Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་བཙོངས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དྲན།

Posted on 2014-06-282014-06-28 By ཁ་བརྡ་ 8 Comments on བོད་བཙོངས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དྲན།

རིག་འཛིན་ལྷུན་གྲུབ།

དུས་རབས་བཅོ་བརྒྱད་དང་བཅུ་དགུའི་ནང་ཤར་གླིང་ཨེ་ཤི་ཡའི་ནང་། རུ་དབྱིན་རྒྱ་གསུམ་གྱི་དབར་དབང་ཆ་འཐབ་རྩོད་ཀྱི་’རྩེད་འགྲན་ཆེན་མོ་’ཞེས་པ་ཡུན་རིང་རྩེས་ཤིང། བོད་ནི་རྩེད་འགྲན་དེའི་རྩེད་ཐང་ལྟེ་བ་དེ་ཆགས་པ་རེད། རིམ་པས་དབྱིན་ཇིས་ཨེ་ཤི་ཡའི་ནང་དབང་བསྒྱུར་ལ་འགྱུར་བ་ཕྱིན་པ་དང། རྩེད་འགྲན་དེ་ཡང་རང་བཞིན་གྱིས་མེད་པ་ཆགས་མོད། འོན་ཀྱང་། རྩེད་ཐང་ལྟེ་བ་བོད་ཀྱི་གནས་བབ་ཅི་འདྲ་ཞིག་ཡིན་མིན་ནི། དབྱིན་ཇི་བ་ཅར་ལེསེ་བྷལ་གྱིས་བྲིས་པའི་དེབ་”འདས་དང་ད་ལྟ་བའི་བོད།”ཅེས་པའི་ནང་ཇི་ལྟར་བཀོད་བསྡོམས་བྱས་པ་དེ་བཞིན་ནུབ་ཕྱོགས་པ་ཚོས་དེང་སྐབས་ཀྱང་ཆ་འཇོག་བྱེད་བཞིན་ཡོད།

རྩེད་འགྲན་ཆེན་མོའི་རྗེས་སུ་གོ་ལ་ཧྲིལ་པོར་ཆབ་སྲིད་དང། སྤྱི་ཚོགས་གནས་བབ་སོགས་ལ་འགྱུར་ལྡོག་ཆེན་པོ་ཞིག་རིམ་པས་བྱུང་ཡོད་ཀྱང། བོད་ནི་སླར་ཡང་རྒྱ་དཀར་ནག་གཉིས་དབར་གྱི་ཚོང་རྫས་ཤིག་ཏུ་གྱུར། དེ་ཡང། ཕྱི་ལོའི་བརྒྱ་ཕྲག་བཅུ་དགུ་པའི་ལོ་རབས་ལྔ་བཅུ་པའི་ནང་རྒྱ་དཀར་ནག་གཉིས་ཀྱི་སྲིད་བློན་གཉིས་ཀྱི་བར་དམིགས་བསལ་གྱི་འབྲེལ་བ་ཞིག་བྱུང་ཡོད། དེའི་སྐབས་རྒྱ་གར་གྱི་སྲིད་བློན་ནི་ནེ་རུ་དང་། རྒྱ་ནག་གི་སྲིད་བློན་ནི་ཀྲའུ་ཨན་ལེ་རེད། ཁོ་གཉིས་ཀ་སྤྱི་ཚོགས་རིང་ལུགས་པ་ཡིན་པ་ཙམ་མ་ཟད། ནེ་རུ་ནི་དེའི་སྐབས་རྒྱ་གར་འགོ་ཁྲིད་ལུས་ངག་ཡིད་གསུམ་ལ་ནུབ་ཕྱོགས་པའི་བག་ཆགས་ཤུགས་ཆེན་ཡོད་མཁན་ཞིག་ཡིན་སྟབས། ཀྲའུ་ཨན་ལེ་ལྟ་བུའི་རྒྱ་རིགས་ནུབ་ཕྱོགས་པའི་ཟ་སྟངས་འདུག་སྟངས་ཤེས་མཁན་ཞིག་ལ་ཐུག་པས་བློ་གཅིག་སེམས་གཅིག་གིས་གྲོགས་པོར་གྱུར། ཀྲའུ་ཡིས་ཁོ་རང་ལ་ནེ་རུས་དེ་ལྟ་བུའི་བློ་ཉེ་སེམས་ཉེ་བྱས་པ་ནི་གོ་སྐབས་རྩ་ཆེན་ཞིག་ལ་དམ་འཛིན་བྱས་པ་རེད།

ཀྲའུ་ཨན་ལེ་མི་ཅི་འདྲ་ཞིག་ཡིན་མིན་ནི་༧གོང་ས་མཆོག་གིས་གསུངས་དོན། “ངའི་གྲོགས་པོ་རྙིང་པ་ཀྲའུ་ཡང་བསྐྱར་མཇལ་སྐབས་ཁོང་མཐོང་དོད་པོ། འཛུམ་མདངས་ཆེ་བ། བསླུ་བྲིད་མཁས་པོ་ངས་སྔོན་ནས་ཤེས་པ་དེ་ཀ་རང་རེད།” ཅེས་རྒྱལ་ས་དིལླིར་ནེ་རུ་དང་མཉམ་དུ་གནམ་ཐང་དུ་མཇལ་འཕྲད་བྱུང་སྐབས་ཀྱི་གཟིགས་ཚུལ་གང་བྱུང་གསུངས་པ་ཞིག་རེད། འོན་ཀྱང། ནེ་རུས་ཀྲའུ་ཨན་ལེ་མི་ཅི་འདྲ་ཞིག་ཡིན་པ་རྒྱུས་ལེན་བྱེད་ཐུབ་མེད།
ཡང་། ནེ་རུ་མི་ཅི་འདྲ་ཞིག་ཡིན་མིན་ནི་༧གོང་ས་མཆོག་གིས་གསུངས་དོན། “མའོ་ཙེ་ཏུང་དང་བསྡུར་དུས་ཁོང་རང་ལ་གདེངས་སྤོབས་དེ་ཙམ་མེད་པར་མ་ཟད། དབང་ཡོད་རིང་ལུགས་ཀྱི་རྣམ་པ་གང་ཡང་མི་མངོན། ཁོང་ཐུགས་སེམས་དྲང་པོ་ཡོད་པའི་མངོན་རྟགས་ཀྱང་མཐོང་བྱུང་། རྒྱུ་མཚན་དེ་ལ་བརྟེན་ནས་རྗེས་སུ་རྒྱ་དམར་གྱི་སྲིད་བློན་ཀྲའུ་ཨན་ལེ་ཡིས་མགོ་བསྐོར་བཏང་བ་རེད།”ཅེས་གསུངས་པ་ལྟར་ནེ་རུ་ཀྲའུ་ཡི་མགོ་བསྐོར་བསླུ་བྲིད་འོག་ཚུད་པ་སྨྲ་ཅི་དགོས།

ཕྱི་ལོ་༡༩༥༣ ཟླ་༡༢ ནང་སྲིད་བློན་ནེ་རུ་དང་ཀྲའུ་ཨན་ལེ་གཉིས་བར་དངོས་སུ་གྲོས་མོལ་གཏམ་གླེང་བྱེད་འགོ་བཙུགས་ཡོད་པ་དང་། ཀྲའུ་ཡིས་རྒྱ་དཀར་ནག་གཉིས་ཀྱི་བར་’ཞི་བདེ་མཉམ་གནས་’ཡོང་རྒྱུ་གལ་ཆེན་དོན་ཆེན་ཡིན་ལུགས་ཀྱི་སྐད་ཆ་དེས། ནེ་རུས་ཀྲའུ་ནི་ཁ་ཞེ་གཉིས་མེད་ཅིག་ཡིན་པར་ཡིད་ཆེས་བྱས་པ་ལས། རྣ་བར་སྙན་ཞིང་ཡིད་འཕྲོག་བའི་སྐད་ཆ་དེའི་རྒྱབ་ཏུ་ཅི་ཞིག་གབ་ཡོད་པ་དཔོག་ཐུབ་མེད།
མཐར་ཕྱི་ལོ་༡༩༥༤ ཟླ་༤ ཚེས་༢༩ ཉིན་པེ་ཅིན་དུ་རྒྱ་དཀར་ནག་གཉིས་བར་གྲོས་མཐུན་དོན་ཚན་ལྔ་ཞེས་པ་དེ་བཞག་ཅིང། གྲོས་མཐུན་དེ་ལ་རྒྱ་རིགས་ཚོས་”རྒྱ་དཀར་ནག་བར་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ།”ཞེས་འབོད་པ་དང། རྒྱ་གར་ནང་ཡོངས་གྲགས་སུ་པཉྕཤཱིལ་ཏེ་ཚུལ་ཁྲིམས་ལྔ་ཞེས་འབོད་ཀྱི་ཡོད་པ་མ་ཟད། མི་མང་ཆེ་བས་དེ་ནི་ད་དུའང་མིང་དོན་མཚུངས་པ་ཞིག་རེད་སྙམ་གྱི་ཡོད། ཚུལ་ཁྲིམས་ལྔ་ཞེས་མིང་འདོགས་མཁན་ནི་ནེ་རུ་ཡིན་ཅིང། རྒྱ་རིགས་སྤུན་ཟླ་ཚོ་བློ་ཡིད་མགུ་ཐབས་སུ་ནང་ཆོས་ཀྱི་བརྡ་ཆད་བཀོལ་སྤྱོད་བྱས་པ་རེད་ཅེས་ཟེར།
གྲོས་མཐུན་དེའི་མིང་དངོས་གནས་ནི་རྒྱལ་ཚོགས་སུ་དེབ་འགོད་བྱས་པའི་གྲོས་མཐུན་ཡིག་ཆ་ཕྱོགས་བསྒྲིགས་ཨང་༤༣༠༧ པ་སྟེ་”རྒྱ་གར་དང་རྒྱ་ནག་གི་བོད་ཁུལ་དབར་ཚོང་དོན་དང་འབྲེལ་ལམ་གྲོས་མཐུན།”ཞེས་འཁོད་ཡོད་ཅིང་། གྲོས་མཐུན་དང་མཉམ་དུ་ཕན་ཚུན་དབར་འགྲེལ་བརྗོད་ཡིག་ཆ་རེ་ཡང་སྤྲོད་རེས་བྱས་ཡོད། གྲོས་མཐུན་དེ་ལ་གླེང་གཞི་དོན་ཚན་ལྔ་དང་། ནང་དོན་དངོས་ལ་ལེ་ཚན་དྲུག་ཡོད་ཀྱང་། མི་མང་ཆེ་བས་གླེང་གཞི་དོན་ཚན་ལྔ་དེ་མ་གཏོགས་ནང་དོན་དངོས་ཀྱི་ལེ་ཚན་དྲུག་དེར་དོ་སྣང་བྱེད་ཐུབ་མེད། གྲོས་མཐུན་ཡིག་ཆ་དེ་རྒྱལ་ཚོགས་སུ་དེབ་འགོད་བྱེད་མཁན་ཀྱང་རྒྱ་གར་རེད།

གྲོས་མཐུན་དེ་ནི་དོན་དངོས་ཐོག་རྒྱ་གར་གྱི་སྲིད་བློན་དང་པོ་ནེ་རུས་འཕགས་བོད་གཉིས་བར་མི་ལོ་ཉིས་སྟོང་ལྷག་གི་ཡུན་རིང་གི་དངོས་ཡོད་ལོ་རྒྱུས་ནག་བསུབས་བཏང་སྟེ། བོད་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་མིང་རྟགས་བཀོད་པ་རེད། ༧གོང་ས་མཆོག་གིས་”བོད་རྒྱ་ནག་གི་ས་ཁོངས་ཡིན་ཚུལ་པེ་ཅིང་གཞུང་གིས་འདོད་རྩོད་བྱས་པ་དེ་ལ་ང་ཚོའི་ཁྱིམ་མཚེས་ཉེ་ཤོས་དང་། ཆོས་ཀྱི་འབྱུང་གནས་རྒྱ་གར་གྱིས་ངོས་ལེན་བྱས་པ་དེ་ཧ་ཅང་ཐབས་རྡུགས་པོ་ཞིག་རེད།” ཅེས་ཐུགས་ཕམ་དང་བཅས་གསུངས་ཡོད།
ཐ་ན། ཕྱི་ལོ་༡༩༠༤ ལོར་དབྱིན་བོད་གཉིས་བར་བཞག་པའི་གྲོས་དོན་ལྟར་བོད་ནང་རྒྱ་གར་ལ་རང་ཆས་སུ་ཡོད་པའི་དམག་དོན་དང། བརྒྱུད་ལམ་དང། སྦྲག་ཁང་སོགས་ཀྱི་ཐོབ་ཐང་ཚང་མ་རང་འགུལ་གྱིས་ཕྱིར་འཐེན་བྱས་ཤིང། བོད་ཐོག་རྒྱ་གར་ལ་དབང་ཆ་དང་ཐོབ་ཐང་གང་ཡང་དགོས་འདུན་བཏོན་མེད། སྐབས་དེའི་དུས་ཀྱི་རྒྱ་གར་གནད་ཡོད་མི་སྣ་མང་པོས་བྱེད་ཐབས་དེ་ནི་ནོར་འཁྲུལ་ཅན་དང་ཕམ་ཚོང་ཞིག་ཡིན་པའི་སྐྱོན་བརྗོད་དང་། དགག་བྱ་བྱས་ཀྱང་ནེ་རུས་ཁས་ལེན་བྱས་མེད་པ་མ་ཟད། ཕྱི་ལོ་༡༩༥༤ ཟླ་༤ པའི་ནང་རྒྱ་གར་གྲོས་ཚོགས་སུ་ནེ་རུས་”དེ་ནི་དངོས་ཡོད་གནས་སྟངས་ངོས་འཛིན་ཐོག ལོ་རྒྱུས་དང་ལག་ལེན་གཉིས་ཀའི་ཐོག་ནས་དགོས་ངེས་ཀྱི་གོམ་པ་སྤོས་པ་ཞིག་རེད་”ཅེས་བཤད་དེ་ཐག་གཅོད་དེ་ཡང་དག་པ་དང་། དུས་དང་འཚམ་པ་ཞིག་ཡིན་པ་བརྗོད་ཡོད།

རྒྱ་དཀར་ནག་གཉིས་བར་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ཉིན་ཤས་ཕྱིན་པའི་རྗེས་ཏེ། ཕྱི་ལོ་༡༩༥༤ ཟླ་༥ ཚེས་༢ ཉིན་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་སྲིད་བློན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ནེ་རུས་”གལ་ཏེ་རྒྱལ་ཁབ་ཚང་མའི་འབྲེལ་ལམ་ཐོག་དོན་ཚན་འདི་དག་རྩ་འཛིན་བྱས་ཚེ། དམག་འཐབ་དང་ཐ་ན་རྩོད་རྙོག་ཙམ་ཡོང་སྲིད་ཀྱི་མ་རེད།”ཅེས་འགྲེལ་བརྗོད་བྱས་ཡོད།
འོན་ཀྱང། དངོས་བདེན་ནི་རྒྱ་དཀར་ནག་བར་གྲོས་མཐུན་དེ་བཞག་པ་ནས་བཟུང། རྒྱ་ནག་གིས་ལག་བསྟར་སྣ་གཅིག་ཀྱང་བྱས་མེད། དཔེར་ན། གྲོ་མོ་དང་། རྒྱང་རྩེ་དང་། སྒར་ཐོག་བཅས་ས་གནས་ཁག་ཏུ་རྒྱ་གར་གྱི་ཚོང་དོན་ལས་ཁང་གྲོས་མཐུན་གྱི་ནང་དོན་དངོས་ཀྱི་ལེ་ཚན་དང་པོའི་ནང་གསལ་བཞིན་ད་དུང་བཙུགས་བཅུག་མེད། འོན་ཀྱང། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ནང་རྒྱ་ནག་གི་ཚོང་དོན་ལས་ཁང་གྲོས་དོན་ལྟར་བཙུགས་ཡོད། དེ་བཞིན་གྲོས་མཐུན་ནང་དོན་དངོས་ཀྱི་ལེ་ཚན་གསུམ་པར། རྒྱ་གར་ནས་གངས་རིན་པོ་ཆེ་དང་མཚོ་མ་ཕམ་ལ་གནས་སྐོར་སྔར་སྲོལ་བཞིན་བསྐྱོད་ཆོག་པ་གསལ་ཡོད་ཀྱང། རྒྱ་ནག་གིས་རང་འདོད་བཞིན་རྟག་ཏུ་དམ་དྲག་བྱེད་པ་མ་ཟད། གནས་སྐོར་བ་བཙོན་འཇུག་བཀག་ཉར་བྱས་པའི་གནས་ཚུལ་ཀྱང་ཐོན་ཡོད།
གཞན་ཡང། གྲོས་མཐུན་ནང་དོན་དངོས་ཀྱི་ལེ་ཚན་བཞི་པར། གནས་སྐོར་བ་དང་ཚོང་པ་ཕར་འགྲོ་ཚུར་འགྲོ་བྱེད་རྒྱུའི་བརྒྱུད་ལམ་ནི། རྣ་ཐོད་ལ་སོགས་ལ་མི་འདྲ་བ་དྲུག་བརྒྱུད་ནས་སྔར་སྲོལ་བཞིན་འགྲོ་ཆོག་པ་གསལ་ཡོད་ཀྱང། དོན་དངོས་ཐོག་ལ་གཅིག་བརྒྱུད་ནས་བློ་བདེ་བག་ཕེབས་ངང་འགྲོ་བསྐྱོད་བྱེད་ས་མེད།

གྲོས་མཐུན་གྱི་ནང་དོན་དངོས་ཀྱི་ལེ་ཚན་དྲུག་པར་། གྲོས་མཐུན་དེའི་ཡུན་ཚད་ནི་ལོ་བརྒྱད་ཡིན་པ་དང་། དེའི་རྗེས་ཡུན་ཚད་འཕར་འགྱངས་བྱ་རྒྱུ་ནི་ཕྱོགས་གཉིས་དབར་གྲོས་མོལ་ལམ་ནས་བྱ་རྒྱུ་འཁོད་ཡོད་ཀྱང། རྒྱ་ནག་གིས་གྲོས་མཐུན་དེ་རྩིས་མེད་རྡོག་རུལ་བཏང་སྟེ་༡༩༦༢ ལོར་རྒྱ་གར་ལ་དམག་བརྒྱབས་པ་དང་། རྒྱ་གར་གྱི་ས་ཆ་མང་པོ་ཞིག་ད་དུའང་རྒྱ་ནག་འོག་ཏུ་ཤོར་ནས་ཡོད། རྒྱ་དཀར་ནག་གཉིས་བར་དམག་འཐབ་དེས་སྲིད་བློན་ནེ་རུའི་ཆབ་སྲིད་ཐབས་བྱུས་ནི་ཕམ་ཉེས་ཅན་ཞིག་ཡིན་པ་གསལ་པོ་བསྟན་པ་མ་ཟད། མཐའ་ན་ཁོང་རང་ཉིད་ཀྱི་ཚེ་སྲོག་དེའང་ཕམ་ཉེས་ཅན་གྱི་སྲིད་བྱུས་དེས་འཕྲོག་པ་རེད། དོན་དངོས་གཞིར་བྱས་ན། རྒྱ་དཀར་ནག་བར་གྱི་གྲོས་མཐུན་དེ་རྩིས་མེད་ཆགས་ནས་ལོ་ངོ་༥༢ འདས་ཟིན་མོད། འདས་པའི་དུས་རབས་ཕྱེད་ལྷག་གི་རིང་རྒྱ་གར་གྱིས་མུ་མཐུད་ནས་སྡིག་པ་མིག་བཙུམས་ཀྱིས་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་བཤད་འདུག་པ་རེད།

ཕྱི་ལོོ་༢༠༡༤ ལོ་ནི་གྲོས་མཐུན་དེ་བཞག་ནས་ལོ་དྲུག་བཅུ་འཁོར་བའི་དུས་དྲན་ཞེས་པ་ཞིག། པེ་ཅིན་དུ་ཟླ་འདིའི་ཚེས་༢༨ དང་༢༩ ཉིན་གཉིས་ཀྱི་རིང་མཛད་སྒོ་འཚོགས་རྒྱུ་དང་། རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཧཱམིད་ཨནསཱརཱི་མཆོག་དུས་དྲན་དང་འབྲེལ་གཟའ་འཁོར་གཅིག་རིང་རྒྱ་ནག་ཏུ་བསྐོར་བསྐྱོད་བྱེད་བཞིན་ཡོད། ཉེ་ཆར་རྒྱ་གར་གྱི་གཞུང་འཛིན་འཕོ་འགྱུར་ཕྱིན་མ་ཐག རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱལ་ས་དིལླིར་སླེབས་པ་ནི། གཞུང་འཛིན་གསར་པའི་སྲིད་བློན་མཆོག་གི་ལས་འགན་དམ་འཁུར་མཛད་སྒོར་བཙན་བྱོལ་བོད་མིའི་སྲིད་སྐྱོང་མཆོག་མགྲོན་འབོད་གནང་པའི་རྣམ་འགྱུར་དེ། དོན་དངོས་ཐོག་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་ཡོད་མེད་བལྟ་པར་ཡོང་བ་རེད་ཅེས་ཆབ་སྲིད་དཔྱད་བརྗོད་པ་ཚོས་བརྗོད་ཡོད།
རྒྱ་གར་གྱི་སྲིད་བློན་དང་པོ་ནེ་རུས་བསུབ་ཏུ་མེད་པའི་ནོར་འཁྲུལ་དང། ཕམ་ཉེས་ཅན་གྱི་སྲིད་བྱུས། ཁ་གསབ་ཏུ་མེད་པའི་གྱོང་གུན་ཚབས་ཆེན་ཞིག་བཟོས་པ་མ་ཟད། ལོ་རྒྱུས་ལ་འགན་མ་འཁུར་བ་དང། འབྱུང་འགྱུར་ལ་བསམ་བློ་མ་བཏང་བའི་ནག་ཉེས་བཟློག་ཏུ་མེད་པ་ཞིག་ཡིན་མོད་ཀྱང་། ད་ལན་སླར་ཡང། སྲིད་འཛིན་གཞོན་པ་རྒྱ་ནག་ཏུ་ནག་ཉེས་དེ་བསྐྱར་ལྡབ་བྱེད་པར་མངགས་པ་ཞིག་རེད།།

དཔྱད་རྩོམ།

Post navigation

Previous Post: ཉོབ་སོང་།
Next Post: རྒྱལ་སྤྱིའི་རྩོམ་པ་པོའི་ཚོགས་འདུར་མཉམ་ཞུགས་དང་གཏམ་བཤད།

Comments (8) on “བོད་བཙོངས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དྲན།”

  1. ཀརྨ་བློ་གསལ་ says:
    2014-06-28 at 9:19 am

    ཕམ་ཉེས་ཆ་ཚང་གཞན་མགོར་གཡོགས་མཁས་པ་ནི་བོད་པ་བཙན་བྱོལ་པ་ཚོའི་ཡོན་ཏན་ཡིན་མོད། བྷ་བྷུ་མཐར་ཕྱིན་མཆོག་གིས་བོད་ཕམ་དོན་གང་ཡིན་ང་ཚོར་ཁ་གསལ་གསུངས་ཟིན་པས། དེང་སྐབས་བོད་པ་སོ་སོའི་སྒང་གི་མ་འཇོན་པ་གང་ཡིན་མིན་འཚོལ་བའི་དུས་ལ་སླེབས་ཡོད། ད་ལོ་གྲོས་ཚོགས་སྟེང་གོང་ས་མཆོག་ཕེབས་སྐབས། ཁོང་གིས་སོ་སོར་བསྡོམས་ཚིག་ཅིག་བཀོད་པ་ནི། ༼འཛམ་གླིང་ཞི་བདེ་དེད་དཔོན། བོད་ཀྱི་ལུང་པ་སྐྱེལ་མི༽གསུངས་པ་ལྟར་རེད། བཙན་བྱོལ་བ་ཚོས་ཁྱོན་ཡོངས་ནས་མ་འཇོན་པའི་རྒྱུ་རྐྱེན་ཞིབ་མོར་བཙལ་བའི་དུས་ལ་སླེབས་ཡོད།

  2. Tenlay Norbu says:
    2014-06-29 at 3:17 pm

    རིག་འཛིན་ལྷུན་གྲུབ་ལའང་ཁག་མི་འདུག ད་མང་པོ་ཞིག་ཕྱི་དྲགས་ཟིན་པ་རེད།

  3. དྲི་མེད་ལྷག་བསམ། says:
    2014-06-30 at 11:19 pm

    དཔྱད་བརྗོད་ཡག་པོ་སྤེལ་འདུག གྲོས་མཐུནདེ་དག་གི་ཡི་གེ་མ་ཕྱི་དགོངས་ན་དྲ་ཐོག་ཏུ་འགོད་པར་ཞུ། ། གཟིགས་མཁན་རྣམས་ལ་ཕན་པ་དང་། ཁུངས་བཙུན་པོ་ཡོང་བར་ངེས། །ཐུགས་རྗེ་ཆེ།

  4. རིག་འཛིན་ལྷུན་གྲུབ། says:
    2014-07-01 at 5:13 am

    དྲ་གྲོགས་རྣམས་ལ་འཚམས་འདྲི་ཞུ་རྒྱུ་དང་། ད་ལན་གུས་པས་འདིར་བོད་པ་དང་རྒྱ་དཀར་ནག་དབར་ལ་ཐད་ཀར་འབྲེལ་བ་ཡོད་པའི་དཔྱད་བརྗོད་ཅིག་སྤེལ་བའི་ཁུལ་ཡིན། བོད་པ་ཚོས་ཡིད་ལ་བསམ་པ་དང་སྣང་བར་འཆར་བའི་རྒྱ་གར་ནི་འཕགས་ཡུལ་རེད། དེ་ན་འཕགས་བོད་ཀྱི་འབྲེལ་བ་མ་གཏོགས། རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ངོ་མ་ག་འདྲ་ཞིག་ཡོད་མེད་ལ་དོ་སྣང་ཙམ་ཡང་བྱེད་མཁན་མེད། དཔེར་ན། ༡༩༤༧ཙམ་ནས་བཟུང་ད་ལྟའི་བར་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་མེད། འདི་ལ་རྒྱུ་མཚན་མང་པོ་ཡོད་ངེས་རེད།
    དཔྱད་བརྗོད་དང་འབྲེལ་ཡོད་ཡིག་ཆ་དང་རྩོམ་ཡིག་ཁག་ཅིག་གི་དྲ་ཐག
    གྲོས་མཐུན་གྱི་མ་ཡིག་གི་དྲ་ཐག (རྒྱ་སྐད། ཧིན་སྐད། དབྱིན་སྐད།)
    http://treaties.un.org/doc/publication/unts/volume%20299/v299.pdf
    ཧིན་སྐད་རྩོམ་ཡིག་གི་དྲ་ཐག
    http://www.livehindustan.com/news/editorial/guestcolumn/article1-co-opratation-five-theory-panchsheel-57-62-433170.html
    དབྱིན་སྐད་རྩོམ་ཡིག་གི་དྲ་ཐག
    http://claudearpi.blogspot.in/2014/06/time-for-newer-stronger-panchsheel.html
    http://www.dailypioneer.com/columnists/edit/a-problematic-part-of-nehrus-legacy.html
    http://indianexpress.com/article/opinion/columns/chinese-takeaway-panchsheel-blues/
    http://indianexpress.com/article/opinion/columns/moving-beyond-the-panchsheel-deception/99/
    http://thediplomat.com/2014/06/reflecting-on-chinas-five-principles-60-years-later/
    http://thediplomat.com/2014/07/the-maoist-origins-of-xis-security-vision/
    གྲོས་མཐུན་སྐབས་དང་འབྲེལ་ཡོད་ཀྱི་པར་རིགས།
    http://meahindi.nic.in/hindixpsite/celdemo/panchsheel.pdf
    དཔེ་དེབ་ཁག་ཅིག
    1.Jawaharlal Nehru’s Speeches
    2.Experiments with Truth and Non violence By Dr Bhasker Vyas
    3.Freedom in Exile By His Holiness the Dalai Lama

  5. Tenlay Norbu says:
    2014-07-01 at 8:37 pm

    རྩ་བ་བོར་ནས་ཡལ་ག་འཇུ་རྒྱུར་དགའ་བའི་མི་རྣམས་ལ་ལམ་སྟོན་ལེགས་པོ་ཞིག་བྱས་འདུག ལྷག་པར་དུ་དཔྱད་གཞི་རྣམས་དྲ་ཐོག་བཞག་པས་དེ་བས་ཀྱང་དཔྱོད་མཁན་དག་ལ་རྒྱག་ཕྱེ་གང་མང་ཡོང་བ་གོར་མི་ཆགས།

  6. ཞུས་ཆེན་པ། says:
    2014-07-02 at 6:13 am

    རིག་འཛིན་ལྷུན་གྲུབ་ལགས་ཀྱིས་དཔྱད་བརྗོད་ཡག་པོ་སྤེལ་འདུག་པས་ཐུགས་རྗེ་ཆེ་ཞུ།

  7. དྲི་མེད་ལྷག་བསམ། says:
    2014-07-02 at 6:18 am

    ཐུགས་རྗེ་ཆེ། དཔྱད་བརྗོད་མཁན་ལ་ལོ་རྒྱུས་ཀྱི་རྒྱུ་བཅའ་ཡག་ཐག་ཆོད་འདུག རྒྱ་གར་བཀའ་དྲིན་ཅན་འདིས་རྒྱ་ནག་ཐག་རིང་། བོད་པ་རྒྱུ་ལ་དགའ། ནམ་ཞིག་ངའི་ཀ་ནང་དུ་ལྷུང་ཡོང་སྙམ་པའི་རེ་བ་སྟོང་ཟད་དུ་སོང་བའམ། དགྲ་ཁང་རྩེར་ཤོར་དུས་རྩེད་མོར་བསྒོམས། དགྲ་སྒོ་ཁར་སླེབས་དུས་གོ་ཁ་བསྐོར་བའི་དཔེ་ལྟར་བྱུང་བ་མིན་ནམ།

  8. དཔལ་དོན། says:
    2014-07-02 at 7:22 am

    རྩོམ་ལེགས་པོ་ཞིག་བྲིས་འདུག ཡིན་ཡང་།
    ”རྒྱ་གར་དང་རྒྱ་ནག་གི་བོད་ཁུལ་དབར་ཚོང་དོན་དང་འབྲེལ་ལམ་གྲོས་མཐུན།”ནམ་གྲོས་མཐུན་དོན་ཚན་ལྔ་ཞེས་པ་འདི་སྐབས་དེར་བོད་ཡིག་དུ་དཔར་ཡོད་པ་ཞིག་ངས་མཐོང་མྱོང་། དེ་ལ་༼བསླབ་པ་ལྔའི་གྲོས་ཆིངས་༽ཞེས་འཁོད་ཡོད། གྲོས་ཆིངས་འདིས་བོད་སའི་རྒྱ་གར་དང་བོད་དབར་གྱི་ཚོད་དོན་ཐད་རྒྱ་ནག་དང་མཉམ་དུ་གྲོས་མོལ་བྱས་པ་བདེན་པ་རེད། འདི་དུས་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་ཚར་ཡོད་པ་རེད།

    རྒྱ་གར་གྱིས་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་བཤད་ཡོད་པའི་ཡིག་ཆ་མཐོང་མ་མྱོང་། ༼བསླབ་པ་ལྔའི་གྲོས་ཆིངས་༽ནང་དུ་རྒྱ་ནག་བོད་ཁུལ་ཞེས་བཀོད་ཡོད་པ་རེད། དེའི་རྗེས་ནས་རྒྱ་གར་གྱི་དཔོན་པོ་སུས་ཀྱང་བོད་རང་སྐྱོང་ལྗོངས་ཞེས་པ་ནི་ཀྲུང་གོའི་ཆ་ཤས་ཤིག་རེད་ཅེས་བཤད་ཡོད་པ་རེད། སྲིད་དོན་ཐ་སྙད་ནང་དུ་ཚིག་གི་གོ་བབ་ཀྱིས་དོན་གྱི་གནད་སྟོན་སྟངས་ལ་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་རེད་དོ།

    རྩོམ་པ་པོ་རིག་འཛིན་ལྷུན་གྲུབ་ལགས་ཀྱི་རྩོམ་ཡིག་ཡག་པོ་བྲིས་འདུག་ཀྱང་། བོད་ཅེས་པ་དང་བོད་རང་སྐྱོང་ལྗོངས་ཞེས་པ་ལོ་རྒྱུས་ཀྱི་ཆ་ནས་རྒྱ་ནག་གི་ཆ་ཤས་ཡིན་མིན་ལ་ཁས་ལེན་བྱེད་སྟངས་ཐད་ཁྱད་པར་ཡོད་དེ་ང་གཉིས་ལོར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་ཚུན་ནས་མ་གཏོགས་བོད་རང་སྐྱོང་ལྗོངས་ཞེས་པ་ཞིག་མེད་ལ་བོད་རང་སྐྱོང་ལྗོངས་ཞེས་པའི་སྒྲིག་འཛུགས་རང་བཞིན་གྱི་སྐད་ཆ་འདི་ནི་རྒྱ་ནག་གི་ཆ་ཤས་སུ་ངོས་ལེན་བྱེད་མཁན་རྒྱ་གར་དང་ཨ་རི་སོགས་མང་ངོ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme