Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་དམག་ཟུར་ཁོ་རཀ་ཀི་ནང་བསྟན་ལ་ཞུགས་པའི་བརྒྱུད་རིམ།

Posted on 2014-08-252014-08-25 By ཁ་བརྡ་ 24 Comments on ཨ་རིའི་དམག་ཟུར་ཁོ་རཀ་ཀི་ནང་བསྟན་ལ་ཞུགས་པའི་བརྒྱུད་རིམ།

བོད་བསྒྱུར་བྱེད་མཁན། མི་གསོན་པོ།

ངས་མི་ཚེ་ནང་དུ་ནམ་ཡང་བརྗེད་མི་ཐུབ་པའི་གནས་ཚུལ་ཞིག་གིས་ང་འདི་ལྟར་ནང་བསྟན་ཆོས་ལུགས་སུ་འཛུལ་ཞུགས་བྱས་ཡིན། ནང་བསྟན་ཆོས་ལུགས་ནི་ད་ལྟར་ངའི་ཡོད་ཚད་ཡིན་ཞེས་བཤད་ཆོག་ལ་གཏིང་ཟབ་པའི་ནང་ཆོས་ཀྱི་འགྲེལ་བཤད་རེ་རེས་ངས་སེམས་ཀྱི་གནས་ལུགས་ནི་བདེ་སྐྱིད་ཀྱི་སྙིང་པོ་ངོ་མ་དེ་ཡིན་པའི་གོ་རྟོགས་བརྙེས་སོང་།=—=
དེ་ཡང་སྤྱི་ལོ་༡༩༦༧ ཟླ་བ༧ ཚེས་ཉིན་དྲུག་ཉིན། དམག་འཐབ་ལ་གོམས་འདྲིས་དེ་ཙམ་མེད་པའི་ཁོ་བོ་[vietnam]ཝེ་ཏྲེ་ནམ་དུ་འབྱོར་ནས་ལོ་གཅིག་ལྷག་ཙམ་སོང་ཡང་དངོས་སུ་མི་གསོད་ཁྲག་སྦྱོར་བྱེད་པའི་བྱ་སྤྱོད་ནང་དུ་ཞུགས་དགོས་བྱུང་མ་སོང་ལ། དྲག་མཚོན་བེད་སྤྱོད་བྱས་ནས་འཇབ་རྒོལ་བ་བསད་པའི་སྡིག་ཉེས་ཀྱང་ཁུར་དགོས་བྱུང་མེད། འོན་ཏེ་ཉིན་འདིའི་སྔ་ནུབ་ནས་དམག་དཔོན་གྱིས་གསང་ཉུལ་བ་བརྒྱུད་ནས་ཤེས་རྟོགས་བྱུང་བར་ཁོ་བོ་ཅག་གནས་པའི་ནགས་ཚལ་ཁྲོད་དུ་གཅན་སྤྱང་ལྟ་བུའི་འཇབ་དམག་བརྒྱ་ཕྲག་ཁ་ཤས་ཀྱིས་རྒོལ་བརྡུང་གཏོང་འཆར་ཡོད་ངེས་བརྟེན་གཟབ་དགོས་པའི་བཀོད་ཁྱབ་དང་དམག་སྒར་འདི་ཉིད་དམག་སྒར་ཨ་མ་ལ་ཟླ་སྒྲིལ་བྱེད་རྒྱུའི་ཆབ་བསྒྲགས་ཀྱང་གནང་སོང་།

ཁོ་བོ་ཆུང་དུས་ནས་ཤིང་ནགས་ཀྱི་ཚལ་དུ་འགྲིམ་རྒྱུར་དགའ་ཞེན་ཡོད་སྟབས་གནས་འདི་ཉིད་རང་གི་སེམས་ཁམས་དགའ་ཕྱོགས་དང་མཐུན་པས་ཁ་བྲལ་དགོས་པར་སྐྱོ་སེམས་ཅུང་ཙམ་སྐྱེས་སོང་། གང་ལྟར་ཉིན་འདིར་དམིགས་བསལ་གྱི་གནས་ཚུལ་གང་ཡང་མ་བྱུང་བས་གུང་ཟས་རོལ་ཚར་བ་མཉམ་དུ་ཁོ་བོ་དམག་སྒར་འཁྲིས་ཀྱི་ལམ་ཆུང་བརྒྱུད་ལུས་སྦྱོང་ལྟ་བུའི་འཁྱམ་བསྐྱོད་དུ་ཕྱིན། གློ་བུར་དུ་རང་གི་མིག་སྔར་དུད་ནག་གི་ཕུང་པོ་ལོང་གི་འཕྱུར་བའི་ཁྲོད་འཇའ་ཚོན་ལྟ་བུའི་ཁ་དོག་སྣ་ཚོགས་མཐོང་སྣང་དུ་འཆར་བ་ལྷན་ང་རང་བར་སྣང་དུ་ལྡིང་སོང་།
སྐབས་དེར་ངའི་དུས་གསུམ་གྱི་རྣམ་རྟོག་ཇི་སྙེད་ཐོལ་གྱིས་འགག་སྟེ་སེམས་གསལ་ལྷང་ངེ་འཇིགས་སྐྲག་དང་ཞེད་སྣང་མེད་པ། ན་ཚ་དང་ཟུག་རྔུ་མེད་པ། འདི་ཡིན་དང་འདི་མིན་ལས་བྲལ་བ། གསལ་ལྷང་ངེ་། བདེ་ལྷམ་མེ་ངང་ས་ལ་བརྡབ་སོང་།

ས་ལ་བརྡབ་པའི་སྐབས་སུའང་གཟུགས་ཁམས་ལ་ན་ཟུག་དང་རྡུང་རྡེག་མེད་པ་མ་ཟད་རྣམ་རྟོག་འདི་ཞེས་ངོས་བཟུང་མེད་ཀྱང་སེམས་གསལ་ལྷང་ངེ་བའི་རྒྱུན་མ་འགག་པ་ཉིད་དུ་འདུག དེ་ནས་དམག་མི་གཞན་གྱིས་ངའི་མིང་ནས་འབོད་པ་གོ་བྱུང་ལ་ཁོང་ཅག་གིས་ང་ཁུར་ནས་འགྲོ་བ་ཡང་ཚོར་བཞིན་འདུག དེ་ནི་ཨ་རིའི་གསང་དམག་ཕན་ཚུན་བརྡ་འཕྲིན་བསྐྱེལ་ནོར་ཤོར་ནས་ང་ཚོ་བསུ་བར་ཡོང་མཁན་གྱི་དམག་མིས་ང་ཚོ་ཝེ་ཏྲི་ནམ་འཇབ་དམག་ཏུ་འཁྲུལ་ནས་སྒྱོགས་མདེལ་རྒྱབ་པ་རེད་ཟེར། ངའི་རྒྱུ་མ་སོགས་ནང་ཆ་མང་པོ་ལ་མདའ་རྨས་བྱུང་སྟེ་མདེའུ་དང་རྫས་རིགས་གཞན་མང་པོ་ལྟོ་བ་ནང་ནས་ལེན་དགོས་པ་བྱུང་འདུག འོན་ཏེ་སྨན་པའི་ལག་རྩལ་དང་སྨན་དཔྱད་ཀྱི་བཀའ་དྲིན་ལ་བརྟེན་ནས་ཚེ་སྲོག་དྲོན་མོ་འཇིག་རྟེན་ནས་ཁ་བྲལ་དགོས་མ་ཐུག་པར་ནང་ཆོས་ཉམས་ལེན་བྱེད་རྒྱུའི་ལས་འཕྲོ་མཐུད་བྱུང་།
ཁོ་བོ་སྨན་ཁང་དུ་ཟླ་བ་གཉིས་བསྡད་ཡུན་རིང་ཉིན་དེར་བྱུང་བའི་གནས་ཚུལ་དང་སྐབས་དེའི་སེམས་ཁམས་ལ་བསམ་གཞིག་ཡང་ཡང་བྱེད་དགོས་བྱུང་ལ་ངས་སེམས་འདི་ལ་ཐུན་མིན་གྱི་གསང་བ་ཞིག་གམ་རྒྱ་ཆེ་ལ་གཏིང་ཟབ་པའི་གོ་དོན་གཞན་ཞིག་ཡོད་པའི་ཡིད་ཆེས་བརྙེས། ད་དུང་ཉིན་དེའི་སེམས་ཀྱི་རྣམ་པ་ཞི་བ་དང་བདེ་བའི་རང་བཞིན། འཇིགས་སྐྲག་དང་བག་ཚ་མེད་པའི་གནས་སྟངས་དེ་སླར་ཡང་ཐོབ་རྒྱུའི་རེ་འདུན་ཆེ་ཞིང་དེའི་ཐབས་ལམ་འཚོལ་རྒྱུའི་བརྟག་ཞིབ་བྱས།

རྒྱུ་མཚན་དེས་སེམས་ཁམས་རིག་པ་དང་འབྲེལ་བའི་དེབ་མང་པོ་བལྟ་ཀློག་བྱས་པས་དེ་དང་ཆ་འདྲ་བའི་ཉམས་མྱོང་བཤད་པའི་སྒོམ་རིམ་སྐོར་གྱི་དཔེ་དེབ་ཁ་ཤས་ལ་དོ་སྣང་བྱུང་། ད་དུང་ཡེ་ཤུ་དང་། ཧིན་དྷུ། རྫེན་སོགས་ཀྱི་སློབ་དཔོན་ཁ་ཤས་བསྟེན་པ་དང་དེ་དག་གིས་བསླབ་པའི་སྒོམ་རིམ་དག་ལ་འབད་བརྩོན་བྱས། ཁྱད་པར་དུ་ལྷོ་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སློབ་དཔོན་ཆེན་མོ་རྒྱ་གར་བ་གྷོ་ཨེན་ཀ་[Goenka]ལ་བསྟེན་ནས་ཞི་གནས་ཀྱི་སྒོམ་རིམ་དག་ལ་འབད་བརྩོན་བྱས་པས་ཕན་ཐོགས་ཆེན་པོ་བྱུང་།
འོན་ཏེ་སྔོན་གྱི་སེམས་གསལ་ལ་རྟོག་མེད་ཀྱི་རྣམ་པ་དེ་ཇི་བཞིན་རྒྱུད་ལ་སྐྱེས་ཐུབ་པ་ཞིག་མ་བྱུང་། ལོ་ངོ་མང་པོ་འདས་ཟིན་པའི་ཉིན་ཞིག་སྟབས་ལེགས་བརྟས་དབང་གིས་དྲ་ཐོག་ནས་མི་འགྱུར་རིན་པོ་ཆེའི་དེབ་༼དགའ་བའི་འཚོ་བ༽་ཞེས་པ་Joy of living དེ་མཐོང་བས་ཕབ་ལེན་བྱས་ནས་ཀློག་པ་ཡིན། དེབ་དེ་ཀློབ་ཀྱིན་སེམས་ཚོར་ལ་བརྗོད་མི་ཤེས་པའི་ཚོར་སྣང་ཞིག་གིས་ཀློག་འཚམས་འཇོག་རྒྱུ་ལའང་དཀའ་ངལ་བྱུང་ནས་ཉིན་གཅིག་དང་ཕྱེད་ཀྱིས་དེབ་འཐུག་པོ་དེ་ཀློག་ཚར་བ་བྱས་ཡིན།

དགའ་བའི་འཚོ་བ་ཀློག་ཟིན་རྗེས་ངས་ངེས་པར་དུ་ཁོང་མཇལ་རྒྱུའི་རེ་སེམས་བཅང་ནས་དྲ་ཐོག་ནས་ཁོང་གི་གནས་ཚུལ་འཚོལ་སྒྲུབ་བྱས་ཏེ་༢༠༠༩ལོར་ཁོང་དང་མཇལ་བའི་སྐལ་བཟང་གི་གོ་སྐབས་ཐོབ། ཁོང་གི་བཀའ་ཆོས་ཚིག་འབྲུ་རེ་རེ་ང་བལྟོས་ན་ཟད་མི་ཤེས་པའི་དགའ་བདེ་སྦྱིན་པའི་སྨན་མཆོག་སྟེ་སེམས་ཁམས་ལ་ཡོད་པའི་དཀའ་ངལ་མང་པོ་ཞིག་རང་བཞིན་གྱིས་སེལ་སོང་། སྐྱེ་དགའ་ན་འཆི་དྭང་དུ་ལེན་ནས་གྲོགས་སུ་ཁྱེར་ཚུལ། རྣམ་རྟོག་ཉོན་མོང་ལམ་དུ་བྱེད་ནས་ཉམས་སུ་ལེན་ཚུལ། བྱམས་དང་སྙིང་རྗེ་སེམས་ནས་སྒོམ་ཏེ་གཞན་ཕན་བསྒྲུབ་ཚུལ་སོགས་ཁོང་གི་ཉིན་བདུན་གྱི་བཀའ་ཆོས་དེ་ཁོ་བོར་བལྟོས་ན་ཇ་ཡུན་གཅིག་གི་དུས་ཚོད་ལས་སོང་མེད་པའི་ཚོར་སྣང་བྱུང་།

ད་དུང་ནུབ་ཕྱོགས་ཀྱི་སྐྱེ་བོ་དག་གིས་སེམས་ཁམས་སུ་རང་བཞིན་གྱི་འཕྲད་པའི་དཀའ་ངལ་ཏེ། ཡིད་མུག་གི་ན་ཟུག སྙིང་རླུང་གི་སྨྱོ་འཚབ། ཚོར་སེམས་ཀྱི་དགྲ་ལྡང་། རླུང་ཁམས་ཀྱི་འབྱུང་འཁྲུག་སོགས་ལ་ཆེད་དུ་གདམས་པའི་ཞི་གནས་ཀྱི་སྒོམ་རིམ་རེ་རེས་ཞི་བདེའི་ངལ་གསོ་སྦྱིན་སོང་། དེ་ལྟར་ཞི་གནས་དང་། བྱམས་པ། སྙིང་རྗེ་སོགས་ཀྱི་སྒོམ་རིམ་ལ་ཉམས་ལེན་ཡག་པོ་བྱས་ན་ལོ་རྗེས་མ་ཁོང་གིས་སེམས་ཀྱི་གནས་ལུགས་ངོ་སྤྲོད་པའི་ཞལ་བཞེས་ཐོབ་པ་ལྟར། ངས་འབད་བརྩོན་ཆེན་པོས་ཁོང་གིས་བསྩལ་བའི་ནང་སྦྱོང་ཡོངས་རྫོགས་འགྲུབ་པར་བྱས་ཏེ་རེ་སྒུག་བྱས་པ་ལྟར་༢༠༡༠ ཁོང་གི་ཞལ་སློབ་སྟེ་གཏེར་སྒར་གྱི་སློབ་ཚོགས་རྣམས་ལྷན་འཛོམས་ཀྱིས་སན་ལྗོན་སི་གཙུག་ལག་སློབ་གྲྭ་རུ་ཟླ་བ་གཅིག་གི་རིང་དུ་དབྱར་མཚམས་སྒོམ་སྒྲུབ་སྐབས། རིན་པོ་ཆེས་ཉིན་ལྟར་ཆོས་ཐུན་གཉིས་རེ་སྒོམ་ཐུན་དྲུག་རེ་མཛད་དེ་ཕྱག་རྫོགས་ངོ་སྤྲོད་ཀྱི་སྐབས་སུ་གནས་ལུགས་ཀྱི་སེམས་ཀྱི་ངོ་བོ་རང་སེམས་རྗེན་པ་རུ་མན་ངག་གིས་ངོ་སྤྲད་ནས་ཁོ་བོའི་སྔར་གྱི་རང་སེམས་གསལ་ལ་རྟོག་མེད་དེ་ཉིད་བཅས་བཅོས་དགག་སྒྲུབ་དང་བྲལ་བ་རང་བཞིན་ངོས་ཟིན་པ་བྱུང་བའི་བཀའ་དྲིན་དང་ཐུགས་རྗེ་ནི་ཚིག་གི་ལམ་ནས་བརྗོད་པ་དཀའ་འོ།། །།

འགྱུར་རྩོམ།

Post navigation

Previous Post: ཁྱད་དུ་འཕགས་པའི་བུད་མེད་ཀྱི་ལོ་རྒྱུས། ཡ་མཚན་དངོས་བྱུང་གི་དཔང་རྟགས་གསོན་པོ།
Next Post: དུས་རབས་ཀྱི་ཉེན་བརྡ། དང་པོ།

Comments (24) on “ཨ་རིའི་དམག་ཟུར་ཁོ་རཀ་ཀི་ནང་བསྟན་ལ་ཞུགས་པའི་བརྒྱུད་རིམ།”

  1. རྟ་བདུན་དབང་བོ says:
    2014-08-25 at 1:47 am

    སྒྲུང་སྙན་མོ་བྱུང་། དམག་མི་དེས་རང་སེམས་རྗེན་པའི་ངོ་བོ་མཐོང་ཡོད་ས་རེད། །

  2. གསེར་ས་ལེ་སྦྲམ། says:
    2014-08-25 at 2:12 am

    མི་འགྱུར་རིན་པོ་ཆེ་ཟེར་བ་ཁོང་སུ་རེད། ད་སྐབས་གང་དུ་བཞུགས་ཡོད་དམ།

  3. དགའ་སྐུ་ says:
    2014-08-25 at 2:55 am

    མི་འགྱུར་རིན་པོ་ཆེ་མཆོག་ནི་སྤྲུལ་སྐུ་ཨོ་རྒྱན་གྱི་སྲས་ཞིག་སྟེ་དགུང་ལོ་ཞེ་གྲངས་ཞིག་རེད། ལོ་གཉིས་ཙམ་སྔོན་ཁོང་སྐུ་རྐྱང་གནས་མེད་ངེས་མེད་ལ་ཕེབས་ནས་སྒོམ་སྒྲུབ་གནང་བཞིན་བཞུགས་ཡོད་ཟླ་འགའ་ཤས་སྔོན་བལ་པོ་ཡུལ་གྱི་རི་ཁྲོད་དབེན་ནས་ལ་བཞུགས་པ་གཅིག་གི་མཇལ་བས་སྐུ་སྤར་འདུག །ད་དུང་གནས་ངེད་མེད་ལ་བཞུགས་ཡོད་རེད་ལགས།

  4. གསེར་ས་ལེ་སྦྲམ། says:
    2014-08-25 at 3:41 am

    དགའ་སྐུ་ལགས་ཀྱིས་ལན་གནང་བར་བཀའ་དྲིན་ཆེ།

  5. ཀརྡོ་གཉེར་ཕྱག་པ་ says:
    2014-08-25 at 9:45 am

    The joy of living.ཕྱག་དེབ་སྐོར།
    https://www.youtube.com/watch?v=HMP8Kf3bA1s

  6. ནུབ་ཕྱོགས་གངས་ཕྲུག says:
    2014-08-25 at 3:20 pm

    ཕྱི་རྒྱལ་ལ་ཆོས་གསུངས་དགོས་ན་། བཀའ་རྙིང་བླ་མ་རྣམས་ཀྱི་ཉམས་ལེན་གྱི་ཚུལ་དུ་གསུངས་པ་དེས་ནུབ་ཕྱོགས་པ་མང་པོས་སེམས་ཁམས་འཕྲོགས་འདུག ཡིན་ནའང་རི་བོ་དགེ་ལྡན་པའི་བླ་མ་༧ གོང་ས་མཆོག་གོང་དུ་ཕུད། དེ་མིན་ཞིང་བཤེགས་བླ་མ་་ཡེ་ཤེས་དང་བླ་མ་བཟོད་པ་ལས་གཞན་པས། དགེ་བཤེས་རྣམས་ཀྱིས་ཆོས་གསུངས་སྟངས་ལ་དེ་ཙམ་ནུབ་ཕྱོགས་པ་རྣམ་ས་ཀྱི་སེམས་ཁམས་འགུག་ཐུབ་མི་འདུག རྒྱུ་མཚན་ནི་ཁོང་ཚོ་མང་ཆེ་བ་རིགས་ལམ་གཙོ་བོར་བྱས་ནས་དཔེ་ཆ་འཁྲིད་པ་དཔེར་ན་དགེ་ལྡན་པའི་གདན་ས་ཁག་གི་སློབ་འཁྲིད་བཞིན་བྱེད་པ་དང་། སེམས་ཐོག་ཉམས་ལེན་གྱི་ཚུལ་དུ་མ་བསྒྲིལ་བར་Academic ལྟ་བུར་བྱས་ནས་དཔེ་ཆ་འཁྲིད་པ། གདུལ་བྱ་ནུབ་ཕྱོགས་པ་རྣམས་་སེམས་ཀྱི་དཀའ་ངལ་ཡོད་བཞིན་དུ་དེའི་ཐོག་ལ་སྡུག་བདེན་གཙོར་བཏོན་བྱས་ནས་གསུངས་ཆོས་གནང་བ། དེ་ཚོ་ང་རང་གི་བསམ་ཚུལ་ཡིན།

  7. རྟ་བདུན་དབང་བོ says:
    2014-08-25 at 5:25 pm

    གངས་ཕྲུག་ལགས་ཀྱིས་གསུངས་པ་ལ་རྒྱུ་མཚན་འདུག བཀའ་བརྒྱུད་དང་རྙིང་མ་བ་དང་བོན་པོ་ཚོས་ལྟ་བ་མཐོ་བསྙེགས་བྱེད་པ་ལ་དགའ་བ་བཞིན། མགོ་སེར་ཚོའང་ལྟ་བ་མཐོ་བསྙེགས་ལ་དགའ་བོ་ཡོད་པས་རེད། དེ་མིན་དགེ་ལུགས་པའི་ལམ་རིམ་དང་བྱམས་སྙིང་རྗེའི་ལས་ལྷག་ཅིག་ཅི་ཞིག་དགོས། ཡིན་ནའང་ལྟ་བ་མཐོ་བསྙེགས་པ་ཚོས་དངོས་གནས་སེམས་ཀྱི་གནས་ལུགས་ཤིག་རྟོགས་ཡོད་ན་ནི་དེ་ལས་ལྷག་ཅིག་ཅི་དགོས། །

  8. མྱི་དཀར། says:
    2014-08-25 at 8:17 pm

    དགེ་ལུགས་པའི་ལྟ་བ་རང་བཞིན་སྤྲོས་བྲལ་རྟོགས་པ་ལ་ཚུལ་གསུམ་ཡག་པོ་ཤེས་དགོས་པ་གལ་ཆེ་བས། ཕྱི་རྒྱལ་བ་ཚུལ་གསུམ་མི་ཤེས་མཁན་ཚོས་དགའ་པོ་བྱེད་མི་སྲིད་དོ།། འདི་འདྲ་ཨེ་རེད། དྲ་གྲོགས་ཚོ།

  9. དོན་འགྲུབ། says:
    2014-08-26 at 3:50 am

    ལས་འཕྲོ་ཅན་གྱི་བླ་མ་དང་མཇལ་ན་ས་དགེ་བཀའ་སྙིང་གི་བླ་མ་སུ་ཡིན་ཡང་ཕན་ཐོག་ཡོང་ངེས་རེད། དེ་མིན་ན་སངས་རྒྱས་ཐུགས་རྗེ་ཅན་གྱིས་ཡང་འདུལ་མ་ཐུབ་པ་མང་ནི་རེད།

  10. འཇམ་གཅེས། says:
    2014-08-26 at 3:50 am

    བསྒྱུར་རྩོམ་འདི་འདྲའི་རིགས་མང་ཙམ་སྤེལ་ཐུབ་ན་ཡག་ངོ་མ་ཡག་པོ་འདུག བསྒྱུར་བ་པོ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  11. ལུང་རྟོགས། says:
    2014-08-26 at 11:07 am

    གངལྟར་འཆད་པའི་རྩལ་ནི་བཀའ་རྙིང་གི་བླ་མ་ཚོ་ཆེ་བ་དང་། རྩོད་པའི་རྩལ་ནི་དགེ་ལྡན་བླ་མ་ཚོ་ཆེ་བ་དངོས་བདེན་རེད།

  12. ཏི་སི། says:
    2014-08-26 at 9:44 pm

    འདི་གནས་ཚུལ་ངས་ཡུད་ཆེས་དེ་ཙམ་ནེད། སྤྱིར་བཏང་མུ་འགྱུར་རུན་པོ་ཆེ་དེབ་སྙན་གྲགས་ཡིད་པ་འངྲ་དེ་ལ་བསྔགས་བརྗོད་ཡོད། འོན་ཏེ་ཨ་རི་དམག་ཟུར་དེ་མི་ལོ་མང་པོ་ཞིག་ནང་བསྟན་དེབ་གཞན་མ་རག ཁོ་རང་བྲག་ཕུག་ནང་འཛུལ་བསྡད་ཡོད་ལེ་ཆེ། ཡང་ན་ཁོས་གོང་ས་མཆོག་གི་གསུངས་དེབ་དང་། བསོད་རྒྱལ་གྱི་དེབ་དང་། གདུང་སྲས་འཕྲིན་ལས་ནོར་བུ་སོགས་དེབ་སོགས་ཀྱིས་བ་སྤུ་ཁུང་བུ་ཙམ་ཕན་མ་ཐོག་པ་ཡིན་པ་འདྲ། ཧཧཧཧཧ། རང་གི་བླ་མ་བསྟོད་ན་བརྫུན་གཏམ་གོང་འོག་ལོ་ཚེགས་བང་བསྒྲིགས་ན་ཡག་ མི་འགྱུར་དེབ་དེ་ཐོན་ནས་ལོ་བརྒྱད་ཡས་མས་ཙམ་རེད། ཨིན་ཇི་རྒས་པོ་ད་ལྟ་ཡང་དེབ་ལས་མེད་ཡིན་པ་འདྲ།

  13. ཏི་སི། says:
    2014-08-26 at 9:45 pm

    འདི་གནས་ཚུལ་དེར་ངས་ཡིད་ཆེས་དེ་ཙམ་མེད། སྤྱིར་བཏང་མི་འགྱུར་རིན་པོ་ཆེ་དེབ་སྙན་གྲགས་ཡོད་པ་འངྲ་དེ་ལ་བསྔགས་བརྗོད་ཡོད། འོན་ཏེ་ཨ་རི་དམག་ཟུར་དེ་མི་ལོ་མང་པོ་ཞིག་ནང་བསྟན་དེབ་གཞན་མ་རག ཁོ་རང་བྲག་ཕུག་ནང་འཛུལ་བསྡད་ཡོད་ལེ་ཆེ། ཡང་ན་ཁོས་གོང་ས་མཆོག་གི་གསུངས་དེབ་དང་། བསོད་རྒྱལ་གྱི་དེབ་དང་། གདུང་སྲས་འཕྲིན་ལས་ནོར་བུ་སོགས་དེབ་སོགས་ཀྱིས་བ་སྤུ་ཁུང་བུ་ཙམ་ཕན་མ་ཐོག་པ་ཡིན་པ་འདྲ། ཧཧཧཧཧ། རང་གི་བླ་མ་བསྟོད་ན་བརྫུན་གཏམ་གོང་འོག་ལོ་ཚེགས་བང་བསྒྲིགས་ན་ཡག་ མི་འགྱུར་དེབ་དེ་ཐོན་ནས་ལོ་བརྒྱད་ཡས་མས་ཙམ་རེད། ཨིན་ཇི་རྒས་པོ་ད་ལྟ་ཡང་དེབ་དེ་ལས་མ་མཐོང་བ་ཡིན་པ་འདྲ།

  14. གཙན་ནག་པ། says:
    2014-08-27 at 12:57 am

    མི་འགྱུར་རིན་པོ་ཆེའི་ཡབ་ནི་སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ་རེད། ཁོང་ལ་བུ་བཞི་བྱུང་བས་ཚང་མ་སྤྲུལ་སྐུ་རེད་། བུ་གཅིག་དགེ་སློང་རེད། གཞན་གསུམ་ནི་བདག་མོ་བཞེས་ཡོད་ཟེར་ཁོང་ཚོར་འཁྲུངས་བའི་བུ་ཚང་མ་སྤྲུལ་སྐུ་མིན་པ་གཅིག་ཀྱང་མེད། འདོར་ན་ད་ཆ་སྤྲུལ་སྐུའི་ཁྱིམ་ཚང་ཆེ་ཤེས་དེ་ཡིན་བལ་ཡུལ་ནང་བཀའ་རྙིང་དགོན་པ་ཟེར་བ་ཞིག་ཡོད་དེ་ཁོང་ཚོའི་ཁྱིམ་ཚང་ཡིན།

  15. ཨ་ཕྱི་ཆོས་སྒྲོན says:
    2014-08-27 at 3:19 am

    གཏམ་འདི་བདེན་པ་རེད།དེང་དུས་འཛམ་གླིང་ཤར་ནུབ་ན་གྲགས་ཆེ་ཤོས་དེ་མི་འགྱུར་རིན་པོ་ཆེ་དང་ཨ་ནེ་ཆོས་དབྱངས་སྒྲོལ་མ་རེད། དེའི་ཡབ་ནི་སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ་རེད། ཁོང་ལ་བུ་ལྔ་དང་བུ་མོ་གསུམ་ལས།།རྙིང་མ་མཆོག་གླིང་དང། ས་སྐྱའི་འཕགས་མཆོག བཀའ་བརྒྱུད་པའི་ཚོགས་གཉིས། གཏེར་སྟོན་མི་འགྱུར་དང། འབྲི་གུང་ཆོས་ཉི་མ་སྟེ་ཚང་མ་སྤྲུལ་སྐུ་དང་་བུ་མོ་ཨ་ནེ་ཆོས་དབྱངས་དང། སྒྲོལ་མ་འཚོ་དང། ལྷག་སྒྲོན་ཡང་ཤེས་འབྱོན་གཉིས་པ་ཅན་རེད། ད་ཐེངས་མི་འགྱུར་ལོ་གཉིས་མཚམས་བསྡད་པ་ཡིན་གསུངས་པ་ཡང་བཟང་ཆ་མང་ཡ། སྔོན་མ་འཕགས་མཆོག་སྤྲུལ་སྐུ་ཚང་ལོ་གཉིས་མཚམས་བསྡད་པ་ཡིན་བཤད་ནས་ནམ་མཁའ་དྲི་མེད་ཚང་གི་མག་པ་བསྡད་ནས་སྤྲུལ་སྐུ་གཉིས་འཁྲུངས་པ་རེད། ས་སྐྱ་ཚང་དང་འདི་ཚོ་བོད་ལ་རིགས་རྒྱུད་དང་ཆོས་བརྒྱུད་སྤེལ་བ་ལ་བཀའ་དྲིན་ཆེན་པོ་རེད་ཀོ།

  16. རྟ་བདུན་དབང་བོ says:
    2014-08-27 at 4:03 am

    ཨ་ཕྱི་ལགས་ཀྱིས་ཅུང་ཟད་ཅིག་གསལ་བོ་བྱས་སོང་། ཨ་ཕྱི་འདི་གང་ལའང་རྒྱུས་ཡོད་མཁན་ཞིག་རེད་འདུག ཐུགས་རྗེ་ཆེ།།

  17. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-27 at 5:03 am

    སྒྱུར་བ་པོ། གསོན་པོ་མཆོག་གིས་ལེགས་པར་བསྒྱུར་པར་དགའ་བ་ཆེ། སྐབས་འགར་ཡི་གེའི་དག་ཆ་ལ་ཐུགས་སྣང་དགོས་པར་མཐོང་། དཔེར་ན། “སྐྱེ་དགའ་ན་འཆི་དྭང་དུ་ལེན་ནས་གྲོགས་སུ་ཁྱེར་ཚུལ།” ཞེས་པར། སྐྱེ་རྒ་ན་འཆི་དང་དུ་བླངས་ནས་གྲོགས་སུ་ཁྱེར་ཚུལ། ཞེས་དགོས། དེ་ཡང་ལ་དྭགས་པ། ངའི་ལུང་པའི་ཁ་སྐད་དུ། དགའ་དང་རྒ་གཉིས་ལ་འབོད་ཚུལ་ཁྱད་པར་མེད། སྒྲ་གཉིས་ཀ ར་མགོ་ཡོད་པ་ཞིག་ཏུ་འབོད། ད་སྔོན་འཇུག་དེ་ཉིད་རེས་འགར་ས་དང་། རེས་འགར་ར་རུ་འབོད་པར་ཤེས། ཁོ་བོའི་བསམ་པ་ལ། སྨིག་རྒྱུའི་ས་མགོ་དེ་ཡང་། ད་ཡང་འཇུག་དེ་ས་རུ་འབོད་པ་ལས་བྱུང་། དེ་བཞིན་དུ། ས་འབྲི་དགོས་པ་ལས། ད་བྲིས་ཏེ། ཡི་གེ་དཔར་། ཞེས་པ་ལྟ་བུའོ།
    ་
    ཇི་སྐད་དུ། པཎ་ཆེན་ས་བཟང་མ་ཏིས།
    ་
    ལེགས་པ་བས་ཀྱང་མགྱོགས་པ་གཙོ།
    མགྱོགས་པ་བས་ཀྱང་སྙོམས་པ་གཙོ།
    སྙོམས་པ་བས་ཀྱང་དག་པ་གཙོ།
    དེས་ན་དག་པ་གཙོ་བ་ཡིན།།
    ་
    ཞེས་སོ།

  18. ཀརྡོ་གཉེར་ཕྱག་པ་ says:
    2014-08-27 at 12:59 pm

    བླ་མ་འགྱུར་མེད་སྐད་གྲགས་ཆ་ེན་ཡང་། །
    བོད་ལ་ཕན་པའི་ཚིག་གཅིག་གོ་མ་བྱུང་། །
    ཨ་ནི་ཆོས་དབྱངས་གསུང་སྐད་སྙན་ན་ཡང་། །
    བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་གི་མགྲོན། །

  19. རྟ་བདུན་དབང་བོ says:
    2014-08-27 at 4:41 pm

    གང་ལྟར་གཞན་ལ་ཕན་ན་དེ་གས་འཐུས། གཞན་དེ་ངེས་པར་དུ་བོད་པ་ཡིན་ག་ལ་དགོས། ཀརྡོ་ལགས། །

  20. ནུབ་ཕྱོགས་གངས་ཕྲུག says:
    2014-08-27 at 5:20 pm

    རྟ་བདུན་དབང་པོས་གསུངས་པ་བདེན།

  21. མི་གསོན་པོ says:
    2014-08-27 at 8:19 pm

    དགེན་ལ་དྭགས་པ་དག་བཅོས་གནང་བར་བཀའ་དྲིན་ཆེ།

  22. མི་གསོན་པོ says:
    2014-08-27 at 8:30 pm

    དྲ་གྲོགས་མང་པོས་དགོངས་ཚུལ་གསུངས་པར་དགའ་ཡོད། འོན་ཏེ་ངས་བྲིས་པ་དེ་དག་དོ་བདག་ཁོ་་རང་གིས་གང་བཤད་པ་དེ་ལས་བསྒྱུར་བཅོས་བྱས་མེད་ལ། གནད་དོན་འདི་ཙམ་གྱིས་མི་འགྱུར་རིན་པོ་ཆེའི་མཚན་སྙན་གོང་མཐོ་བཏང་ཐུབ་པའི་ཡིད་ཆེས་ཀྱང་བྱས་མེད། ད་དུང་མི་འགྱུར་རིན་པོ་ཆེ་བཟང་ངན་གང་ཞིག་ཡིན་མིན་དང་བོད་ལ་ཕན་ཐོགས་ཡོད་མེད་སོགས་ངས་འགྲེལ་བཤད་གསར་པ་གང་ཡང་བྱེད་འདོད་མེད། སྤྱིར་བཏང་ཁོང་ཆོས་ཉམས་ལེན་བྱེན་མཁན་ཞིག་ཡིན་པར་མ་ཟད་སྒོམ་སྒྲུབ་ཀྱི་གྲུབ་འབྲས་ཐོག་ནས་དངོས་ཁམས་ཚན་རིག་པས་ཀྱང་ཁོང་གི་ཀླད་ཁམས་ཀྱི་འགྱུར་རླབས་ཐད་དུ་ངོ་མཚར་སྐྱེས་དགོས་བྱུང་བའི་ཚུལ། ཚེ་སྲོག་ཚན་རིག་གི་སློབ་དཔོན་དང་འགན་འཛིན་རི་ཆར་སྦྲི་ཝི་སོགས་ལ་དྲིས་དང་ཤེས་རེད།

  23. མི་གསོན་པོ says:
    2014-08-27 at 8:32 pm

    དྲ་གྲོགས་ཨ་ཕྱི་འཕགས་མཆོག་རིན་པོ་ཆེའི་མཁའ་འགྲོ་ནི་རྒྱ་རི་ཚང་གི་བུ་མོ་རེད། ཁོང་ནམ་མཁའ་རིན་པོ་མག་པ་དང་སྲས་སྤྲུལ་སྐུ་གཉིས་ཡོད་ཟེར་བ་སོགས་ནི་ལོག་བཤད་ཁོ་ན་རེད།

  24. ནུབ་ཕྱོགས་གངས་ཕྲུག says:
    2014-08-27 at 9:17 pm

    ཕ་སྤྲུལ་སྐུ། བུ་སྤྲུལ་སྐུ། ཨ་མྱེས་སྤྲུལ་སྐུ། ནང་མི་བུ་ཚང་མ་སྤྲུལ་སྐུ་སོགས་ཡིན་ན་ཡིད་ཆེས་མེད། དགོན་པའི་རྒྱུ་ནོར་ལོངས་སྤྱོད་ property མི་གཞན་ལ་མ་ཤོར་བའི་ཆེད་དུ་རེད། དེ་ཚོར་ཡིད་ཆེས་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme