ་སྐད་ཆ་འདྲི་དུས། བདག་གིས་དུས་ནམ་ཞིག་ལ་༧ཁོང་ཚང་གིས་ཕ་ཡུལ་གངས་རིའི་ལྗོངས་སུ་ཕེབས་ཏེ་འདི་ལྟར་གསུང་གི་བདུད་རྩི་ལན་མང་འབྱོན་ཐུབ་པའི་སྨོན་ལམ་ཡང་ཡང་བརྒྱབ།

ཁོང་ཚང་གིས་ང་ཚོར་འཚམས་འདྲི་གནང་རྗེས་ཆོས་དགེ་གཉིས་ལ་ཆོས་འཆད་ཁྲིད་ཇི་ལྟར་བྱེད་དགོས་མིན་དང་། ནུབ་ཕྱོགས་པ་དག་ལ་ནང་ཆོས་སྦྱོང་བའི་དགེ་མཚན་དང་སྙིང་རྗེའི་ནུས་སྟོབས། འཇིག་རྟེན་གྱི་འཚོ་བ་དང་འབྲེལ་བའི་བཀའ་སློབ། བོད་ཀྱི་རིག་གཞུང་གི་རིན་ཐང་། ད་དུང་ཆོས་ལུགས་སོ་སོར་བརྩི་བཀུར་བྱེད་དགོས་པ་སོགས་བཀའ་སློབ་དུས་ཡུན་ཆུ་ཚོད་སྐར་མ་སུམ་ཅུ་ནས་བཞི་བཅུ་ལྷག་ཅིག་ལ་གནང་སོང་། མཐའ་མ་༧ཁོང་ཚང་གིས་བོད་ཀྱི་རྩ་དོན་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་དོན་ཚན་གསུམ་དང་ལྡན་པ་ཞིག་གནང་རྗེས་དྲི་བ་དྲི་ལན་དང་བཅས་མཇུག་བསྒྲིལ།

༧ཁོང་ཚང་གིས་དུས་དང་རྣམ་པ་ཀུན་ཏུ་བོད་མི་ས་ཡ་དྲུག་གི་དོན་དུ་ཤར་ནུབ་ཡུལ་གྲུ་ཀུན་ལ་ཕེབས་ཏེ་དགུང་ལོ་འདི་འདྲ་ཞིག་ལ་ཕེབས་ཀྱང་། ད་དུང་འགྲོ་བ་མིའི་བདེ་སྐྱིད་དང་འཛམ་གླིང་ཞི་བདེ། ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་སྒང་ལ་མཛད་པ་རྒྱ་ཆེན་སྐྱོང་གིན་ཡོད་པ་མ་ཟད། དུས་ནམ་ཞིག་ལ་༧ཁོང་ཚང་ཤར་ནུབ་ཡུལ་གྲུ་གང་དུ་ཕེབས་ཀྱང་། གནས་དེ་དག་ལ་འཚོ་བཞིན་པའི་བོད་མི་དག་ལ་མཇལ་ཐེངས་རེར། བོད་རང་གི་ངོ་བོ་དང་རིག་གཞུང་། སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ། བོད་ཀྱི་རྩ་དོན་འགྲུབ་ཕྱིར་གནའ་དེང་ཟུང་འབྲེལ་གྱི་སྒང་ནས་སློབ་སྦྱོང་བྱེད་དགོས་པ་སོགས་མ་ཡི་བུ་ལ་གདམས་པ་བཞིན་བཀའ་སློབ་གནང་དང་གནང་མུས་ཡིན་ན་ཡང་། ང་ཚོས་༧ཁོང་ཚང་མཇལ་དུས་དད་པ་བྱེད་པ་ལས་ཁོང་ཚང་གི་བཀའ་ལ་མི་བརྩི་བ་མ་ཟད་ང་ཚོས་རང་གི་རིག་གཞུང་དང་སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་ལ་ཁྱད་གསོད་བྱེད་པ་སོགས་བྱེད་ཀྱིན་པ་མིག་མཐོང་ལག་ཟིན་ཡིན་པ་བསམ་དུས། བདག་རང་དབང་མེད་པར་མིག་ཟུང་མཆི་མས་བརླན་དགོས་བྱུང་།

མཐའ་མ་དེ་ལ་ང་ཚོ་རུ་ཁག་ཁ་ཤས་སུ་བགོས་ཏེ་རུ་ཁག་སོ་སོ་བཞིན་༧ཁོང་དང་ལྷན་དུ་འདྲ་པར་བརྒྱབས་སོང་ལ། ལྷག་པར་དུ་ང་ཚོ་ཟབ་སྦྱོང་འཛིན་གྲྭའི་སློབ་ཕྲུག་དག་དང་ལྷན་དུ་འདྲ་པར་བསྐྱོན་རྗེས། ༧རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གིས་བོད་རང་གི་རིག་གཞུང་གི་རིན་ཐང་དང་ནང་བསྟན་རིག་གནས་ཀྱི་རིན་ཐང་། བོད་ཀྱི་སྐད་ཡིག་གི་རིན་ཐང་སོགས་རེ་རེ་བཞིན་ནན་མོའི་ངང་ང་ཚོ་ལ་བཀའ་སློབ་ལམ་སྟོན་གནང་བ་མ་ཟད། དམིགས་བསལ་ང་ཚོ་གཞོན་རབས་པ་དག་གིས་ངེས་པར་དུ་འགན་འཁྲི་ལྡན་པའི་ངང་ནས་བོད་རང་གི་སྐད་ཡིག་གི་སྒང་ལ་ཤུགས་རྒྱག་དགོས་རབས་ཀྱང་གསུངས་སོང་བ་མ་ཟད། གལ་སྲིད་ང་ཚོ་བོད་ཕྲུག་དག་བོད་ཀྱི་རིག་གཞུང་དང་སྐད་ཡིག་གིས་སྟོང་པ་ཡིན་ན། གཞན་སྐད་ཐ་ཐོར་རེ་སྨྲ་ཤེས་ཀྱང་དེ་ལ་དེ་འདྲའི་རིན་ཐང་མེད་པ་སོགས་གསུང་སྐབས་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་གིས་བདག་གི་མིག་ཟུང་སླར་ཡང་མཆི་མས་བརླན་དགོས་བྱུང་།
གང་ཡིན་ཟེར་ན། བོད་སྐད་ཡིག་ལ་དོ་སྣང་དང་འགན་འཁྲི་མི་བྱེད་པའི་བྱེས་ཀྱི་རྗེས་རབས་པ་དག་གིས་ཕ་སྐད་གཙང་མ་ཁྱད་གསོད་བྱེད་བཞིན་ལད་ཟློས་ཁོ་ནས་ཚིམས་ཀྱིན་པའི་རྣམ་པ་འདི་དག་ཡིད་ལ་འཁོར་བས་དེ་ལས་ཀྱང་སྐྱོ་བའི་མཆི་མ་འགོག་ཐབས་བྲལ།

གྲགས་པའི་མིང་བྱང་འཚོལ་བའི་བརྩམས་ཆོས་མིན།།
སྤྱི་སྒེར་མཚང་དུ་འདྲི་བའི་སྐྱོན་བརྗོད་མིན།།
རྨི་ལམ་མངོན་འགྱུར་བྱུང་བའི་ཚོར་བ་དག །
མཐོང་ཐོས་མྱོང་བས་ཡི་གེའི་གཟུགས་སུ་ཕབ།།

དེ་ལྟར་ལོ་ངོ་བཅུ་གཉིས་རྗེས་ཀྱི་དེ་རིང་བདག་ལ་འདི་འདྲའི་མཇལ་ཁ་ཞིག་ཐོབ་པ་ནི་རང་ཉིད་ཀྱི་མི་ཚེ་འདི་འམ་ཕྱི་མ་གང་ལ་བལྟས་ནས་བཤད་ཀྱང་རླབས་ཆེན་གྱི་བྱ་བཞག་ཞིག་རེད་བསམ་གྱིན་ཡོད་ལ། ཕ་མ་དང་ཕ་ཡུལ་བྲལ་བའི་ལོ་ངོ་བཅུ་གཉིས་ནི་བདག་ལ་མཚོན་ན། རང་ཉིད་ཀྱི་མི་ཚེའི་ནང་གི་ཆེས་དོན་སྙིང་ལྡན་ཞིང་བདེ་སྐྱིད་ལྡན་པ་ཞིག་བསྐྱེད་ཐུབ་པ་ཡང་༧ཁོང་ཚང་གི་བཀའ་དྲིན་ཉག་གཅིག་ཡིན། འཛོམས་པའི་ཐ་མ་གྱེས་དགོས་པ་ཆོས་ཉིད་བཞིན། འདི་ལྟར་ལོ་ངོ་བཅུ་གཉིས་རིང་བླ་མ་༧ཁོང་ཚང་གི་བཀའ་དྲིན་ལ་བརྟེན་ནས་བོད་དབྱིན་གཉིས་གཙོ་བྱས་གནའ་དེང་གི་ཤེས་བྱ་མང་པོ་ཞིག་ལ་བསླབ་པ་སློབ་གཉེར་གང་འཚམས་ཞིག་བྱས་པའི་མཐར་འདི་ལྟར་འབྲལ་དགོས་ཡོད་ཀྱང་།
དུས་ད་ེརིང་ད་དུང་སེམས་ཀྱི་ཟབ་ས་དང་སྙིང་དམར་བོའི་གཏིང་ནས། བཀའ་དྲིན་རྗེས་དྲན་བྱེད་དགོས་ལ། བྱེད་འོས་པ་ནི་ཚེ་འདི་ཕྱི་གཉིས་ཀྱི་བླ་མ་༧ཁོང་ཚང་ཡིན་ལ། མ་འོངས་པར་རང་ཉིད་གང་དུ་འཚོ་ཡང་ཁོང་གི་བཀའ་སློབ་ལམ་སྟོན་དང་བསླབ་བྱ་དག་ཡིད་ཀྱི་ཟབ་སར་བཟུང་ནས། གཞན་ཕན་ལ་འཇུག་པའི་མི་ཡ་རབས་སྤྱོད་ལྡན་ཞིག་བྱེད་ཐུབ་པའི་དམ་བཅའ་དང་བཅས།

ཕྱི་ལོ་ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་པའི་ཚེས་བཅུ་ཉིན།

བསམ་ཚུལ།

Post navigation

Previous Post: 《ཡིག་འབྲུ་ཁྲི་བདུན་མ》རྒྱ་ཡིག་གི་དེབ་གཟུགས་སུ་ཐོན་པ།
Next Post: གལ་ཆེའི་གནད་དོན་གསུམ།

Comments (2) on “མཇལ་ཁ་ཐེངས་གཅིག་གི་རྗེས་ཚོར།”

  1. བསམ་ཤེས། says:
    2014-09-10 at 1:30 pm

    ཐུགས་རྗེ་ཆེ། རེད། བོད་ས་ཡ་མང་པོ་འདི་ལྟ་བུའི་ཉི་མ་ཞིག་སྒུག་ནས་ཡོད། མགྱོགས་མྱུར་བོད་ལ་ཕེབས་ཐུབ་པའི་སྨོན་ལམ་རྒྱག་པར་བྱའོ།

  2. གནམ says:
    2014-09-11 at 2:29 am

    ལས་ཅན་རེད། བསོད་ནམས་ཅན་རེད། སྐལ་བ་བཟང་བོ་ཐོབ་པ་རེད། བཟང་གི་བཟང་གི།
    “ཨམ་ལྭ་གོན་མི་ཤེས”། ཧ་ཧ་ཧ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme