Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔྱད་བརྗོད་མཁན་ཚོ་ལ་སྤེལ་བའི་དཔྱད་བརྗོད།

Posted on 2014-08-262014-08-26 By ཁ་བརྡ་ 7 Comments on དཔྱད་བརྗོད་མཁན་ཚོ་ལ་སྤེལ་བའི་དཔྱད་བརྗོད།

འཇམ་གཅེས།

དེང་གི་དུས་འདིར་སྤྱི་ཚོགས་ཀྱི་དཔྱད་བརྗོད་པ་དང་། ཆབ་སྲིད་པར་རློམ་མཁན་གྱི་རང་རེའི་མི་བུ་མང་པོས་དྲྭ་ལམ་ཁག་དུ་དཔྱད་བརྗོད་ལྟ་བུའི་རྩོམ་ཡིག་དང་། སྐད་འཕྲིན་ནང་དུའང་ཡིག་ངག་གཉིས་ཐོག་ནས་ཧ་ཅང་མང་པོ་ཞིག་སྤེལ་བཞིན་པ་ནི་ཕྱོགས་གཅིག་ནས་བཟང་ཕྱོགས་ཀྱི་རྣམ་པ་ཡིན་མོད། ཕྱོགས་གཞན་ཞིག་ནས་བཤད་ན་དཔྱད་བརྗོད་སྤེལ་མཁན་ཞིག་ལ་མཚོན་ན། མ་མཐར་ཡང་དགོས་ངེས་ཀྱི་ཆ་རྐྱེན་ནི་འགན་ཁུར་རང་བཞིན་ལྡན་པའི་སྒོ་ནས་དྲང་བདེན་ཡོད་དགོས་པ་ལས། དེ་མིན་རང་སྣང་གང་ཤར་གྱིས་སེམས་ལ་དྲན་ཚད་ཡིག་ཐོག་ཏུ་སྤེལ་བ་དང་། ཁ་ནས་གང་ཐོན་སྐད་འཕྲིན་ནང་དུ་བཤད་གང་ཐུབ་བྱས་པ་ཙམ་གྱིས་རྩ་དོན་ལ་ཕན་པའི་བྱ་བ་ཞིག་ག་ལ་ཡིན།

ལྷག་པར་དུ་ཡང་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་སྤྱི་དང་། ཡང་སྒོས་ཆེས་ཛ་དྲག་དང་གཉན་འཕྲང་ཅན་གྱི་དུས་སུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་བཞིན་གཡས་སྐྱོར་གཡོན་སྐྱོར་གནང་སྟེ་སྐུ་ངལ་བརྒྱ་ཕྲག་དུ་མ་ཁྱད་དུ་བསད་དེ་ད་བར་བསྐྱངས་གནང་མཛད་པ་པོ་འཇིག་རྟེན་ཞི་བདེའི་དེད་དཔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། མགོན་པོ་གང་ཉིད་ཀྱི་དགོངས་གཞི་ཇི་ལྟ་བ་བཞིན་དུ་རྒྱབ་མདུན་ངོ་ལྐོག་མེད་པའི་སྒོ་ནས་ཚུལ་བཞིན་དུ་བསྒྲུབས་པ་དང་། སྒྲུབ་བཞིན་པ། བསྒྲུབ་ནུས་པའི་སྐྱེས་བུ་སྟེ། དོན་གྱི་སླད་དུ་མཚན་ནས་སྨོས་ན་ཟམ་གདོང་པཎྜི་ཏ་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་།
གཞན་ཡང་ད་ལྟའི་སྲིད་སྐྱོང་བ་མི་རྗེ་བློ་བཟང་སེངྒེ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་སོགས་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་དག་ལ་རང་དང་ལྟ་སྤྱོད་མི་མཐུན་པས་རྒྱུ་མཚན་དང་། ཡང་ན་ཚོར་སྣང་ཙམ་གྱི་རྗེས་སུ་བརྒྱུགས་ནས་གང་བྱུང་ངན་སྨྲས་དང་སྐུར་འདེབས། དེ་བཞིན་དུ་འཁྱོག་བརྗོད་དང་ལོག་བཤད་ཁོ་ནའི་ཐོག་ནས་འཆལ་གཏམ་འདྲ་མིན་སྤེལ་མཁན་གྱི་མི་བུ་ཁག་གཅིག་ཡོད།

དེ་དག་གི་ཁྲོད་ནས་ཀྱང་ཆེས་ཉེན་ཁ་ཆེ་བ་ཞིག་ནི། རེ་ཟུང་ཞིག་གིས་སྐད་འཕྲིན་ཚོགས་པ་འདྲ་མིན་ནང་དུ་འཛུལ་ཞུགས་ཀྱིས་གཞིས་བཞུགས་བོད་མི་ཆབ་སྲིད་ཀྱི་གོ་རྟོགས་དེ་ཙམ་མེད་པ་དང་། ལྷག་པར་དུ་ཡང་བཙན་བྱོལ་བོད་མིའི་གནས་སྟངས་སྤྱི་དང་། དེ་བཞིན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལ་སོགས་པའི་ཆབ་སྲིད་ཀྱི་མཛད་ཁུར་སྐྱོང་སྟངས་ཞིབ་ཕྲའི་གནས་ཚུལ་མི་ཤེས་མཁན་གང་མང་ཞིག་ལ་གོང་སྨོས་བཞིན་འཁྱོག་བཤད་དང་འུད་ཤོབ་ཀྱི་ལམ་ནས་མགོ་བོ་རྨོངས་སུ་འཇུག་བཞིན་པ་ཡོད་འདུག་པ་ལྟར། མི་སྣ་དེ་དག་གི་ཁྲོད་ནས་ཀྱང་ཁག་གཅིག་གིས་བཙན་བྱོལ་བོད་མའི་སྒྲིག་འཛུགས་དང་། གོང་ཞུས་གནད་ཡོད་མི་སྣ་དག་ལ་དོགས་པ་ཟ་བ་དང་། ཁོང་རྣམ་པས་དེ་སྔར་ལྷག་བསམ་དང་། ཡིད་ཆེས། རེ་བ་སོགས་ཕྱོགས་ཡོངས་ནས་བཙན་བྱོལ་སྒྲིག་འཛུགས་ལ་ཡོད་པ་དེ་དག་རྩ་མེད་དུ་གྱུར་སོང་ཞེས་བརྗོད་མཁན་ཡང་རེ་ཟུང་ཡོང་གིན་ཡོད་འདུག །

དེའི་ཕྱིར་ཁྱེད་ཅག་ལ་བོད་སྤྱི་བའི་རྩ་དོན་དང་། གཞིས་བྱེས་བོད་མིའི་མཐུན་སྒྲིལ་ལ་རེ་བ་དང་། བཅོས་མིན་གྱི་ལྷག་བསམ་ཡོད་མཁན་ཞིག་ཡིན་ཚེ། རང་སེམས་རྣལ་དུ་ཕབ་ནས་དཔྱད་བརྗོད་དང་དཔྱད་རྩོམ་སྤེལ་དགོས་པ་ལས། དེ་མིན་བརྡ་དག་གི་འགྲོ་སྟངས་ཤེས་པ་ཙམ་དང་། གནས་ཚུལ་རེ་ཟུང་ཤེས་ལ་མ་ཤེས་ལ་ཙམ་ལ་ཁེངས་རློམ་སྐྱེས་ཏེ་རང་སྣང་གང་ཤར་བགྱིས་ཚེ་མ་འོངས་པར་མགོ་ལས་རྨ་ཁ་ཆེ་བའི་གནས་སྟངས་ཤིག་འབྱུང་མི་སྲིད་པ་གང་ཡང་མིན་པས། སྐབས་དེར་ཁྱེད་ཚོ་ནི་བསུབ་ཏུ་མེད་པའི་དེབ་ཐེར་ནག་པོའི་ཐོ་གཞུང་ཞིག་གི་ནང་དུ་ལོ་རྒྱུས་ཀྱི་ཉེས་ཅན་པ་ཞིག་འདོད་མིན་ཇི་ལྟར་ཡང་ཆགས་ངེས་པ་ཡིན། །

མདོར་ན་གོང་སྨོས་དེ་དག་གི་གྲས་ནས་ཁག་གཅིག་ལ་དེ་ལྟར་འོས་འགན་ཡོད་པའང་ཡིན་སྲིད་ལ། ཁག་གཅིག་ནི་རང་ལྟ་མཆོག་འཛིན་ཆེ་དྲགས་པ་དང་། ཚོར་སྣང་གི་རྗེས་སུ་རྒྱུགས་དྲགས་པ་ཙམ་ལས་རང་ཚུགས་ཅན་གྱི་མི་བུ་ཞིག་སུ་ཡིས་འདོད། ད་དུང་ང་ཚོས་སྤྱི་ཚོགས་ནང་དུ་སྒེར་གྱི་ཤ་འཁོན་རྩོད་ཆེད་དུ་སྤྱི་པའི་རྩ་དོན་ཁ་ལ་འཁྱེར་མཁན་གྱི་མི་བུ་ཡང་མི་ཉུང་བ་ཞིག་ཡོད་པས། ང་ཚོ་ནམ་ཡང་མགོ་བོ་མ་འཁོར་བ་གནང་དགོས་པ་ཙམ་དུ་མ་ཟད། འབྲེལ་ཡོད་གཞུང་དང་སྡེ་ཚན་འདྲ་མིན་ནས་ཀྱང་མི་སྣ་འདི་དག་གི་བྱ་སྤྱོད་ལ་ཐུགས་སྣང་དང་ཡིད་གཟབ་ངེས་པར་དུ་གནང་དགོས་པར་སྣང་ངོ་།།

དངོས་མིང་འཇམ་གཅེས་ཀྱིས་སྤྱི་ལོ་༢༠༡༤/༨/༢༧ ཉིན་སྤེལ།།

བསམ་ཚུལ།

Post navigation

Previous Post: རྩོད་པ་ཅན་གྱི་རིགས་མ་བསྟེན་ན་ལེགས།
Next Post: ༸གོང་ས་མཆོག་གིས་ཡུ་རོབ་ཏུ་གནས་སྡོད་བོད་མི་རྣམས་ལ་བཀའ་སློབ་སྩལ་བ།

Comments (7) on “དཔྱད་བརྗོད་མཁན་ཚོ་ལ་སྤེལ་བའི་དཔྱད་བརྗོད།”

  1. གསེར་ས་ལེ་སྦྲམ། says:
    2014-08-26 at 10:52 am

    དངོས་གནས་རྩ་མི་ཚང་མཁན་གྱི་མི་བུ་རེ་ཟུང་གིས་སྒེར་སེམས་ཁོག་བཅིངས་ཀྱིས་བྱས་རྗེས་ཅན་གྱི་མི་སྣ་མང་བོར་གང་བྱུང་མཚན་སྨོད་དང་སྒྲོ་བསྐུར་བྱས་དང་བྱེད་མུས་སུ་ཡོད་པ་མངོན་སུམ་རེད། འདི་ཚོ་ནི་ཀླད་པའི་ནང་སྐྱག་པ་མ་གཏོགས་ཅི་ཡང་མེད་མཁན་གྱི་གྲས་ཡིན་པས་སྤྱི་ཚོགས་ཀྱི་ངོས་ནས་ཡ་མེད་དུ་གཏོང་བ་ལས་བྱ་ཐབས་གཞན་མེད། ཁོ་ཚོའི་འཁྱོག་བཤད་དང་གཞི་མེད་སྐྱོན་བརྗོད་ཀྱི་རྗེས་སུ་འབྲང་མཁན་དག་ནི་མགོ་ཚོས་ལ་མ་ཚོས་མཁན་དག་ཡིན་པས་དེ་ཚོ་ལ་དྲང་ཕྱོགས་ཀྱི་བདེན་པ་ངོ་སྤྲོད་དང་གསལ་བཤད་བློ་ཡིད་མགུ་བ་རེ་གནང་ཐུབ་ན་ཕན། དེ་མིན་འགའ་ཤས་ཀྱིས་ཆེད་དུ་འུར་སྒྲོག་དང་ངན་མཚང་ཁོ་ན་བཙལ་ཏེ་ལྡོག་ཕྱོགས་ཀྱི་གནས་ཚུལ་རྐྱང་བ་ལ་མགོ་བོ་འཁོར་ནས་འདུག་མཁན་ཡང་མང་དག་ཅིག་ཡོད། དེ་ཚོ་ཡང་རང་སོར་འཇོག་རྒྱུ་ལས་དྲང་ཕྱོགས་ལ་ཁྲིད་ནས་འོང་ཐབས་མེད།

  2. མ་ཧཱ་སུ་ཁ། says:
    2014-08-26 at 12:19 pm

    འཇམ་བཅེས་ལགས་ནས་གནད་ལ་ཁེལ་བའི་བསམ་ཚུལ་བརྗོད་འདུག མོས་མཐུན་བརྒྱ་ཆ་བརྒྱ་ཐམས་པ་ཡོད།

  3. ཀ་ཁ་ག་ང་། says:
    2014-08-26 at 2:23 pm

    མྱི་དེ་དག་ནི་བསམ་བཞིན་དུ་སྐྱེ་བ་ལེན་པའི་འདྲེ་རྒན་རེད། ཁྱེད་འདྲེ་དེ་དག་དང་འདྲེས་རྒྱུ་མང་སོང་ན་ཁྱེད་ཀྱང་དོན་མི་ཟ་བར་འདྲེ་ཉིད་དུ་འགྱུར་ངེས། དེས་ན་མྱི་དེ་དག་ལ་ཁ་ཡ་མ་བྱེད། མྱི་དེ་དག་གི་དཔྱད་གཏམ་ལ་མཆན་མ་རྒྱོབ། མྱི་དེ་དག་གི་ཅི་བྱས་ལ་བཏང་བསྙོམས་མཛོད། ༧གོང་ས་མཆོག་དང་ཟམ་གདོང་པཎ་ཆེན་རྒྱལ་ལོ། བོད་རྒྱལ་ལོ།

  4. ཡ་མ་ཚེ་རིང says:
    2014-08-26 at 3:12 pm

    བཙན་བྱོལ་བོད་མིའི་གཞུང་འདི་ཡང་དམངས་གཙོའི་སྒྲིག་འཛུགས་ཚད་ལྡན་ཞིག་ཏུ་ཁས་འཆེ་བའི་ངོས་ནས་ཞུ་ན་ནི། འགོ་སྲིད་སྐྱོང་ནས་བཟུང་སྟེ་མཇུག་མི་སེར་དཀྱུས་མ་ཡང་མ་དེ་ཚོའི་བར་སུ་ལ་སྐྱོན་དང་ནོར་འཁྲུལ་ཡོད་ན། དེ་ཐེར་འདོན་བྱེད་རྒྱུའི་ཐོབ་ཐང་ནི་ཀུན་གཅིག་གྱུར་དུ་སྤྲད་ཡོད་ལ་ཡོད་དགོས་ངེས་ཤིག་ཀྱང་རེད་སྙམ། འཇིག་རྟེན་གྱི་ཁ་དཔེར། « བཟང་པོར་བཟང་བསྟོད་མ་བྱས་ན་བཟང་པོ་ཁོ་ཆད། །ངན་པར་ངན་སྨྲས་མ་བྱས་ན་ངན་པ་ངོར་སྡང་། » ཞེས་གྲགས་པ་ལྟར། མི་བུ་དེར་ཤེས་འཇོག་དང་ལྷག་བསམ་གྱིས་ཕྱུག་པ། ལས་དོན་བྱེད་ཕྱོགས་ཀྱང་ཕྱི་གསལ་ནང་གསལ་གྱི་སྒོ་ནས་རྒྱལ་ཁབ་དང་མི་རིགས་སོགས་ལ་ཕན་བདེ་འབའ་ཞིག་སྒྲུབ་མཁན་ཞིག་ཡིན་ན། དེ་ལ་སྐབས་དང་དུས་སུ་བཟང་བསྟོད་བྱེད་དགོས་པ་མི་དེའི་དྲིན་ཁ་ལ་ཟོས་རྒྱབ་གོན་བསྡད་མཁན་ཚོའི་ངོས་ནས་གཡོལ་དུ་མེད་པའི་བཟང་སྤྱོད་ཀྱི་ལས་འགན་ཞིག་རེད་སྙམ། གལ་ཏེ་མི་བུ་དེ་དོན་དམ་པར་མཐུས་མི་ལྟ་བའི་སྤྱི་མི་ཞིག་ཡིན་ནའང་། ལྐོག་ཏུ་རང་དོན་འབའ་ཞིག་གཉེར་ཞིང་སྒེར་སེམས་ཆེ་བ། མགོ་བདེ་དྲན་འཕྲུལ། རྟག་པར་སྤྱི་ཚོགས་ལ་གནོད་པའི་ལས་རྐྱང་བྱེད་མཁན་ཞིག་ཡིན་ན། ངེས་པར་དུ་སྐྱོན་བརྗོད་བྱེད་དེ་སྤྱི་ཚོགས་ཐོག་ཏུ་གསལ་པོ་བཟོ་དགོས། དེ་ལྟར་མི་པར « མར་མེ་རླུང་གིས་གཡོས་ནའང་འཛུམ་མུལ་མུལ། །གཏོར་མ་ཁྱིས་འཁྱེར་ནའང་འཛུམ་མུལ་མུལ། » ཟེར་ལྟར་སྡོད་པ་འདི། རྒྱབ་སྐྱོར་དང་འགྲོ་སྟངས་ཤིག་ཡིན་པའི་ངེས་པ་མེད།

  5. རྟ་བདུན་དབང་བོ says:
    2014-08-26 at 4:41 pm

    བཙན་བྱོལ་འདི་དམངས་གཙོ་དངོས་གནས་ཤིག་ཆགས་རྒྱུ་ད་དུང་ལོ་མང་དགོས་ས་རེད། འགོ་སྲིད་སྐྱོང་འདེམས་སྟངས་གཅིག་པུ་ཆ་བཞག་ན་དམངས་གཙོ་དངོས་གནས་ཆགས་ཐུབ་ཀྱི་མི་འདུག འོན་ཀྱང་བཙན་བྱོལ་བ་ཚོ་ཡར་རྒྱས་སུ་ཅུང་ཞིག་འགྲོ་བཞིན་ཡོད་པ་གསལ་པོ་རེད། རིམ་གྱིས་དམངས་གཙོ་དངོས་ཤིག་ཆགས་རྒྱུ་རེད་སྙམ།།

  6. འཇམ་གཅེས། says:
    2014-08-26 at 8:37 pm

    མཆན་བཞི་པ་དང་ལྔ་པ་ཟུང་ལ་གསལ་བཤད། གོང་གི་རྩོམ་ཡིག་དེར་ཡག་པོ་གཟིགས་རོགས། འགན་ཁུར་རང་བཞིན་ལྡན་པ་དང་། འཆལ་གཏམ་དང་། དེ་ལྟར་འོས་འགན་ཡོད་སྲི། འཁྱོག་བཤད་དང་འུབ་ཤོབ་ལམ་ནས་མགོ་བོ་རྨོངས་སུ་འཇུག་པ། སེམས་ཚོར་ཙམ་དང་། ་སྒེར་གྱི་ཤ་ཁོན་སོགས་ནི་རྩོམ་ཡིག་འདིའི་བརྗོད་བྱའི་ནང་སྙིང་ངོ་མ་དག་ཡིན།

  7. དགྲ་ལྷ་ནག་པོ་ says:
    2014-08-27 at 4:47 am

    འདིར་བཞུགས་ཐམས་བཅད་ལ་བཀྲ་ཤིས་བདེ་ལེགས་ཞུ།
    དམིགས་བསལ་གཞིས་བཞུགས་བོད་སྤུན་རྣམས་ཀྱིས་མཁྱེན་དགོས་རྒྱུ་ཞིག་ལ་དེང་སྐབས་བརྡ་འཕྲིན་གློག་འཕྲིན་ཅན་དུ་གྱུར་པའི་གོ་སྐབས་དོན་དུ་གཉེར་ནས་བོད་ཕྱི་ནང་གཉིས་དཀྲུགས་མཁན་གྱི་དཔུང་སྡེ་ཞིག་ཕར་ཚུར་གཉིས་སུ་སིམ་འཛུལ་བྱས་འདུག དེ་དག་གིས་མགོ་བདེ་དྲན་འཁྲུལ་རིགས་དང་། ཆུ་ལྟ་བུའི་རང་གཤིས་འཛིན་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་རང་རིགས་ཀྱི་མངོན་འདོད་དང་འཐབ་རྩོལ། དྲང་བདེན་གྱི་རེ་འབོད་སོགས་ལ་བར་དུ་གཅོད་པ་དང་། དམངས་གཙོ་ཁ་ལ་ཁྱེར་ནས་སྤྱི་མི་ཕན་ནུས་ཅན་དང་ལྷག་འབྱོན་ཤེས་ཡོན་ཅན་རེ་ཡོད་ན་གང་མྱུར་གཞི་མེད་བསྙོན་འཛུགས་བྱེད་རྐྱང་གིས་མི་དམངས་ཀྱི་སྣང་ངོར་ཤིན་ཏུ་མི་ལེགས་པ་དང་། མི་མཛེས་པ་བཟོས་ཏེ་ནུས་པ་ཆུང་དུ་གཏོང་བ་དང་ལྷག་པར་དུ་གཞིས་བསྡོད་བོད་མི་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་བག་འཁུམས་ཅན་དུ་སྒྱུར་ཐབས་བྱེད་ཀྱི་འདུག་པས་སྤྲང་ཁྱི་རྒྱ་ཕོགས་ཅན་ཚོ་དྲ་ལམ་ཁག་ནས་འབུར་བཅོམ་བྱས་ཏེ་གཏན་དུ་བས་མཐར་སྤྱུགས་དགོས་ཀྱི་ནི་ཁ་ཚ་དགོས་གཏུགས་ཅན་གྱི་དོན་གནད་ཅིག་རེད་འདུག
    དེ་མིན་དམངས་གཙོའི་ནུས་པ་གོང་མཐོར་གཏོང་བ་དང་དམངས་གཙོའི་ཐོབ་ཐང་ལོངས་སུ་སྤྱོད་དགོས་ཟེར་བ་དེ་དམངས་གཙོའི་ཁྲིམས་སྒྲིག་ཁག་ལ་གཞི་བཅོལ་ནས་གོ་རིམ་ཡོད་པ་དང་། སྒྲིག་སྲོལ་ཡོད་པ། མི་དམངས་ཀྱི་འཐུས་མི་སོགས་བརྒྱུད་ནས་ད་གཟོད་བསམ་ཚུལ་དང་རེ་བ་དེ་བཞིན་དུ་སྐྱོན་བརྗོད་སོགས་ཀྱང་བྱས་ཆོག་པ་ཞིག་རེད་མོད། དྲ་ལམ་ནས་ཁྱི་སྐད་བརྒྱག་པ་དེ་རིགས་དམིགས་ཡུལ་གཞན་ཞིག་གི་ཆེད་ཡིན་པ་གསལ་བོ་ཆགས་ཡོད་པ་ལས་དམངས་གཙོའི་ཆེད་དུ་ནི་ག་ལ་ཡིན། མིན་ནོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme