Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡིད་སྐྱོའི་གནས་ཚུལ།

Posted on 2014-07-112014-07-11 By ཁ་བརྡ་ 16 Comments on ཡིད་སྐྱོའི་གནས་ཚུལ།

སྤྱི་འཐུས་དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས།

unnamed-6

སེར་བྱེས་གཙང་པ་མཁན་ཟུར་༸རྗེ་བཙུན་བློ་བཟང་ཚེ་རིང་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ།

ཕྱི་ལོ་ ༢༠༡༤ ཕྱི་ཟླ ༧ ཚེས་ ༡ གི་དགོང་དྲོ་ཆུ་ཚོད་༦།༡༠ ཡས་མས་ཙམ་ལ་སེར་བྱེས་གཙང་པ་མཁན་ཟུར་མཁྱེན་གཏེར་༸རྗེ་བཙུན་བློ་བཟང་ཚེ་རིང་དཔལ་བཟང་པོ་མཆོག་དགུང་གྲངས་༩༢ ཐོག་གདན་ས་ཆེན་པོ་སེ་རའི་གཟིམ་ཤག་ཏུ་ཞིང་ཁམས་གཞན་དུ་བརྗེས་པའི་མཛད་པ་བསྟན་ཡོད་པ་དང་། ཕྱི་ཚེས་༩ སྔ་དྲོ་ཆུ་ཚོད་༩ པ་ཙམ་ལ་ངོ་མཚར་བའི་ལྟས་མང་པོ་དང་བཅས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གནང་ཡོད་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད།

དེ་ཡང་༸རྗེ་བཙུན་བློ་བཟང་ཚེ་རིང་དཔལ་བཟང་པོ་མཆོག་ནི། གཙང་དགའ་ལྡན་ཕུན་ཚོགས་གླིང་གི་ཉེ་འཁྲིས་བླ་རྙིང་གྲོང་ཚོར་ཡབ་དབང་པོ་དང་། ཡུམ་དམ་ཆོས་ཞུ་བ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༢༣ ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། དགུང་ལོ་ལྔ་བའི་ཚེ་ཕུན་ཚོགས་གླིང་དུ་ཕེབས་ཏེ་དགུང་ལོ་བཅུ་གསུམ་ཙམ་ནས་སེར་བྱེས་པྲ་སྟི་དགེ་བཤེས་མཁྱེན་རབ་བག་བྲོ་ལགས་ཀྱི་དྲུང་ནས་བསྡུས་གྲྭ་སོགས་ལ་སྦྱངས་ཤིང་། བློ་འཛིན་དང་རྩོད་རིགས་ལ་ཀུན་ཧ་ལས་དགོས་པའི་གྲགས་པ་རྒྱས། དགུང་གྲངས༡༧ པ། ༡༩༤༠ ལོར་དབུས་སུ་སློབ་གཉེར་ལ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་རྒན་ལྷུན་གྲུབ་ཐབས་མཁས་ལགས་དང་། རྒན་ངག་དབང་དགེ་འདུན། རྒན་རིག་གསལ་ལགས་རྣམས་དང་། ཁོང་རྣམས་ཀྱི་རྩ་བའི་བླ་མ་ཟླ་མེད་པ་དགའ་ལྡན་ཁྲི་ཐོག་གོ་བཞི་པ་ཁྲི་ཆེན་ལྷུན་གྲུབ་བརྩོན་འགྲུས་དཔལ་བཟང་པོ་མཆོག་ལ་སོགས་པ་ཚུལ་བཞིན་དུ་བསྟེན་ཏེ། ༸ རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་ཆ་གཞིར་བཟུང་། གཞུང་ཆེན་མོ་རྣམས་ཀྱི་བཤད་བྱ་རྩ་བའི་མདོ་དང་། དེའི་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་མོ་རྣམས་ཀྱི་ཁོག་འབུབས་ལུགས་དང་། རིགས་པའི་ཡན་ལག་ཏུ་མཐའ་དཔྱོད་ཚུལ། བཤད་དོན་ལམ་གྱི་རིམ་པར་སྒྲིག་ལུགས་རྣམས་འོལ་སྤྱི་དང་ཟོམ་འཇོག་ཙམ་མ་ཡིན་པར་ཕུ་ཐག་ཆོད་པར་སྦྱངས་པས་གཞུང་དོན་གདམས་པར་ཤར་བའི་མཁས་གྲགས་དེ་དུས་ནས་རྒྱས། unnamed-7

༡༩༥༦ དང་། ༡༩༥༧ ལོ་སོ་སོར་གཙང་བཀྲ་ཤིས་ལྷུན་པོར་མཁས་མང་རྒྱ་མཚོའི་དབུས་སུ་བརྒལ་བརྟགས་ཀྱི་རྩོད་རིགས་འགྲན་པས་༸རྗེ་འདིའི་ལུང་རིགས་དང་། རྣམ་དཔྱོད་ཀྱི་སྟངས་ཀ་ལ་ཀུན་གྱི་ངོ་མཚར་ཞིང་བསྟོད་པས་དུས་འདའ་བ་བྱུང་ཡོད། སེར་བྱེས་སུ་ལོ་ངོ་༡༧ ཙམ་ལ་སློབ་གཉེར་གྱི་རྗེས་ཕུན་ཚོགས་གླིང་གི་དགེ་རྒན་དུ་ཕེབས། ༡༩༦༠ ཟླ ༡ པོའི་ནང་ལྷ་རྩེ་རྫོང་ཐོག་ཏུ་རྒྱ་གཞུང་གིས་བཙོན་འཇུག་དོ་དམ་བྱས། ༡༩༦༦ ལོར་བཙོན་གྲོལ་བཏང་སྟེ། ༡༩༦༩ ཟླ་ ༩ ཚེས་ ༢༩ དགོང་མོར་གསང་སྟབས་ཀྱིས་བྲོས་བྱོལ་དུ་ཕེབས་ཏེ། དང་པོར་འབྲས་ལྗོངས་སུ་རི་ཁྲོད་དུ་བཞུགས་རྩིས་གནང་པར། སེར་བྱེས་གྲྭ་ཚང་ནས་ནན་སྐུལ་གནང་དོན་ལྟར་ལྷོ་ཕྱོགས་ཀྱི་ཆོས་གྲྭ་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཕེབས། ༡༩༧༡ ༸་གོང་ས་མཆོག་དང་༸སྐྱབས་རྗེ་ཡོངས་འཛིན་རྣམ་པ་གཉིས་དང་རྒན་བློ་བཟང་དབང་ཕྱུག་སོགས་དང་མཇལ། ༡༩༧༢ ལོར་གདན་གསུམ་མཁས་མང་ཚོགས་པའི་དབུས་སུ་ལྷ་རམས་ཨང་དང་པོའི་དང་པོ་ཐོན། དུས་དེ་ནས་བཟུང་དོན་གཉེར་ཅན་རྣམས་ལ་གཞུང་ཆེན་དག་གི་དཔེ་ཁྲིད་རྒྱུན་མཐུད་ནས་གནང་།
༸གོང་ས་༸སྐྱབས་མགོན་རིན་པོ་ཆེས་བཀའ་འཁྲོལ་ཐོག ༡༩༨༢ བོད་དུ་ཕེབས་སྐབས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་། སེར་བྱེས་མཁན་ཟུར་རྒན་ལྷུན་གྲུབ་ཐབས་མཁས་སོགས་དང་མཇལ་མོལ་ཡང་གནང་། ༡༩༨༧ ལོའི་ཟླ་ ༤ པའི་ཚེས་མགོར་༸གོང་ས་མཆོག་ནས་མཁན་འོས་ཕྱག་རྟགས་གནང་བ་ལྟར་ཚེས་ ༡༡ ལ་ཁྲི་འདོན་གནང་། ༡༩༩༣ ཟླ་ ༨ ཚེས་ ༡༦ ནས་བཟུང་མཁན་ཟུར་དུ་ཕེབས། མཁན་པོ་ལོ་༧ གནང་བའི་རིང་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་ཅི་གསུང་བཀའ་བཞིན་བསྒྲུབས་ཏེ་གྲྭ་ཚང་རིན་པོ་ཆེའི་ཆོས་སྲིད་གང་ཅིའི་ཐད་འགྲན་ཟླ་མེད་པའི་མཛད་པ་ཡོངས་སུ་བསྐྱངས་པ་མ་ཟད། ༡༩༩༨ ལོ་ནས་རྫོང་དཀར་ཆོས་སྡེ་དང་། རིམ་བཞིན་བཀྲ་ཤིས་ལྷུན་པོ་གཉིས་ལའང་སྐབས་རེར་ཕེབས་ཏེ་དཔེ་ཁྲིད་བཀའ་དྲིན་བསྐྱངས།༸རྗེ་བཙུན་བླ་མ་དམ་པ་འདི་ཉིད་༸ནས་༸རྒྱལ་བསྟན་འབའ་ཞིག་ཐུགས་ལ་དགོངས་ཤིང་༸ཉིན་ཁར་མཚན་མཐུད་ཀྱིས་དཔེ་ཁྲིད་གནང་བ་མ་ཟད། ༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་མཚན་བརྗོད་པ་ཙམ་གྱིས་སྤྱན་ཞག་འཁོར་བ་དང་། ཕྱི་ལོ་ ༢༠༠༦ ལོར་དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་དབང་ཆེན་གནང་སྐབས། ཕྱག་རྫས་ཡོངས་རྫོགས་༸སྐྱབས་མགོན་རིན་པོ་ཆེར་བརྟན་བཞུགས་སུ་ཕུལ་ཞིང་དེ་དུས་༸གོང་ས་མཆོག་ནས་གསུངས་དོན། “སེར་བྱེས་གཙང་པ་མཁན་ཟུར་རྒན་བློ་བཟང་ལགས་ནས། དུས་རྒྱུན་དཔེ་ཁྲིད་རང་བྱས་ནས་ཡག་པོ་བྱས་པ་རེད།

unnamed-8གྲྭ་ཚང་གི་ལས་སྒོའི་ཆོས་སྲིད་གང་ཐད་ལ་གང་ཡོང་ཅི་ཡོང་བྱས་སོང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་རིང་གནས་ཁྱད་པར་ཅན་འདིར་གྲྭ་བ་གྲྭ་རྐྱང་ལ་གང་ཡོད་པ་དེ་བཙིར་ནས་ཐམས་ཅད་འདིར་བརྟན་བཞུགས་ལ་འབུལ་བཞིན་ཡོད་པ་རེད་” ཅེས་བཞད་མོ་དང་སྦྲགས་འཁོར་ཚོགས་རྒྱ་མཚོའི་དབུས་སུ་བསྔགས་བརྗོད་དང་གསལ་བཤད་གནང་བ་དང་། ཡང་༸གོང་ས་མཆོག་ནས་ཉེ་ཆར་ ༢༠༡༤ ལོར་བོད་ཁྱིམ་སློབ་གྲྭར་སྩལ་པའི་བཀའ་སློབ་ནང་།” གྲྭ་སའི་ནང་གི་དངོས་གནས་རྒྱན་དྲུག་མཆོག་གཉིས་ལ་འགྲན་ནུས་པའི་མཁས་པའི་དབང་པོ་མང་པོ་ཞིག་རྫོགས་ཚར་བ་རེད། རྒན་བློ་བཟང་དབང་ཕྱུག་དང་། རྒན་ཉི་མ། རྒན་པདྨ་རྒྱལ་མཚན་སོགས་དགོངས་པ་རྫོགས་ཚར་བ་རེད།
ད་ལྟ་ལྷག་བསྡད་པའི་གྲས་དེ་རྒན་གཙང་པ་བློ་བཟང་བཅས་ལས་མི་འདུག” ཅེས་གདན་གསུམ་མཁས་མང་གསེར་རི་ཕྲེང་བའི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པའི་མཁས་པའི་དབང་པོ་འདི་ཉིད་ལ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་དཔག་ཏུ་མེད་པ་ཡོད་ནའང་གཙོ་བོ་གཅིག་ནི། སྐུ་ཆུང་བའི་དུས་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙང་མ་ལ་གནས་ཏེ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློ་གྲོས་ཀྱིས་ཆོས་ཟབ་མོ་ཐམས་ཅད་ཐུགས་སུ་ཆུད་ཅིང་། དངོས་སྟོབས་ཀྱི་རིགས་པས་གཞི་ལམ་འབྲས་གསུམ་ཐམས་ཅད་གཏན་ལ་འབེབས་པ་འདི་ཡིན་པ་ནི། རྩོད་པ་དང་འཆད་པའི་སྐབས་ཀུན་ལ་མཐུན་སྣང་དུ་གྲུབ་ཅིང་། སྐུ་ཚེ་གང་བོར་བླ་བྲང་དང་ཤག་ཚང་གི་སྤྲོས་པ་དོར་ཏེ། གང་ཤེས་ཐུགས་བརྩེ་བས་སློབ་མ་ལ་འདོམས་པ་དང་། དཔེ་ཁྲིད་དང་དཔེ་ཀློག་གིས་ཉིན་ལས་ཉིན་ཐུང་བ་དང་། མཚན་ལས་མཚན་ཐུང་བའི་བཀའ་གདམས་གོང་མའི་རྣམ་ཐར་བདག་གིར་བཞེས། ཕྱག་རྫས་གང་ཡོད་བླ་མ་དང་དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་བ་ཁོ་ནའི་ཆེད་དུ་བསྔོ་བར་མཛད་ཅིང་། སྐུ་གཤེགས་པའི་ཚེ་ཡང་བླ་བྲང་དང་ཤག་ཚང་གི་སྤྲོས་པ་གང་ཡང་མེད་པས་བྱ་རྡོ་ཐོག་ནས་འཕུར་བ་ལྟ་བུའི་མཛད་པ་ཀུན་ལ་གོ་བར་མཛད་པ་འདི་ཡིན་པས། རྗེས་འཇུག་གདུལ་བྱ་རྣམས་ཀྱིས་བླ་མའི་མཛད་པར་ཁ་མིག་ཡར་ལྟ་རེ་ཨེ་ཡོང་ལ་འབད་པ་བྱ་རྒྱུ་འདི་གནད་ཀྱི་དོན་པོ་ལགས།

ངོ་སྤྲོད།

Post navigation

Previous Post: ཡུ་རོབ་སྤྱི་འཐུས་གཉིས་ཀྱིས་སྤེལ་བའི་གསལ་བསྒྲགས།
Next Post: བྱུ་རུ་སྔོན་པོ། བདེ་མོ་ཨེ་ཡིན།

Comments (16) on “ཡིད་སྐྱོའི་གནས་ཚུལ།”

  1. བསམ་ཤེས། says:
    2014-07-11 at 9:31 am

    བླ་མ་ངོ་མཚར་ཅན། ཁ་ཡོད་ལག་ཡོད་ཀྱི་བཀའ་གདམས་པའི་སྔོན་གྱི་དགེ་བཤེས་ཚོའི་རྗེས་ཟིན་མཁན་ཞིག་རེད་འདུག སྐུ་ཚེ་བཞུགས་དུས་ཞལ་མཇལ་མ་ཐུབ་པ་འདི་ངོ་མ་འགྱོད་པ་རེད་འདུག མཁས་གྲུབ་གཉིས་ལྡན་ཟེར་ན་འདི་རེད།

    གང་གི་དགོངས་པ་ཐ་དག་ལྷུན་གྱིས་གྲུབ་པར་ཤོག རབ་གུས་བདག་ཀྱང་རྟག་ཏུ་ཐོས་བསམ་སྒོམ་གསུམ་དང་། ངེས་འབྱུང་བྱང་སེམས་ཡང་དག་ལྟ་བས་འཚོ་འགྱུར་ནས། དེ་ཡི་དགེ་བ་འགྲོ་བའི་སྡུག་བསྔལ་སེལ་བར་ཤོག

  2. ནམ་མཁའ says:
    2014-07-11 at 11:56 am

    མཁས་དབང་ཡིན་པ་ལ་སྐྱབས་སུ་མཆི་ཞེས་གུས་བརྩི་ཞུ་བཞིན་ཡོད།ཡིན་ཡང་བློ་སྙན་འདིས་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་གདུང་ཞུགས་འབུལ་གནང་ཅེས་བྲིས་འདུག་པ་ཙམ་ལས།ངོ་མཚར་བའི་ལྟས་ག་རེ་བྱུང་བ་བྲིས་མི་འདུག་པས་བློ་ཕམ་བྱུང་།མ་གཞི་ནས་བླ་མའི་རྣམ་ཐར་སློབ་མས་བྲིས་ན་སྒྲོ་འདོགས་མང་པོ་ཡོང་ཡོང་པ་ཞིག་རེད།

  3. BONPO says:
    2014-07-11 at 12:42 pm

    སྐྱེས་ཆེན་དམ་པ་འདིས་་་སེམས་ཙམ་པ་སོགས་་གྲུབ་མཐའི་སྐོར་ལ་སློབ་ཁྲིད་གནང་བ་ཞིག་སྔོན་མ་་་ཡུ་ཀྲུབ་་་ནང་ལ་ཉན་རྒྱུ་འདུག དེང་རིང་རྩ་བ་ནས་རྙེད་ཐུབ་མ་སོང་། མཚན་བྱང་ལ་རྒྱ་ཡིག་བྲིས་བཞག་པ་ཞིག་འདུག་བསམ་སོང་། རྒྱུས་ཡོད་མཁན་ཡོད་ན་འདིར་འགོད་རོགས་གནོངས། བཀའ་དྲིན་ཆེ། །

  4. ཨ་ཕྱི་ཆོས་སྒྲོན says:
    2014-07-11 at 12:55 pm

    མྱ་ངན་ཞུ། དགེ་སློང་ཡག་པོ་ཡོད་ས་རེད། གསུང་པོ་ཏི་དུ་ཙམ་ཡོད་དམ། དགེ་བཤེས་ཁོང་གིས་སུམ་རྟགས་ཤེས་མ་རེད་ཟེར་བདེན་པ་ཡིན་ནམ།

  5. བསྟན་འཛིན་ says:
    2014-07-11 at 2:44 pm

    ཁོང་ནི་དངོས་གནས་གྲྭ་པ་དང་ དངོས་གནས་བླ་མ་ དངོས་གནས་རབས་བྱུངརང་རེད་ རབས་ཏུ་བྱུང་བ་དང་གྲྭ་པ་དངོས་གནས་ཡིན་ན་མི་ཚེ་དེ་འདྲ་སྐྱེལ་དགོས་ དེ་འདྲ་མིན་པའི་སྤྲུལ་སྐུ་དང་བླ་མ་ཕྱི་རྒྱལ་ལ་ཡོད་པ་རྣམས་ལུས་ལ་གྲྭ་ཆས་གྱོན་ཡོད་ཀྱང་དགོན་པར་མ་བསྡད་པར་ཕྱི་རྒྱལ་ཡོང་བ་ནི་དངུལ་རང་བསམ་ནས་ཡོང་བ་ཚང་མས་ཤེས་གསལ་རེད་ ཁོང་ཚོ་རབས་ཏུ་བྱུང་བ་རྩ་བ་ནས་མིན་ ཁོང་ཚོ་དོན་དངོས་སྐུ་ཚོང་རྒྱབ་མཁན་དང་ཁྱད་མེད་སངས་རྒྱས་ཀྱི་གསུང་དང་དགོངས་པ་ཚོང་མཁན་རེད། ཁོང་ཚོ་ནི་ཆོས་བྱེད་མཁན་ཞིག་མིན་པར་ཆོས་ཚོང་མཁན་ཞིག་རེད།

  6. བསྟན་འཛིན་ says:
    2014-07-11 at 4:30 pm

    སྐྱབས་སུ་ཆེ་ ཁོང་དངོས་གནས་རབས་ཏུ་བྱུང་བ་དང་དངོས་གནས་བླ་མ་རེད་

  7. བན་དེ་བ། says:
    2014-07-11 at 8:26 pm

    དགེ་བའི་བཤེས་གཉེན་ཁོང་གི་སྐུ་ཚེ་ཧྲིལ་པོར་དགོན་པར་བཞུགས་ནས་སྐལ་ལྡན་ལས་ཅན་རྣམས་ལ་གཞུང་པོད་ཆེན་བཞི་ཡི་ཆར་ཆེན་ཕབས་ཏེ་ཐར་འདོད་སྐྱེ་བུའི་འབྲུ་བདུན་གཡུར་དུ་སྨིན་པར་བྱས་པ་ལ་རྗེས་སུ་ཡི་རངས་དང་མྱ་ངན་གུས་འདུད་ཞུ།

  8. ཁྱུང་དཀར། says:
    2014-07-12 at 2:40 am

    རབ་བྱུང་ནས་དགེ་བཤེས་ཆགས་ཀྱང་འདུ་འཛི་དང་ལོངས་སྤྱོད་སྤངས་ནས་རང་ཉིད་ལ་ཡོད་པའི་ཤེས་ཡོན་ཡོད་ཚད་ཕངས་སེམས་མེད་པར་བཤད་སྒྲུབ་ཀྱི་སྡེ་ལ་འབུལ་རྐྱང་མཛད་པ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞིང་མི་ཚེ་རྫོགས་པའི་གཏམ་ངན་གོ་བར་སེམས་སྟེང་ནས་མྱ་ངན་གུས་འདུད་ཞུ།

  9. ཤར་པ་ says:
    2014-07-12 at 7:30 am

    རྗེ་འདི་པ་མཁས་གྲུབ་བླ་ན་མེད་པ་དང། ལྷག་པར་ཕར་ཕྱིན་ དབུ་མ་ དྲངས་ངེས་ རྣམ་འགྲེལ་བཅས་ལ་ ཁྲི་ལྷུན་འགྲུབ་བཙོན་འགྲུས་ནས་ཞལ་ཤེས་སོགས་ལུང་རིག་འགྲན་ཟླ་དང་བྲལ་བ་དང། དཔའ་བོའི་ཅིག་པའི་སྙེན་ཆེན་སོགས་ཧ་ལས་པའི་ཉམ་ལེན་པ་ཡིན་པར་གོར་མ་ཆག་
    མདོར་ན
    ཕྱི་རུ་ཉན་ཐོས་སྤྱོད་པས་ཉི་ཞིང་དུ།
    ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན།
    མདོ་སྔགས་ལམ་བཟང་འགལ་མེད་གྲོས་སུ་ཤར།
    བློ་བཟང་རྒྱལ་བའི་བསྟན་པ་རྒྱ་ཆེར་སྤེལ་།

  10. ཤར་པ་ says:
    2014-07-12 at 7:31 am

    ཞིང་ཞིང་དུལ

  11. ལྷ་སྲས་དར་མ། says:
    2014-07-12 at 11:20 am

    བློ་མིང་ཅན་ཁོང་དོན་དངོས་ཐོག་ཆོས་དང་ཆབ་སྲིད་དེ་བཞིན་རིག་གནས་སོགས་ལ་བྱང་ཆ་ཚད་ལྡན་རེད་མོད། ད་ཐེང་ཙང་པ་དགེ་བཤེས་ཀྱི་ཡིད་སྐྱོའི་གནས་ཚུལ་འདི་ལ་ཡིད་སྐྱོ་བའི་གནས་ཚུལ་གང་མང་ཞིག་གསལ་བའི་་རོང་གྲོགས་ནས་ཇེ་གསལ་གཏོང་བའི་རེ་བ་ཅི་ནས་ཆེ།

  12. མང་ཐོས། says:
    2014-07-13 at 3:11 am

    དམ་པ་ཁོང་གི་མདུན་ནས་དངོས་སུ་གསུང་ཆོས་ཞུ་མ་མྱོང་ཡང་ཁོང་གིས་བཀའ་ཁྲིད་འོད་སྡེར་ཐོག་ཡོད་པའི་རྣམ་འགྲེལ་དང་། དྲང་ངེས་ལ་མང་པོ་ཉན་མྱོང་། ཁོང་ནི་ང་ལ་མཚོན་ན་བཀའ་དྲིན་ཅན་གྱི་བླ་མ་ཞིག་ཡིན། ཁོང་དགོངས་པ་རྫོགས་པ་ཐོས་ཚེ་སེམས་སྐྱོ་ལྷང་ལྷང་བ་བྱུང་སོང་། དངོས་གནས་འཕང་པོ་རེད།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-07-13 at 8:38 am

    མཁན་ཟུར་རིན་པོ་ཆེ་རྒན་བློ་བཟང་ཞབས་ཀྱིས་རྒས་པའི་སྐུ་ལུས་སྤངས་ཀྱང་། སླར་སྐུ་ལུས་གསར་པ་བཞེས་ཏེ། ད་ལྟའི་མཛད་པ་བཞིན་དུ་བསྟན་འགྲོར་སྨན་པའི་མཛད་པ་ལྷུར་བཞེས་པར་གསོལ་བ་འདེབས་པ་ལགས།
    གཞན་ངོ་མཚར་བའི་གནས་ཚུལ་ཞིག་ནི། བདག་གནས་འདིར་སླེབས་ནས་ཉིན་བཅུ་སོང་ཡང་ཆར་བབས་པ་ཞིག་མ་མཐོང་། ཁ་སང་གནས་བརྟན་སྡེ་པའི་དགེ་སློང་རྣམས་ཀྱིས་དབྱར་གནས་ཞལ་བཞེས་མཛད་པ་ན། ཆར་མེད་པར་དབྱར་གནས་ལ་བཞུགས་པ་ཇི་ལྟར་ཡིན་སྙམ་པ་བྱུང་ཡང་། མདང་དགོངས་མཚན་ལ་ཆར་ཉུང་ཉུང་བབས། ད་ལྟ་གནམ་ལ་ཆར་སྤྲིན་འཁོར་བས་ཆར་སིམ་སིམ་དུ་འབབ་བཞིན་པའོ།
    ་

  14. བྱམས་པ་འཆི་མེད། says:
    2014-07-13 at 10:09 am

    ཨ་ཁ་ཁ་ཡིན་ནའང་དགུང་ལོ་ཧ་ཅང་མཐོན་པོ་རེད་འདུག་་་་

  15. བཀྲ་ཤིས། says:
    2014-07-15 at 12:28 am

    བློ་གྲོས་རབ་ཡངས་རྒྱན་དྲུག་མཆོག་གཉིས་ཟླ།།
    བཟང་པོའི་ཐུགས་བརྩེ་༸རྒྱལ་བའི་སྲས་ཀྱི་རིགས།།
    ཚེ་ཡི་ཉི་མ་ནུབ་རིའི་ཕྲག་ཏུ་ཡིབས།།
    རིང་པོར་མི་འགྱུར་འགྲོ་བའི་དཔལ་དུ་བྱོན།།

  16. རང་མདངས says:
    2014-07-15 at 11:43 pm

    ཕྱག་རྫས་གང་ཡོད་བླ་མ་དང་དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་བ་ཁོ་ནའི་ཆེད་དུ་བསྔོ་བར་མཛད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme