Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྣམ་བཅུ་དབང་ལྡན་འདི་གཉིས་ལས་གང་ཞིག་ཁུངས་དང་ལྡན་ནམ།

Posted on 2014-08-162014-08-16 By ཁ་བརྡ་ 19 Comments on རྣམ་བཅུ་དབང་ལྡན་འདི་གཉིས་ལས་གང་ཞིག་ཁུངས་དང་ལྡན་ནམ།

སྐྱིད་བྱམས་བསྟན་འཛིན་དགའ་བ།
 

རྣམ་བཅུ་དབང་ལྡན་འདི་གཉིས་ལས་གང་ཞིག་ཁུངས་དང་ལྡན་ནམ། ལུགས་ཤིག་ཡོད་པས་ཆོག་ན་རང་ལུགས་བཞག་པའི་དགོས་པ་མེད་དེ་གཞན་ལུགས་དེ་ཡང་ལུགས་ཤིག་ལས་མ་འདས་པའི་ཕྱིར་རོ། །

དུས་རབས་བཅུ་གཅིག་པའི་འགོ་སྟོད་ནང་དུས་འཁོར་ཐོག་མར་བོད་ལ་བསྒྱུར་བ་ནས་བཟུང་སྟེ་དུས་ད་ལྟ་ལ་ཐུག་གི་བར་མི་ལོ་དགུ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད་ཅིང་། དུས་ཡུན་དེ་དག་གི་རིང་དུས་འཁོར་གྱི་བསྟན་པ་འདི་བོད་ཡུལ་དུ་ས་དར་རྡོ་དར་དུ་ཁྱབ་སྤེལ་བྱུང་བ་དང་དུས་མཚུངས་སུ། དུས་ཀྱི་འཁོར་ལོའི་གཞི་ལམ་འབྲས་གསུམ་གྱི་གནད་ཡོངས་སུ་ཚང་བའི་རྣམ་བཅུ་དབང་ལྡན་གྱི་ཡི་གེ་འདི་ཡང་སྒོ་སྟེང་སོགས་སུ་འགེལ་འཇོག་གི་སྲོལ་འདི་དར་ཁྱབ་ཧ་ཅང་ཆེན་པོ་བྱུང་ཡོད།

ཁྱད་པར་དུ་དེང་གི་དུས་སུ་བོད་ཀྱི་ན་གཞོན་མང་པོའི་སྟོད་གོས་དང་ཞྭ་མོ་སོགས་གྱོན་ཆས་ཀྱི་སྟེང་དུ་ཡང་རྣམ་བཅུ་དབང་ལྡན་དཔར་བ་དང་འབྲི་བ། སྐེ་ལའང་རྣམ་བཅུ་དབང་ལྡན་གྱི་གའུ་འདོགས་པ། རྣམ་བཅུ་དབང་ལྡན་གྱི་རྒྱན་རིས་ལྡན་པའི་ལག་གདུབ་དང་མཛུབ་དཀྲིས་བཟོ་བ་སོགས་བར་ཆད་ཞི་སྲུང་གི་བྱིན་མཐུའི་འདུ་ཤེས་འཛིན་ཚུལ་ཙམ་ལས་འདས་ཏེ། སྒྱུ་རྩལ་མཛེས་ཆོས་ཀྱི་ངོ་བའི་སྟེང་ནས་ཀྱང་ཉིན་རེ་ལས་ཉིན་རེར་དར་ཁྱབ་ཇེ་ཆེར་གྱུར་དང་འགྱུར་བཞིན་ཡོད།
འོན་ཀྱང་རྨོངས་དད་དང་མཛེས་ཆོས་ཁོ་ནའི་རྗེས་འགྲོ་མི་བྱེད་པའི་སྐྱེ་བོ་དག་ལ་མཚོན་ན་རྣམ་བཅུ་དབང་ལྡན་གྱི་གཟུགས་བརྙན་རེ་རེའི་སྟེང་གི་མཚོན་དོན་དང་། དེའི་འབྲི་སྲོལ་མི་འདྲ་བ་ཡོད་པ་དེ་དག་ལས་གང་ཞིག་ཁུངས་དང་ལྡན་པ་ཡིན་ནམ་སྙམ་དུ་དྲི་བ་འདི་ངང་གིས་འཁོར་སྲིད་པ་ཞིག་རེད། དེས་ན་འདིར་དེ་ལྟ་བུའི་དོགས་པ་དེ་རྐང་དུ་བཟུང་སྟེ་གང་ཞིག་འགྲིག་མིན་ལ་གཙོ་བོར་མི་དཔྱོད་པར་གང་ཞིག་ཁུངས་དང་ལྡན་མིན་ལ་གཙོ་བོར་དཔྱོད་པའི་ཕྱིར་ན་ཁུངས་དང་ལྡན་པ་དེས་ཡང་དག་པ་ཉིད་དུ་ཡང་ཤུགས་ཀྱིས་བསྒྲུབ་ཐུབ་པའི་ཕྱིར་རོ། །

unnamedunnamed-1

དེ་ཡང་སྤྱིར་རྣམ་བཅུ་དབང་ལྡན་ཞེས་པ་ནི་དཔལ་དུས་ཀྱི་འཁོར་ལོའི་སྣོད་བཅུད་ཕྱི་ནང་གཞན་གསུམ་གྱི་སྙིང་པོ་གཅིག་ཏུ་བསྡུས་པའི་ལཉྫའི་སྔགས་ཡིག་ཧཀྵ་མ་ལ་ཝ་ར་ཡ་བཅས་ཡི་གེ་བདུན་དང་། ཡིག་གཟུགས་འགྱུར་བ་ལས་སྣ་ལྡན་ནམ་ཟླ་ཚེས། ཐིག་ལེ། སྲོག་ཡིག་ཨ་མཚོན་པའི་ཎཱ་ད་དང་བཅས་པའི་ཡི་གེ་བརྩེགས་མའི་ཡིག་སྲོལ་ཐུན་མོང་མ་ཡིན་པའི་འབྲི་སྟངས་ཤིག་ཡིན། དེ་དག་གི་མཚོན་དོན་སོགས་ནི་ཁོ་བོས་གཞན་དུ་ཞིབ་པར་བཤད་ཟིན་ན་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བྲིས་ཤིང་། ཡི་གེ་དེ་དག་ལས་སྔ་མ་རྣམས་ཀྱི་ཁ་དོག་དང་མཚོན་དོན་སོགས་ལ་མི་འདྲ་བའི་ཁྱད་པར་དེ་ཙམ་མ་མཆིས་རུང་། ཡི་གེ་ཕྱི་མ་རྣམ་བཅད་དང་ཐིག་ལེ་གཉིས་ཀྱི་ཁ་དོག་ཐད་འབྲི་སྲོལ་མི་མཐུན་པ་ཆེན་པོ་ཡོད།

ཡི་གེ་དེ་གཉིས་ཀྱི་ཁ་དོག་ཐད་སྔོན་གྱི་འབྲི་སྲོལ་འགའ་ཞིག་ཏུ་རྣམ་བཅད་དཀར་པོ་དང་། ཐིག་ལེ་དམར་པོར་བྲིས་ཡོད་ལ་དེར་འགྲེལ་བཤད་རྒྱག་སྟངས་ཀྱང་མི་འདྲ་བ་ཡོད། དེ་ལྟ་བུའི་འབྲི་སྲོལ་དེ་འགྲིག་མིན་ཇི་ལྟར་ཡང་། འགྲེལ་ཆེན་དྲི་མེད་འོད་སོགས་ཀྱི་དགོངས་པ་མིན་ཞེས་ཁོ་བོས་སྨྲ་བར་འདོད་དེ། བསྟན་འགྱུར་རྒྱུད་ཐ་པའི་འགྲེལ་ཆེན་དྲི་མེད་འོད་ཀྱི་ཁམས་ཀྱི་ལེའུའི་ནང་།[1] ཧ་ཡིག་ལས་རྣམ་པར་བཅད་པ་ཉི་མ་དང། ཐིག་ལེ་ཟླ་བ་ཞེས་གསལ་བ་མ་ཟད། སྐྱེ་གནས་བཤད་པའི་སྐབས་སུ་ཡང་ཟླ་བ་ལས་ཐིག་ལེ། ཉི་མ་ལས་རྣམ་པར་བཅད་པའོ་ཞེས་གསུངས་ཡོད།

དེ་ཙམ་དུ་མ་ཟད་ཡི་གེ་དེ་གཉིས་ཀྱི་གཟུགས་དབྱིབས་ཀྱི་རྣམ་པ་ཇི་ལྟར་ཡོད་མེད་ཀྱི་སྐོར་ལ་ཡང་འདི་ལྟར་གསུངས་ཏེ། རྣམ་པར་བཅད་པ་ཟླ་བ་ཕྱེད་པའི་རྣམ་པའོ། །ཐིག་ལེ་ཟླུམ་པོའོ། །ཡེ་ཤེས་རྩེ་མོའི་རྣམ་པའོ་ཞེས་ཡི་གེ་དེ་དག་གི་གཟུགས་དབྱིབས་ཇི་ལྟར་ཡིན་མིན་ཡང་གསུངས་ཡོད། གནད་དོན་འདིའི་ཐོག་ནས་གསལ་བཤད་གང་བྱས་ཡོད་དམ་ཞེ་ན། འགྲེལ་ཆེན་དྲི་མེད་འོད་ཀྱི་དགོངས་པ་དེ་རྣམ་བཅད་ཀྱི་ཁ་དོག་དམར་པོ་དང་། ཐིག་ལེའི་ཁ་དོག་དཀར་པོ་ཡིན་པ་མ་ཟད། དེ་དག་གི་གཟུགས་དབྱིབས་ཀྱང་རྣམ་བཅད་ཟླ་བ་ཕྱེད་པའི་རྣམ་པ་དང་། ཐིག་ལེའི་གཟུགས་དབྱིབས་དེ་ཟླུམ་པོ་ཡིན་པ་དེ་རེད། དེ་བས་ན་གོང་གི་འབྲི་སྲོལ་དེ་འགྲེལ་ཆེན་དྲི་མེད་འོད་ཀྱི་དགོངས་པ་མིན་པ་དེ་མདང་སྐྱེས་བྱིས་པས་ཀྱང་རྟོགས་སླ་པ་ཞིག་རེད།

འགྲེལ་ཆེན་དྲི་མེད་འོད་དང་བསྡུས་རྒྱུད། རྩ་རྒྱུད་དང་བཅས་པ་ནི་༸སྟོན་པའི་གསུང་ཉིད་དུ་འདོད་ལ། ཕྱིས་སུ་དུས་འཁོར་ལ་མཁས་པའི་རྒྱ་བོད་ཀྱི་མཁས་པ་དུ་མ་ཞིག་བྱོན་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་དུས་འཁོར་གྱི་རྩ་བའི་ཁུངས་གཏུགས་ས་དེ་གོང་ཞུས་ཀྱི་གཞུང་དེ་དག་ལས་གཞན་དུ་མེད་ཅིང་། གཞུང་དེ་དག་གི་ནང་དངོས་སུ་ཚིག་ཟིན་ལ་གསལ་ཡོད་ན་དེ་ལྟར་དང་མ་གསལ་ཡང་དོན་གྱི་དགོངས་པ་ཇི་ཡིན་ནི་ཕྱིས་བྱུང་གི་ཚད་མའི་སྐྱེས་བུ་གཞན་གྱིས་བཀྲལ་བ་ལ་བརྟེན་དགོས་ཤིང་། དེ་ནི་རྒྱུ་ཕ་རོལ་དུ་ཕྱིན་པའི་ཐེག་པའི་སྐབས་མདོ་སྡེའི་དགོངས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་བཀྲལ་བའི་གཞུང་ལུགས་ལ་བརྟེན་ནས་མདོ་དེ་དང་དེའི་དགོངས་པ་རྟོགས་པར་བྱེད་དགོས་པ་དང་སྒོ་ཀུན་ནས་མཚུངས་པ་ཞིག་ཡིན།

དེས་ན་འདིར་དཔྱད་པ་བྱ་བ་དེ་དག་ནི་འགྲེལ་ཆེན་དྲི་མེད་འོད་ཀྱི་ནང་དངོས་སུ་ཚིག་ཟིན་ལ་གསལ་བའི་ཕྱིར་ན་ཕྱིས་བྱུང་གི་བསྟན་བཅོས་གཞན་ནང་ཇི་ལྟར་གསལ་མིན་ལ་གཙོ་བོར་ལྟོས་མི་དགོས་རུང་། ཚིག་ཟིན་ལ་གསལ་བ་ལྟར་དོན་གྱི་དགོངས་པ་ཡང་དེ་ལྟར་དུ་གནས་ཡོད་པ་ཤེས་ཕྱིར་ཕྱིས་བྱུང་གི་ཚད་མའི་སྐྱེས་བུ་གཞན་གྱི་གསུང་ལ་ཡང་ལྟ་དགོས་པ་གལ་ཆེར་མཐོང་བས། གཤམ་དུ་ང་ཚོས་ཚིག་ཟིན་ལ་དེ་ལྟར་བསྟན་ཡོད་པ་ལྟར་དོན་གྱི་དགོངས་པ་ཡང་དེ་ལྟར་དུ་གནས་མིན་ཕྱིས་བྱུང་གི་ཚད་མའི་བསྟན་བཅོས་གཞན་ལ་ལྟ་བར་བྱ་སྟེ། དེ་ཡང་བུ་སྟོན་རིན་པོ་ཆེས་གོང་གི་ཚིག་ཟིན་དེའི་ཐད། རྣམ་པར་བཅད་པ་ཕྱིར་ཉི་མ་དང་ནང་དུ་རྡུལ་ལོ། །རྗེས་སུ་ང་རོ་ཕྱིར་ཟླ་བ་དང་ནང་དུ་ཁུ་བའོ་[2]ཞེས་གསུངས་པ་ལས་རྣམ་བཅད་ཀྱིས་ཕྱི་རོལ་གྱི་ཉི་མ་དང་། ནང་རྡོ་རྗེ་ལུས་ཀྱི་རྡུལ་མཚོན་ཞིང་། ཐིག་ལེའམ་རྗེས་སུ་ང་རོས་ཕྱི་རོལ་གྱི་ཟླ་བ་དང་། ནང་རྡོ་རྗེའི་ལུས་ཀྱི་ཁུ་བ་མཚོན་པར་གསུངས་ཡོད།

དེ་བཞིན་དུ་མཁས་གྲུབ་རིན་པོ་ཆེས་ཀྱང་ཉི་མ་དང་རྡུལ་མཚོན་པར་བྱེད་པའི་རྣམ་པར་བཅད་པ་ཚེག་དྲག་བྲི་བར་བྱའོ། །ཟླ་བ་དང་ཁུ་བ་མཚོན་པར་བྱེད་པའི་ཐིག་ལེ་བྲི་བར་བྱའོ་[3]ཞེས་གསུངས་ཡོད་པ་མ་ཟད། རྒྱལ་ཚབ་རྗེའི་གསུང་འབུམ་ཀ་པའི་ནང་དུའང་རྣམ་བཅད་ནི་རྡུལ་གྱི་རང་བཞིན་གཏུམ་མོའི་མེ་དང་། ཐིག་ལེ་ནི་ཁམས་དཀར་པོ་[4]ཡིན་པར་གསུངས་ཡོད། དེ་བཞིན་དུ་ཇོ་ནང་ཏཱ་ར་ནཱ་ཐ་སོགས་ཀྱིས་ཀྱང་གོང་ཞུས་དེ་དག་དང་དགོངས་པ་གཅིག་ཏུ་མཐུན་པར་གསུངས་ཡོད། གསུངས་ཚུལ་འདི་དག་གིས་འགྲེལ་ཆེན་དྲི་མེད་འོད་ཀྱི་ནང་ཚིག་ཟིན་ལ་དངོས་སུ་གསུངས་པ་དེ་དག་གི་དོན་གྱི་དགོངས་པ་ཡང་དེ་ལྟར་དུ་གནས་ཡོད་པར་གསལ་བཤད་བྱས་ཡོད། དེས་ན་རྣམ་བཅད་དཀར་པོ་དང་། ཐིག་ལེ་དམར་པོར་འབྲི་སྲོལ་ཡོད་པ་དེ་དག་ནི་གོང་དུ་དྲངས་པའི་ཚད་མའི་བསྟན་བཅོས་དེ་དག་གི་དགོངས་པ་དང་ཤར་ནུབ་ལྟ་བུའི་མི་མཐུན་པ་ཆེན་པོར་གནས་ཡོད།

དེ་ལྟར་འགྲེལ་ཆེན་དྲི་མེད་འོད་སོགས་ཀྱི་དགོངས་པར་གནས་པའི་རྣམ་བཅད་དམར་བོ་འོག་དང་ཐིག་ལེ་དཀར་པོ་སྟེང་དུ་བྱས་ནས་བརྩེགས་དགོས་དོན་ཡང་། གཏུམ་མོ་འོག་ནས་འབར་བ་རྣམ་བཅད་དང་། ཁུ་བ་སྟེང་དུ་འབབ་པ་ཐིག་ལེ། སེམས་བདེ་བའི་ངོ་བོར་སྐྱེས་པ་ནཱ་དས་མཚོན་ཞིང་། མཚོན་དོན་དེ་ནི་སྔགས་བླ་མེད་ཀྱི་ཐུན་མོང་བ་མ་ཟད། ལུགས་འདིའི་ཐུན་མོང་མ་ཡིན་པ་ཡང་རྣམ་བཅད་འོག་ཏུ་བྱས་པས་ཁམས་དམར་པོ་ཐུར་དུ་བརྟན་པ་དང་། ཐིག་ལེ་སྟེང་དུ་བྱས་པ་དེས་ཁམས་དཀར་པོ་གྱེན་དུ་བརྟན་པ་དང་། དེ་ལ་བརྟེན་ནས་སེམས་མི་འགྱུར་བའི་བདེ་བའི་ངོ་བོར་སྐྱེས་པ་ནཱ་དས་མཚོན་པ་ཡིན།[5]
དེས་ན་རྣམ་བཅད་འོག་དང་ཐིག་ལེ་སྟེང་དུ་བྱས་ནས་བརྩེགས་པ་དེས་གཏུམ་མོའི་མེ་འོག་ནས་འབར་ཏེ་ཁམས་དཀར་པོ་ཁུ་བ་སྟེང་ནས་འབབ་པ་མཚོན་པར་བྱེད་ཅིང་། ཧ་སྲོག་གི་ཨ་དང་བཅས་པ་དེའི་འོག་ཏུ་བཞག་པ་ནི་གཏུམ་མོའི་མེས་ཁམས་བཞུས་པའི་དབང་གིས་རླུང་གི་བཞོན་པ་ཅན་གྱི་རྣམ་པར་ཤེས་བ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོར་སྐྱེས་པ་མཚོན་ནོ། །[6] མཚོན་ཚུལ་འདི་ནི་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་བསྡུས་རྒྱུད་ཀྱི་རྒྱས་འགྲེལ་དང་། ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་བ་སོགས་ཀྱི་ནང་དུ་ཡང་དེ་བཞིན་དུ་གཅིག་མཚུངས་གསུངས་ཡོད།

དེས་ན་གཅིག་འོག་གཅིག་སྟེང་དུ་བཞག་པའི་མཚོན་དོན་དང་། ཁ་དོག་གི་གོ་རིམ་ངེས་པའི་མཚོན་དོན་དེ་དག་ནི་མཛེས་ཆོས་ལྟ་བུ་མིན་པར་རྣལ་འབྱོར་པས་བསྐྱེད་རྫོགས་ཀྱི་ལམ་རྒྱུད་ལ་བསྐྱེད་རིམ་གྱི་དབང་དུ་བྱས་ནས་གསུངས་པ་ཞིག་ཡིན་ལ། གཞི་དངོས་པོའི་གནས་ཚུལ་གྱི་ཆ་ནས་ཀྱང་། བདེ་བའི་རྟེན་ཁམས་དཀར་པོ་ནི་སྤྱི་བོ་ན་གནས་ཡོད་པ་དང་། དྲོད་ཀྱི་རྟེན་གཏུམ་མོའི་མེ་ཁམས་དམར་པོ་ལྟེ་བ་ན་གནས་[7]ཡོད་པ་ནི་དེང་དུས་ཚན་རིག་པས་ཀྱང་འདོད་པའི་ཕྱིར་ན། རྣམ་བཅད་དམར་པོ་འོག་དང་ཐིག་ལེ་དཀར་པོ་སྟེང་དུ་བྱས་པ་ནི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དང་ཡོངས་སུ་མཐུན་པ་ཞིག་ཡིན། མདོར་ན་འགྲེལ་ཆེན་དྲི་མེད་འོད་ཀྱི་དགོངས་པ་དང་མཐུན་པའི་ཕྱོགས་ནི་རྣམ་བཅད་དམར་པོ་འོག་དང་ཐིག་ལེ་དཀར་པོ་སྟེང་དུ་ཡོད་པ་དེ་ཡིན་ཞིང་། འདོད་ཚུལ་གཞན་ནི་འགྲིག་མིན་ཇི་ལྟར་ཡང་གཞུང་དེའི་དགོངས་པར་མི་འདོད་དོ། །
དེ་ལྟ་ནའང་འགའ་ཞིག་གིས་འདི་སྙམ་དུ་བསམ་སྲིད་དེ། འགྲེལ་ཆེན་དྲི་མེད་འོད་ཀྱི་དགོངས་པ་དེ་ནི་གཞན་དུས་ཀྱི་འཁོར་ལོའི་སྐབས་སུ་དགོངས་ནས་དེ་ལྟར་གསུངས་པ་ཡིན་གྱི་ཕྱི་དུས་ཀྱི་འཁོར་ལོའི་སྐབས་སུ་དགོངས་ནས་དེ་ལྟར་གསུངས་པ་མིན་ནོ་ཞེ་ན།

སྤྱིར་དེ་ལྟ་བུའི་དོགས་པ་དེ་རྟོགས་ལྡན་ལ་སྐྱེ་བའི་གནས་ཤིག་མིན་པ་ནི་གོང་དུ་ཁམས་ཀྱི་ལེའུ་ནང་ཞེས་པ་དེས་གསལ་བཤད་བྱས་ཡོད་པ་མ་ཟད། དཔལ་དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་འགྲེལ་དུས་ཀྱང་མཚོན་དོན་གཅིག་གི་ཐོག་ནས་ཕྱི་ནང་གཞན་གསུམ་གྱི་དོན་མཚོན་གྱི་ཡོད་པ་ལས། ཕྱི་རུ་བཤད་པའི་མཚོན་དོན་ཞིག་དང་། དེས་མཚོན་མི་ནུས་པའམ་ནང་སོགས་སུ་སྦྱོར་མི་རུང་བའི་མཚོན་དོན་ཞིག་མེད་ལ་བཤད་པ་ཡང་མེད་དོ། །
གལ་ཏེ་དེ་ལྟར་ཡོད་ན་རྣམ་བཅུ་དབང་ལྡན་ཡང་གཅིག་གི་སྟེང་ནས་གཅིག་ཤོས་གོ་མི་ཐུབ་པར་ཕྱི་ནང་གཞན་གསུམ་ལ་རྣམ་བཅུ་དབང་ལྡན་རེ་རེ་ཡོད་དགོས་པར་འགྱུར་ལ། དེ་ལྟར་ན་རྩ་རྒྱུད་ལས། །ཇི་ལྟར་ཕྱི་རོལ་དེ་བཞིན་ལུས། །ཞེས་སོགས་རྩ་རྒྱུད་དགོངས་འགྲེལ་དང་བཅས་པའི་རྣམ་གཞག་ཐམས་ཅད་བཤིག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་ཁོ་བོས་ནི་རྩ་རྒྱུད་དགོངས་འགྲེལ་དང་བཅས་པ་དེ་དག་གི་རྗེས་སུ་འབྲངས་ནས་རྣམ་བཅད་དམར་པོ་འོག་དང་ཐིག་ལེ་དཀར་པོ་སྟེང་དུ་འདོད་པའི་ལུགས་དེ་འཐད་ལྡན་དུ་འདོད་དོ། །

[1] རིགས་ལྡན་པདྨ་དཀར་པོ། དུས་འཁོར་འགྲེན་ཆེན་དྲི་མེད་འོད། བསྟན་འགྱུར་རྒྱུད་ཐ་པ། ཀྲུང་གོའི་བོད་ཀྱི་ཤེས་རིག་པར་ཁང་ནས་བཏོན་པ་དེའི་ཤོག་གྲངས་ 369 ནང་གསལ།

[2] བུ་སྟོན་རིན་པོ་ཆེ། (1290-1364) འགྲེལ་ཆེན་དྲི་མེད་འོད་མཆན། སྟོན་རིན་པོ་ཆེ། གསུང་འབུམ་ཁ་པའི་ཤོག་གྲངས་ 75 ནང་གསལ།

[3] མཁས་གྲུབ་རིན་པོ་ཆེ། (1391-1438) དུས་འཁོར་ཊཱིག་ཆེན། ཤོག་གྲངས་ 344 ནང་གསལ།

[4] རྒྱལ་ཚབ་རྗེ། (1385-1438) གསུང་འབུམ་ཁ་པའི་ཤོག་གྲངས་ 133 ནང་གསལ།

[5] མཁས་གྲུབ་རིན་པོ་ཆེ། (1391-1438) དུས་འཁོར་ཊཱིག་ཆེན། གསུང་འབུམ་ག་པའི་ཤོག་གྲངས། 622-623 ནང་གསལ།

[6] རྒྱལ་ཚབ་རྗེ། (1385-1438) གསུང་འབུམ་ཁ་པའི་ཤོག་གྲངས་ 133 ནང་གསལ།

[7] ཀློང་རྡོལ་བླ་མ། (1719-1794) གསུང་འབུམ་ཅ་པའི་ཤོག་གྲངས་ 275 ནང་གསལ།

དཔྱད་རྩོམ།

Post navigation

Previous Post: མཁས་པའི་ཞལ་གདམས། ནང་བསྟན་གྱི་སྡེ།
Next Post: བོད་ཀྱི་སྐད་ཡིག་ཐོག་ནས་སློབ་གསོ་མི་རིགས་ཅན་དུ་འགྱུར་རྒྱུ།

Comments (19) on “རྣམ་བཅུ་དབང་ལྡན་འདི་གཉིས་ལས་གང་ཞིག་ཁུངས་དང་ལྡན་ནམ།”

  1. ལྡོང.ཁྲི་མིག says:
    2014-08-16 at 11:28 pm

    དོན་སྙིང་འདུག

  2. དབྱངས་ཅན་དགྱེས་པའི་བློ་གྲོས། says:
    2014-08-17 at 4:02 am

    ཞིབ་མོར་ཀློག་ཁོམ་མ་བྱུང་། གང་ལྟར། དཔྱད་རྩོམ་འབྲི་སྟངས་འདིར་རྗེས་སུ་ཡི་རངས་ཡོད། དཔེ་ཆ་བཀླགས་ཞིབ་འཇུག་བྱས་ནས་བྲིས་ན་འདི་འདྲ་ཡིན། ཁུང་ལུངས་ཚང་མ་གས་ལ་བོར་བྲིས་འདུག

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-17 at 10:14 am

    དེ་ཡང་སྤྱིར་རྣམ་བཅུ་དབང་ལྡན་ཞེས་པ་ནི་དཔལ་དུས་ཀྱི་འཁོར་ལོའི་སྣོད་བཅུད་ཕྱི་ནང་གཞན་གསུམ་གྱི་སྙིང་པོ་གཅིག་ཏུ་བསྡུས་པའི་ལཉྫའི་སྔགས་ཡིག་ཧཀྵ་མ་ལ་ཝ་ར་ཡ་བཅས་ཡི་གེ་བདུན་དང་། ཡིག་གཟུགས་འགྱུར་བ་ལས་སྣ་ལྡན་ནམ་ཟླ་ཚེས། ཐིག་ལེ། སྲོག་ཡིག་ཨ་མཚོན་པའི་ཎཱ་ད་དང་བཅས་པའི་ཡི་གེ་བརྩེགས་མའི་ཡིག་སྲོལ་ཐུན་མོང་མ་ཡིན་པའི་འབྲི་སྟངས་ཤིག་ཡིན།
    འདི་ལ་ལེགས་སྦྱར་དག་པར་བཀླག་ན། ཧ་ཡིག་ནས་ཡ་ཡིག་བར་ཡི་གེ་བརྒྱད་དང་། འོག་ཤོས་ཡ་ཡིག་ལ་སྣ་ལྡན་ཐོབ། ཡ་ཡིག་གི་སྣ་ལྡན་དེ་ཉིད་རྒྱས་པར་བྱས་ཏེ། དེ་དག་གི་སྟེང་ཟླ་ཚེས་དང་། ཐིག་ལེ་གཉིས་བསྣན་པས་རྣམ་བཅུ་དབང་ལྡན་ཆགས། སྣ་ལྡན་ཉིད་རྫོགས་པར་འབོད་པ་ན། ན་ད། སྟེ་སྒྲ་མི་ཐོས་པའི་ཚུལ་དུ་ཡོད་པ་དང་། ཧ་ནས་ར་བར་དུ་ཡི་གེ་སྲོག་མེད་ཡིན་པས། རྗེས་ཀྱི་ཡི་གེ་དག་དང་སྦྱར་ཐུབ། དེ་ཡང་སྒྲའི་བསྟན་བཅོས་ལས། དབྱངས་ཀྱིས་དབེན་པ་ཕ་རོལ་དང་སྦྱར་བར་བྱ། ཞེས་དང་། ཡ་ཡིག་ལ་སྣ་ལྡན་ཏེ། ཨཾ་སྲོག་ཏུ་ཡོད་པས། སྲོག་མེད་ཀྱི་ཡི་གེ་མ་ཡིན་པར་འདོད་དགོས་སོ། དེ་ཡང་བརྩེགས་མེད་པར་འབྲི་ན། ཡི་གེ་དེ་དག་ལ་སྲོག་མེད་ཀྱི་རྟགས་འཐེན་དགོས།
    དེ་ཡང་བདུན་ཞེས་པ་ནི། ཀྵ་ལ་ཡི་གེ་གཉིས་ཡོད་པ་དེ་གཅིག་ཏུ་བརྩིས་པ་ལ་དེ་ལྟར་ནོར་འཁྲུལ་བྱུང་བར་སེམས་སོ།

  4. བསོད་ནམས། says:
    2014-08-17 at 11:36 am

    དཔྱད་རྩོམ་འདི་དག་ལ་དགའ།

  5. ཀརྡོ་གཉེར་ཕྱག་པ་ says:
    2014-08-17 at 4:15 pm

    ཟླ་ཕྱེད་དཀར་པོ་དང་། ཉི་མ་དམར་པོ་འདི། དངོས་པོའི་གཤིས་དང་མཐུན་ཆེ་བ་འདུག་ཀྱང་། ཎྰ་ད་ཡང་དམར་པོ་མ་ཡིན་པར། སྔོ་ནག་བྱས་ན་འདི་བློ་འཆར་བདེ་བ་མི་འདུག་གམ། ལགས།

  6. པད་མ་ says:
    2014-08-17 at 9:16 pm

    ཀློག་ཡས་ཆ་ཚང་ཀློག་པ་ཡིན་ འོན་ཀྱང་སྔོན་ཆད་དཔེ་ཆ་བལྟ་མ་མྱོང་ཙང་དོན་དག་རྩ་བ་ནས་ཤེས་མ་སོང་

  7. དབང་འདུས། says:
    2014-08-17 at 10:02 pm

    ནམ་རྒྱུན་གྱི་གོམ་སྲོལ་ལྟར་ན། ཟླ་ཚེས་ཕྱེད་པའི་གཟུགས་འདི་དཀར་པོ་བྱས་ཏེ་ཟླ་བ་མཚོན་བྱེད་དང་། ཟླུམ་གཟུགས་སྒོར་ཐིགས་འདི་དམར་པོ་བྱས་ཏེ་ཉི་མ་མཚོན་དགོས་པ་ལྟར་འདུག་མོད། དུས་འཁོར་གྱི་ལུགས་ལྟར་ན་དེ་ལས་ལྡོག་ཏེ། ཉི་མ་ཚེས་པའི་གཟུགས་ཅན་དང་། ཟླ་བ་ཟླུམ་པོའི་གཟུགས་ཅན་དུ་འགོད་དགོས་ན་ནམ་རྒྱུན་ཟླ་ཉི་ལྷན་སྦྱར་འབྲི་བའི་ཡུལ་སྲོལ་དང་གཏན་མི་མཐུན་པར་གྱུར་འདུག

  8. བཀྲ་ཤིས། says:
    2014-08-18 at 1:01 am

    དཔྱད་པ་ཡག་པོ་བྱས་འདུག ཡིན་ནའང་གཞུ་རྒྱ་ཆུང་འདུག རྣམ་དབང་འདི་དགེ་ལུགས་པའི་མཚོན་བྱེད་མིན་ཙང་། རིས་མེད་སྐྱེས་ཆེན་གྱི་གསུང་མང་པོ་ལྟ་དགོས་ལ། གཙོ་བོ་རྒྱ་གཞུང་ལ་གཏུགས་དགོས་སྙམ། བསམ་ཚུལ་ཡིན། ཐུགས་ལ་མ་ཕོག་རོགས།

  9. རྡོ་རྗེ་སྐྱོབ་པ། says:
    2014-08-18 at 1:07 am

    རྣམ་བཅུ་དབང་ལྡན་ཀྱང་བོན་པོ་ལའང་ཡོད་རྒྱུ་རེད།
    ཕལ་ཆེར་ཡང་བཤུས་ཡོད་ཀྱི་རེད།
    དེ་ལ་ལན་འདྲ་ཡོད་དམ

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-18 at 11:40 pm

    སྐྱིད་བྱམས་བསྟན་འཛིན་དགའ་བ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་སྐོར་ལ་དཔེ་ཆ་མང་པོ་གཟིགས་འདུག་པར་ཞལ་བྲོ། སྐུ་ཚེ་རིང་། རྗེས་སུ་ཡི་རང་ངོ་།

  11. སྐྱིད་བྱམས་པ། says:
    2014-08-19 at 9:04 am

    ཁྱེད་ཚོ་ཚང་མས་ཞིབ་ཀློག་གནང་བར་ཐུགས་རྗེ་ཆེ། ད་དུང་ཇི་ལྟར་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་ཇི་ལྟར་གཏོང་དགོས་མིན་ལམ་སྟོན་གནང་རོགས། དུས་འཁོར་གྱི་ཐོག་ལ་ཞིབ་འཇུག་བྱེད་བཞིན་པ་ཡིན།

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-19 at 10:52 am

    ང་ལ་ཨ་རི་པ་དུས་འཁོར་གྱི་རྣལ་འབྱོར་པ་ཡོད། ཁོང་གི་རྣམ་དཔྱོད་ལ་ཤར་བ་ནི། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལ་ཉེ་ལམ་ལོ་ངོ་བརྒྱའི་ཚུན་ཆན་ལ་ཞིབ་འཇུག་ཕྲན་བུ་བྱས། དང་པོ་ཨོ་རུ་སའི་མཁས་པ་ཞིག་དང་། གཉིས་པ་རྒྱ་གར་མཁས་དབང་རཱ་གྷུ་བཱིར་དང་། གསུམ་པ་སློབ་དཔོན་ཆེན་པོ། ཛ་གནྣཱ་ཐོ་པཱ་དྷྱཱ་ཡ་གསུམ་གྱིས་ལེགས་སྦྱར་གྱི་མ་ཕྱི་སྤར་བར་མཛད། ་ ་་་ཞེས་བྲིས་སོ།
    གཞན་ཡང་དིང་དུས་ཀྱིས་མཁས་པ་འགས། དུས་འཁོར་གྱི་གཞུང་འདི་བྷངྒ་ལའི་ཡུལ་དུ་བྲིས་པར་བཤད། ཨ་རི་མ་དུས་འཁོར་གཞུང་དུ་སློབ་སྦྱོང་བྱས་མྱོང་བ་ཞིག་ལ། གཞན་གྱིས་དེ་ལྟར་བཤད། རྒྱུ་མཚན་གང་ཡོད་པ་ཡིན་ནམ། མཁས་མ་དེ་ཡིས། ལན་དུ། གཞུང་དེར་བྷང་ལ་སྐད་འདྲེས་པས་སོ། ཞེས་སོ། ཡང་བོད་དུ་དུས་འཁོར་ལ་འགག་པ་རྒྱབ་མཁན་བླ་མ་དེ་འདྲ་བྱུང་ཨེ་ཡོད་དམ། ཡོད་ན། དཔེ་ཆ་གང་དུ་ཡོད།

  13. ཀརྡོ་གཉེར་ཕྱག་པ་ says:
    2014-08-19 at 11:12 am

    དུས་འཁོར་འདི་གྲུབ་ཆེན་ཙི་ལུ་པ་སོགས་ཀྱིས། ཤམྦྷ་ལའི་ཡུལ་ནས་བླངས་པར་གསུངས་འདུག

  14. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-19 at 9:40 pm

    རྣལ་འབྱོར་པ་ཡོད། ཅེས་པར་རྣལ་འབྱོར་པ་ཞིག་ཡོད། ཅེས་ཞུས་དག་བྱས། ་ ་་་ཞེས་བྲིས་སོ། ཚེག་གསུམ་བཀོད་པ་ན། རྣལ་འབྱོར་པ་དེ་ཡི་རྣམ་རྟོག་གམ། རྣམ་དཔྱོད་ལས་འཐོན་པ་སྦས་པའི་ཚུལ་དུ་ཡོད། འདིར་འབྲི་བ་ལ་དགོས་པ་མ་མཆིས་སོ།

  15. སྐྱིད་བྱམས་པ། says:
    2014-08-19 at 11:29 pm

    སྔོན་ཆད་ཀྱི་མཁས་པ་མང་ཆེ་བས་དུས་འཁོར་འདི་ཤམྦྷ་ལའི་ཡུལ་དུ་བྲིས་པར་འདོད་པ་དང་། དེ་ཡང་ཐོག་མར་འབྲས་སྤུངས་སུ་སྟོན་པས་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས་པ་དེ་ཤམྦྷ་ལར་ཟླ་བཟང་གིས་བཀའ་བསྡུ་མཛད་པ་དང་དེར་འགྲེལ་བཤད་ཀྱང་སྟོང་ཕྲག་དྲུག་ཅུ་པ་ཞིག་མཛད། དེ་རྗེས་རིགས་ལྡན་འཇམ་དཔལ་གྲགས་པས་བཀའ་བསྡུ་གཉིས་པ་མཛད་དེ་བསྡུས་རྒྱུད་ཤོ་ལོ་ཀ་སུམ་ཅུ་ལྷག་པའི་སྟོང་ཕྲག་གཅིག་བརྩམས། དེའི་འགྲེལ་བ་རིགས་ལྡན་པདྨ་དཀར་གྱིས་མཛད་པ་འགྲེལ་ཆེན་དྲི་མེད་འོད་འདི་རེད། དེ་བས་ན་འདི་དག་ཐམས་ཅད་ཤམྦྷ་ལར་བྲིས་ཤིང་། ཤམྦྷ་ལ་ནས་རྒྱ་གར་ཤར་ཕྱོགས་སུ་འཁྲུངས་པའི་ཙི་ལུ་པ་སོགས་ཀྱིས་བླངས་ནས་རྒྱ་གར་དུ་དར་ཁྱབ་མཛད་པར་བཞེད་དོ། །དུས་འཁོར་གྱི་གསུང་འདི་དག་ཤམྦྷ་ལར་མཛད་པར་མི་མཐུན་པ་མེད་རུང་། ཤམྦྷ་ལ་ངོས་འཛིན་བྱེད་སྟངས་ཐད་ཅུང་མི་མཐུན་པ་མང་པོ་ཡོད།

  16. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-20 at 9:48 pm

    “ཤམྦྷ་ལ་ངོས་འཛིན་བྱེད་སྟངས་ཐད་ཅུང་མི་མཐུན་པ་མང་པོ་ཡོད།” ཇི་ལྟར་ཡོད་དམ།

  17. མྱི་དཀར། says:
    2014-08-21 at 8:23 am

    སྐྱིད་བྱམས་ལགས། ཤམྦྷ་ཟེར་བའི་གནས་འདི་དག་ཞིང་ཞིག་རེད་དམ། ཡང་ན་འཛམ་གླིང་འདིར་ཡོད་པ་རེད། མཁས་པ་ཚོས་ངོས་འཛིན་ག་འདྲ་གནང་ཡོད་དམ་་་་་་

  18. སྐྱིད་བྱམས་པ། says:
    2014-08-21 at 9:48 am

    དུས་རབས་ཉི་ཤུའི་གོང་གི་མཁས་པ་ཚོས་ཁ་གཅིག་གྲགས་ཀྱིས་ཤམྦྷ་ལ་དག་ཞིང་ཞིག་ཏུ་འདོད་ལ། དེ་ཡང་འཛམ་གླིང་འདི་ན་ཡོད་པར་འདོད། འཛམ་གླིང་འདི་ཡང་དུམ་བུ་དྲུག་ཏུ་བགོས་པའི་དྲུག་པ་དེ་ཡིན་པར་འདོད་ཅིང་། དེ་ནི་རྒྱ་གར་ནས་བྱང་ཕྱོགས་སུ་ཡོད་པར་བཞེད། འོན་ཀྱང་མཁས་པ་ཚོས་ཡུལ་དེ་འདི་དང་འདི་རེད་ཅེས་ཁ་གསལ་པོ་ཞིག་གསུང་གང་དུ་ཡང་མི་སྣང་། བོན་གྱི་མཁས་པ་ཚོས་ནི་སྟག་གཟིག་འོལ་མོ་ལུང་དང་ཤམྦྷ་ལ་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད། འོན་ཀྱང་དུས་རབས་ཉི་ཤུ་པའི་ནང་བྱོན་པའི་མཁས་དབང་དགེ་ཆོས་ཀྱིས། ཤམྦྷ་ལ་ནི་རྒྱ་གར་ནང་ཡོད་པར་འདོད་ལ། དེ་ནི་ལྷ་ས་ལས་ཀྱང་ཆུང་བར་བཤད། དེ་ཡང་བྲམ་ཟེའི་ལུང་ལ་བརྟེན་ནས་དེ་ལྟར་གསུངས་ཡོད། འོན་ཀྱང་ཁོང་གིས་ཤམྦྷ་ལའི་ཕོ་བྲང་ཀེ་ལ་ཤ་ཞེས་པ་དེ་བོད་ནང་ཡོད་པར་གསུངས་ཡོད། གསུངས་ཚུལ་དེ་ནི་མི་མཐུན་པ་ཆེན་པོར་སྣང་སྟེ། གང་ལགས་ཞེ་ན། ཤམྦྷ་ལའི་ཕོ་བྲང་དེ་ནི་ཤམྦྷ་ལ་གང་དུ་ཡོད་ས་དེར་ཡོད་དགོས་པ་ནི་དེ་དེའི་ཕོ་བྲང་ཡིན་པའི་ཕྱིར་དང་། སྔོན་བྱོན་མཁས་པ་ཀུན་གྱིས་ཀྱང་ཕོ་བྲང་ཀེ་ལ་ཤ་ཞེས་པ་དེ་ཤམྦྷ་ལའི་དབུས་ན་ཡོད་པ་ཞལ་གཅིག་གྲགས་རེད། འོན་ཀྱང་དགེ་ཆོས་ཀྱིས་ཤམྦྷ་ལ་རྒྱ་གར་ན་ཡོད་པར་འདོད་པ་དེ་མ་རེད་ཅེས་བརྗོད་ག་ལ་ནུས་ཏེ། དཔེར་ན་ཆུ་ཕོར་པ་གང་ལ་ཡང་སྣང་ཚུལ་མི་འདྲ་བ་ཡོད་པ་བཞིན། ལས་དག་པའི་ངོ་ལ་རྒྱ་གར་གྱི་གནས་དེ་ཡང་ཤམྦྷ་ལ་རུ་སྣང་ཆོག་པས་སོ། །གང་ལྟར་ཞིབ་པར་ནི་ཁོ་བོའི་དུས་འཁོར་ཞིབ་འཇུག་ནང་གསལ་ངེས་ན། འབྱུང་འགྱུར་ལྷན་རྒྱས་ནས་གཟིགས་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད། ལྷན་རྒྱས་ཐུགས་རྗེ་ཆེ། དུས་ཁོམ་དེ་ཙམ་མེད་སྟབས། མུ་མཐུད་ནས་བགྲོ་གླེང་བྱེད་འདོད་ཀྱང་། བྱ་ཐབས་ཟད། བཀྲ་ཤིས་བདེ་ལེགས།

  19. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-21 at 10:52 am

    ལོ་ངོ་བཞི་བཅུའི་སྔོན་ཙམ་ལ། ཨ་རིའི་ཀ་ལི་ཕོར་ནི་ཡ་སློབ་གྲྭ་ཆེན་མོའི་སློབ་གཉེར་པ། ཤམྦྷ་ལ་ག་ན་ཡོད་མེད་འཚོལ་སྒྲུབ་བཤད་པ་འབྲི་མཁན་ཞིག་གིས། བདག་ལ་ཡང་། ཤམྦྷ་ལ་གང་ན་ཡོད་མེད་འདྲི་བར་ལྟ་རྟོག་བྱས། ལན་དུ་བདག་གིས་ཤམྦྷ་ལ་རྒྱལ་པོ་རིགས་ལྡན་དྲག་པོའི་ཞིང་ཁམས་ཡིན། རྒྱལ་པོ་རིགས་ལྡན་དྲག་པོ་སངས་རྒྱས་ཡིན་པས་ཀུན་ཁྱབ་ཡིན། དེས་ན། རིགས་ལྡན་དྲག་པོ་དང་ཤམྦྷ་ལ་གཉིས་རྟེན་དང་བརྟེན་པའི་ཚུལ་དུ་ཀུན་ཁྱབ་ཡིན་དགོས། ཞེས་བཤད་པ་དེ་ཉིད། མཁས་པ་གཞན་རྣམས་ཀྱི་ཤམྦྷ་ལ་གང་དུ་ཡོད་མེད་གསུང་ཚུལ་དང་མཉམ་དུ་ཨིན་དེབ་ཅིག་ཏུ་སྤར་པར་མཐོང་བ་དྲན་ཡུལ་དུ་མཆིས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (74)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme