Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་རྣམ་ཐར་བསྡུས་པ།

Posted on 2014-06-262014-06-26 By ཁ་བརྡ་ 8 Comments on འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་རྣམ་ཐར་བསྡུས་པ།

ཨེ་མ་ཧོ།

unnamed-4རིག་སྟོང་འཇམ་དཔལ་གཞོན་ནུའི་བྱིན་རླབས་ལས།།
དགོངས་པའི་ཀློང་ལས་སྤོབས་པའི་གཏེར་བརྒྱད་གྲོལ།།
ལུང་རྟོགས་ཆོས་མཛོད་རྒྱ་མཚོའི་མངའ་བདག་མཆོག།
མི་ཕམ་འཇམ་དབྱངས་རྣམ་རྒྱལ་ལ་གསོལ་བ་འདེབས།།
ཨོཾ་གུ་རུ་ཨ་ཛི་ཏ་སརྦ་སིདྡྷི་ཧཱུྃ།
འཇམ་མགོན་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་ནི། རབ་བྱུང་བཅུ་བཞི་པའི་མེ་རྟ་སྤྱི་ལོ་1846ལོར་ཡབ་འཇུ་མགོན་པོ་དར་རྒྱས་དང༌། ཡུམ་དཔོན་རུ་ཆོས་དར་གྱི་བུ་མོ་སྲིང་ཆུང་གཉིས་ཀྱི་སྲས་སུ་ཡུལ་མདོ་ཁམས་སྡེ་དགེ་ཟླ་ཆུའི་ཡུལ་སྐྱོང་དགེ་བསྙེན་ཆེན་པོ་ཟླ་རྒྱལ་རྡོ་རྗེ་འཕེན་ཕྱུག་གིས་བདག་ཏུ་བཟུང་བའི་གནས་ཡ་ཆུའི་དིང་ཆུང་ཞེས་པར་སྐུ་འཁྲུངས། ཁུ་བོ་པདྨ་དར་རྒྱས་ཀྱིས་མི་ཕམ་རྒྱ་མཚོ་ཞེས་མཚན་གསོལ། ཆུང་ངུའི་དུས་ནས་ཡི་དམ་འཇམ་དཔལ་ཞི་དྲག་དང༌། ཆོས་སྐྱོང་གེ་སར་གཉིས་ཁོ་ན་ལ་དད་པ་ཞིག་བྱུང༌། དགུང་གྲངས་དྲུག་བདུན་ནས་སྡོམ་གསུམ་རྣམ་ངེས་དང༌། རྩིས་དཀར་ནག་གི་སྔོན་འགྲོ་ཐུགས་འཛིན་མཛད། དགུང་གྲངས་བཅུ་སྐོར་ནས་འབྲི་ཀློག་ལ་ཐོགས་པ་མེད་ཅིང་ལྗགས་རྩོམ་ཡང་ཅི་རིགས་གནང༌།

དགུང་གྲངས་བཅུ་གཉིས་པའི་ཐོག་ཡུལ་དེའི་དགོན་པ་འཇུ་མོ་ཧོར་གསང་སྔགས་ཆོས་གླིང་དུ་གྲྭ་པ་བྱས་པར་བཙུན་ཆུང་མཁས་པ་ཞེས་ཀུན་གྱིས་བསྔགས་པའི་གནས་སུ་གྱུར། དགུང་གྲངས་བཅོ་ལྔ་དྲུག་སྐོར་ཞིག་ན་དབྱངས་འཆར་གྱི་དཔེ་རྙིང་ཞིག་ལ་ཞག་ཤས་གཟིགས་ཏེ་འཇམ་དཔལ་ལ་གསོལ་བ་བཏབ་པས་མ་ལུས་པ་མཁྱེན། དགུང་ལོ་བཅུ་བདུན་སྐབས་ཉོག་ཟིང་གིས་འབྲོག་སྡེ་མཐའ་དག་མགོ་ལོག་ཏུ་སོང་བས་རྗེ་ཉིད་ཀྱང་དེར་བྱོན། དགུང་གྲངས་བཅོ་བརྒྱད་བཅུ་དགུའི་སྐོར་ནས་སྐུ་ཞང་འགྱུར་བཟང་དང་ལྷན་དུ་ལྷ་སར་ཕེབས། དེ་ནས་ལྷོ་གནས་རྒྱས་པར་བྱོན་ཞོར་ལྷོ་བྲག་མཁར་ཆུར་ཕེབས་པའི་ཚེ་ཐ་མལ་གྱི་སྣང་བ་འགྱུར། བདེ་དྲོད་ཀྱི་ཉམས་འབར་བ་སོགས་གནས་ཀྱི་བྱིན་རླབས་ཐོབ། ཕྱིར་རང་ཡུལ་དུ་ལོག་རྗེས་ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེའི་མདུན་ནས་མ་ཏི་འཇམ་དཀར་གྱི་རྗེས་གནང་དང༌། ཆོས་སྐྱོང་གི་སྲོག་གཏད་སོགས་གསན།
དཔལ་སྤྲུལ་རིན་པོ་ཆེ་ལས་སྤྱོད་འཇུག་ཤེས་རབ་ལེའུ་སོགས་རྒྱུད་ལུང་མན་ངག་མང་པོ་གསན། འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལས། ཐུན་མོང་དང་ཐུན་མིན་གྱི་གཞུང་ལུགས་དུ་མ་དང༌། གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་དང༌། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་བཤད་པ་སོགས་མན་ངག་ཕྱག་བཞེས་དམར་ཁྲིད་མང་པོ་ཞུས། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ལས། སྒྲ་ཙནྡྲ་པ་དང༌། དངུལ་ཆུ་བཙོ་བཀྲུའི་ལག་ལེན་སོགས་ཐུན་མོང་རིག་གནས་དང༌། འཇམ་དཔལ་ཚེ་བདག་སོགས་ཐུན་མོང་མ་ཡིན་པའི་སྨིན་གྲོལ་གྱི་རིགས་མཐའ་ཡས་པ་གསན།

འཇུ་དབོན་འཇིགས་མེད་རྡོ་རྗེ་ལས་མདོ་སྡུད་པའི་བཤད་པ། འབུམ་གསར་དགེ་བཤེས་ངག་དབང་འབྱུང་གནས་ལས་དབུ་མ་འཇུག་པ། འཇམ་དབྱངས་བློ་གཏེར་དབང་པོ་ལས་ཚད་མ་རིགས་གཏེར། སེར་ཤུལ་དགེ་བཤེས་ལྷ་རམས་པའི་མདུན་ནས་མཛོད་ཀྱི་བཤད་ལུང་སོགས་མདོར་ན་རིས་མེད་ཀྱི་མཁས་གྲུབ་དུ་མའི་མདུན་ནས་མདོ་སྔགས་རིག་གནས་དང་བཅས་པ་ཐམས་ཅད་མ་མཁྱེན་པ་མེད་པར་བསླབས། རྫོགས་ཆེན་ཤྲཱི་སེང་དུ་སྔ་འགྱུར་རྙིང་མའི་ཆོས་སྐོར་དང༌། དཔལ་སྤུངས་ལྔ་རིག་སློབ་གླིང་ནས་གསོ་བ་རིག་པ་དང༌། རྩིས་དཀར་ནག་སོགས་རིག་གནས་ཀྱི་སྐོར་རྣམས་མཐར་ཕྱིན་པར་བསླབས། སྐུ་ཚེ་ཕལ་ཆེར་ཕྱོགས་མེད་རིས་མེད་ཀྱི་དབེན་གནས་རྣམས་སུ་སྒྲུབ་པ་ཉམས་ལེན་ཁོ་ན་མཛད་ཅིང་རྨེ་ཤོད་དཀར་མོ་སྟག་ཚང་དུའང་ལོ་བཅུ་གསུམ་དུ་བཞུགས་ནས་བསྙེན་སྒྲུབ་མཐར་ཕྱིན་པར་མཛད།

རི་བོ་དགེ་ལྡན་པའི་མཁས་པ་ཆེན་པོ་དཔའ་རིས་རབ་གསལ་དང་རྩོད་ཡིག་འགའ་ཞིག་བཏང་རེས་བྱས་པ་ཡང་དོན་དུ་བསྟན་པ་བྱི་དོར་གྱི་ཆེད་དུ་ཡིན་པའི་ཚུལ་བཀྲས་མཐོང་དྲུང་ཡིག་རྒྱ་མཚོས་བྲིས་པའི་«གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་གཅིག་པུ་འཇམ་མགོན་མི་ཕམ་རྒྱ་མཚོའི་རྣམ་ཐར་སྙིང་པོ་བསྡུས་པ་»ཞེས་པའི་ནང་རྗེ་ཉིད་ཀྱི་ཞལ་གསུང་ལུང་དྲངས་པ་ལས། “སྐབས་དེར་སྐྱབས་མགོན་རྡོ་རྗེ་འཆང་མཁྱེན་བརྩེ་རིན་པོ་ཆེས་རང་ལུགས་ཀྱི་ཡིག་ཆ་རེ་ཡང་གྱིས་ཞེས་བཀའ་ཕེབས་པས། བླ་མའི་བཀའ་སྒྲུབ་པ་དང༌། རང་གི་བློ་གྲོས་གོམས་ཆེད་རྒྱལ་བསྟན་རིན་པོ་ཆེ་འབའ་ཞིག་སྙིང་ལ་བཅངས་ནས་མདོ་སྐོར་སོགས་ཀྱི་ཡིག་ཆ་རེ་ཡང་བྲིས་ཤིང་དེ་དག་གི་སྐབས་སུ་རང་ལུགས་ཀྱི་འདོད་པ་རྩལ་དུ་བཏོན་ནས་ཅུང་ཟད་རེ་བཤད་པས་གྲུབ་མཐའ་གཞན་གྱིས་འགོག་བྱེད་ལྟ་བུར་གོ་ནས། ཕྱིས་འདིར་ཕྱོགས་ཐ་དད་ནས་རྩོད་ཡིག་སོགས་མང་དུ་བྱུང་མོད། དོན་དུ་རང་གི་ཀུན་སློང་ལ་ནི་བླ་མའི་བཀའ་ལུང་སྒྲུབ་པ་དང༌། དེང་སང་སྔ་འགྱུར་གྱི་བསྟན་པ་ཉམས་རྒུད་ཆེ་བས་ཐམས་ཅད་ཀྱིས་གཞན་ལུགས་ཀྱི་ལད་མོ་ཙམ་ལས། རང་ལུགས་ཀྱི་གྲུབ་མཐའི་གནད་ཅི་ཡིན་ཙམ་ཡང་ཤེས་འདོད་བྱེད་ནས་འདྲི་མཁན་ཡང་དཀོན་པས། དོན་དེ་ལ་ཅུང་ཟད་ཕན་དུ་རེ་ནས་བྲིས་པ་མ་གཏོགས་གཞན་ལུགས་ལ་སྡང་ཞེན་དང༌། རང་བསྟོད་ཀྱི་སྙེམས་པ་སོགས་ཀྱི་ཀུན་སློང་ནི་རྨི་ལམ་ཙམ་དུའང་སྐྱེས་མ་མྱོང་བ་ནི་ཡེ་ཤེས་ཀྱི་ཐུན་དང་ལྡན་པ་རྣམས་ཀྱིས་གཟིགས་ཀྱང་མི་ཁྲེལ་བ་ཡོད། རྩོད་ལན་འགའ་ཞིག་བྲིས་པ་རྣམས་ཀྱང་རང་གཞན་ཐམས་ཅད་ཀྱིས་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་རྨ་མེད་དུ་རྟོགས་པའི་ཆེད་དུ་གཟུ་བོའི་བློས་བགྲོ་གླེང་ཅུང་ཟད་བགྱིས་པ་ཡིན།”ཞེས་གསུངས།

ཡང་«གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་གཅིག་པུ་འཇམ་མགོན་མི་ཕམ་རྒྱ་མཚོའི་རྣམ་ཐར་སྙིང་པོ་བསྡུས་པ་»ཞེས་པའི་ནང་རྗེ་ཉིད་ཀྱི་ཞལ་གསུང་ལུང་དྲངས་པ་ལས། “སྤྱིར་ཚད་མའི་རིགས་པ་ལ་སྔོན་གོམས་འགོག་མེད་སྣང་ཞིང་ཚད་མ་རྣམ་འགྲེལ་གཟིགས་སྐབས་ནུབ་གཅིག་མནལ་ལམ་དུ། ངོ་བོ་ས་པཎ་ཡིན་པ་ལ། རྣམ་པ་རྒྱ་གར་གྱི་པཎ་གྲུབ་ཀྱི་ཆས་ཅན་ཤངས་རྩེ་ཅུང་ཟད་གུག་པ་ཞིག་གིས་ཚད་མ་རྣམ་འགྲེལ་ལ་མི་ཤེས་རྒྱུ་ཅི་ཡོད། དགག་སྒྲུབ་གཉིས་རེད་གསུངས་ནས་ཚད་མའི་འགྲེལ་པའི་དཔེ་ཆ་ཞིག་དུམ་བུ་གཉིས་སུ་བྱས་ཏེ་ཉིད་ཀྱི་ཕྱག་ཏུ་བཞག་ནས་འདི་གཉིས་མཉམ་དུ་སྡོམས་གསུངས་པས། དེ་ལྟར་བསྡམས་མ་ཐག་རལ་གྲི་ཞིག་ཏུ་གྱུར་ཏེ་ཉིད་ཀྱི་མདུན་ན་ཤེས་བྱའི་ཆོས་ཐམས་ཅད་ཡོད་སྣང་ཤར་བ་ལ། རལ་གྲི་དེ་གཅིག་གཡུགས་པས་ཐོགས་པ་མེད་པར་ཐམས་ཅད་དུས་གཅིག་ལ་ཆོད་པའི་ཐུགས་སྣང་གསལ་བར་བྱུང་བས་ཕྱིར་ནང་ནས་རྣམ་འགྲེལ་ལ་མི་ཤེས་པ་གཅིག་ཀྱང་མ་བྱུང༌། ཞེས་གསོལ་དཔོན་པདྨ་ལ་གསུངས།
འདུལ་བ་མདོ་རྩ་ལ་ཐོག་མར་ལན་གཅིག་གཟིགས་པས་ཅུང་ཟད་གོ་དཀའ་བ་འདྲ་ཞིག་བྱུང་ཀྱང༌། དེ་རྗེས་བཀའ་འགྱུར་ཚར་གཅིག་དཔེ་བལྟས་བྱས་སྐབས་འདུལ་བའི་པོད་བཅུ་གསུམ་པོ་ཚར་གཅིག་གཟིགས་པས་དེས་མདོ་རྩ་ལ་མི་ཤེས་རྒྱུ་གཅིག་ཀྱང་མི་འདུག་གསུངས།”ཡང་དེ་ཉིད་ལས། “ དེ་ནས་སྔ་རྗེས་སུ་བཀའ་འགྱུར་ཚར་བདུན་དཔེ་ཀློག་གནང་བ་དང༌། གྲེ་ཐོག་སྙུང་སྐབས་དཔལ་འཛིང་དགོན་དུ་བསྟན་འགྱུར་གྱི་དཔེ་ཆ་གཡར་ཏེ་པོད་བཅུ་ཙམ་དཔེ་གཟིགས་གནང༌། ཁོང་གི་ལྗགས་རྩོམ་མདོ་སྔགས་རིག་གནས་དང་བཅས་པའི་སྐོར་པུ་སྟི་སུམ་ཅུ་ལྷག་བརྩམས་ཡོད་པ་དེ་དག་སྔར་གཟིགས་རྒྱ་ཆེ་བའི་སྟབས་ཀྱི་རིག་པའི་ཀློང་བརྡོལ་ནས་རྩོམ་པ་ཤ་སྟག་ཡིན་པའི་ཚུལ་ཉིད་ཀྱི་གསུངས་ལས། དེ་ཡང་བོད་སྔ་རྗེས་ཀྱི་ཁྱད་པ་སོགས་ཟབ་གནད་ཐུན་མིན་རྣམས་ནི་དཔེ་སོགས་བལྟས་པ་མིན་པར། བསྙེན་སྒྲུབ་ལ་བཞུགས་དུས་རིག་པའི་རྩ་ཁ་ཕྱེ་བ་དང༌། བླ་མ་དང་ལྷག་པའི་ལྷའི་བྱིན་རླབས་ལས་རང་བབ་ཀྱིས་ཐུགས་ལ་ཤར་ཏེ་མ་བྲིས་ཐབས་མེད་བྱུང་བ་འབའ་ཞིག་ཡིན་ཞེས་གསུངས།”

འཇམ་དབྱངས་མཁྱེན་བརྩེ་དབང་པོས།མི་ཕམ་མགོན་པོའི་དགོངས་དོན་ཇི་བཞིན་རྟོགས།།འཇམ་པའི་དབྱངས་བཞིན་ཤེས་བྱ་ཀུན་ལ་མཁས།།ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་གྲགས་པ་ལྟར།།སྙན་པས་རྒྱ་མཚོའི་གོས་ཅན་ཁྱབ་གྱུར་ཅིག།ཅེས་པའི་བསྔགས་བརྗོད་དང༌།སྐུ་གསུང་ཐུགས་རྟེན་གལ་འགངས་ཆེ་བ་འགའ་ཞིག་དང༌།རྗེ་ཉིད་ཀྱི་དབང་རྟགས་སུ་བཞེས་པའི་པཎ་ཞུ་རྣ་རིང་བཅས་གནང་སྟེ་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ།ཁོང་གི་བསྙེན་སྒྲུབ་གང་གནང་ལ་གཞུང་མཐུན་གྱི་རྟགས་ཚད་ལྡན་མ་བྱུང་བ་མེད་པ་ཁོ་ན་སྟེ། «གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་གཅིག་པུ་འཇམ་མགོན་མི་ཕམ་རྒྱ་མཚོའི་རྣམ་ཐར་སྙིང་པོ་བསྡུས་པ་»ལས། “སྟག་ཚང་དུ་རྟ་ནག་གི་སྒྲུབ་པ་ཞག་བཞི་མཛད་དེ་གཏོར་རྒྱག་གནང་སྐབས་བྲག་རི་ཕྱེ་མར་ཞིག་པ་དང༌། སྡེ་དགེའི་སྲས་མོ་བསྙུན་སྐབས་བླ་བསླུ་ཞུས་པས། བླ་ལུག་ལ་ཐུགས་གཏད་པ་ཙམ་གྱིས་རང་བཞིན་གྱིས་ཁ་བསྐོར་བ་ཀུན་གྱིས་མཐོང༌།
ལྡན་ཁོག་དིས་མགོ་རི་ཁྲོད་དུ་བཞུགས་སྐབས། ཉིན་གཅིག་འབྲི་ཀླུང་གི་འགྲམ་དུ་བྱོན་ཏེ། བོད་ཁམས་བདེ་བའི་སྨོན་ལམ་དང༌། ས་བཅུད་གསོ་བའི་རྟེན་འབྲེལ་དུ་རིན་ཆེན་འབྲུ་སྨན་ཅན་གྱི་ཀླུ་བུམ་གཏེར་དུ་སྦས་རྗེས། ཕྱག་ན་མདའ་དར་ཞིག་བསྣམས་ཡོད་པ་དེ་འབྲི་ཆུའི་ཆུ་དཀྱིལ་དུ་འཕངས་མཛད་པས། མདའ་ཡི་རྩ་བ་ཆུའི་གཏིང་དུ་ཟུག་ཅིང་རྩེ་མོ་གྱེན་དུ་བསྟན་དེ་དར་ཚོན་རླུང་གིས་སྐྱོད་བཞིན་བརྟན་པར་གནས་སོང་ཞིང༌། དེ་ནས་རྗེ་ཉིད་ཆུ་འགྲམ་ནས་གྱེན་དུ་སྨོན་ལམ་ཤིས་བརྗོད་གསུང་བཞིན་ཞབས་གོམས་པ་བརྒྱད་དགུ་ཙམ་དུ་དལ་བུས་ཕེབས་པར། མདའ་དར་ཡང་སྔ་མ་ལྟར་གྱིས་ཆུ་བོའི་གཞུང་ནས་གྱེན་ལ་འགྲོ་བ་དེར་འཁོད་ཐམས་ཅད་ཀྱིས་མཐོང་བ་དང༌། ཆབ་མདོར་བཞུགས་སྐབས་རྒྱ་ནག་གི་འུར་ཟིང་ཆེ་བས་ཉེ་གནས་བླ་མ་དམ་པ་འོད་གསལ་ཐུགས་གཟན་ཆེ་བར་བྱུང་ཚེ། ཁོང་གི་ཞལ་ལས། ཀླ་ཀློ་འཇོམས་པའི་གཤེད་མ་རིགས་ལྡན་དྲག་པོ་ལྕགས་འཁོར་ཅན་ཡིན། བདག་ཀྱང་དེའི་དམག་དཔོན་ཆེ་ཤོས་ཞིག་ཡིན་པས། དེ་དག་གིས་འཚེ་ག་ལ་ནུས། ཨའུ་ཙི་གསུངས།

དེ་བཞིན་སྒ་སྟོད་དུ་བཞུགས་དུས་ཕྱི་གླིང་གི་འགྲུལ་པ་སོང་བའང་རྗེ་བླ་མ་ཉིད་བཞུགས་པའི་ས་ཕྱོགས་དེ་གཞུང་ལམ་དུ་ཁེལ་ཡང་འགྲོ་མ་ནུས་པར། དེ་ལས་གཞན་དུ་བྱོལ་ཏེ་སོང་བ་དང༌། བར་སྐབས་འཇུ་ཉུང་མ་ཀླུང་རྟ་གུད་ཅིང་ར་མདའ་སོགས་མི་ཕོད་པར་ཤིན་དུ་ཁས་དམན་དགྲ་ཇག་གིས་འཚེར་བའི་སྐབས། རྗེ་ཉིད་ཀྱིས་འཕྲིན་བཅོལ་གནང་བས། མནལ་ལམ་དུ་འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག་དེ་རྟ་ནག་པོ་ཞིག་བཅིབས་ནས། ཕྱག་ན་མདུང་ཞིག་བཟུང་སྟེ་དེས་འཇུ་ཉུང་མའི་སྟེང་ནས་རེ་བ་ནག་པོ་ཞིག་བླངས་ཏེ་ཕ་ཚད་གཞན་ཞིག་ཏུ་འཕངས་སོང་བ་རྨིས་པས་དེ་ཕྱིན་ཆད་འཇུ་པ་ཀླུང་རྟ་དར། དགྲ་ཤེད་ཇེ་ཆེར་སོང་བ་འདི་ཁོ་བོའི་མཐུ་ཡིན་ཡང་སུས་ཀྱང་ཤེས་པ་མི་འདུག་གསུངས་པས་མཚོན་དེ་རིགས་འགའ་ཞིག་ཐོས།”ཞེས་སོགས་གསུངས་སོ།།

མདོར་ན་རྗེ་ཉིད་སྐུ་ཚེའི་གང་པོར་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་དུ་མར་བསྟེན་ཞིང་མདོ་སྔགས་རིག་གནས་དང་བཅས་པ་ལ་སྦྱོང་པ་མཐར་མ་ཕྱིན་པ་མེད་པ་དང༌། སྐུ་ཚེ་བསྙེན་སྒྲུབ་མཛད་པས་ཡི་དམ་ལྷ་ཐམས་ཅད་ཀྱིས་ཞལ་མ་གཟིགས་པ་མེད་པ། རྩ་ཐིག་རླུང་གསུམ་ཐམས་ཅད་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་ལས་རླུང་གི་རྒྱུ་བ་ཕལ་ཆེར་དབུ་མའི་དབྱིངས་སུ་དག་སྟེ་དགའ་བཞིའི་བདེ་བ་ཆེན་པོ་སྐུ་ཉམས་སུ་བསྟར་བ། ཟབ་དོན་མཐའ་དག་དགོངས་པའི་ཀློང་ནས་རང་བརྡོལ་དུ་བྱུང་བའི་གསུང་རབ་བསྟན་བཅོས་པུ་སྟི་སུམ་ཅུ་ལྷག་ཙམ་བཞུགས་པ། དངོས་པོ་གང་ལའང་ཞེན་འཛིན་མེད་པ་ཕྱོགས་མེད་རྒྱལ་ཁམས་འགྲིམས་པའི་རིས་མེད་ཀྱི་རྣལ་འབྱོར་པ་ཆེན་པོར་གྱུར་པ་དེ་ཉིད་ཀྱི་ཞལ་སློབ་གཙོ་བོར། རྡོ་གྲུབ་ཆེན་རིན་པོ་ཆེ།གཏེར་སྟོན་བསོད་རྒྱལ། རྫོགས་སྤྲུལ་ལྔ་པ། དགེ་མང་སྐྱབས་མགོན།མཁན་པོ་པད་རྡོར། ཀཿཐོག་སི་ཏུ་རིན་པོ་ཆེ།ཞེ་ཆེན་རྒྱལ་ཚབ་སྤྲུལ་སྐུ། ཞེ་ཆེན་རབ་འབྱམས།དཔལ་ཡུལ་རྒྱ་སྤྲུལ། དཔལ་ཡུལ་ཀརྨ་ཡང་སྤྲུལ། དཔལ་སྤུངས་སི་ཏུ་པདྨ་དབང་མཆོགགླིང་རྗེ་དྲུང༌། དགེ་མང་དབོན་བསྟན་འཛིན་ནོར་བུ། རྫ་མུ་ར་སྤྲུལ་སྐུ།མཁན་ཡོན་ཏན་རྒྱ་མཚོ།བླ་མ་ལུང་རྟོགས།ཨ་འཛོམས་འབྲུག་སྤྲུལ།རྟོགས་ལྡན་ཤཱཀྱ་ཤྲཱི།ངོར་དཔོན་སློབ།དགུ་རོང་སྤྲུལ་སྐུ་སོགས་ས་དགེ་བཀའ་རྙིང་གི་མཁས་ཆེན་དམ་པ་རྣམས་དང༌། ས་སྐྱོང་སྡེ་དགེ་རྒྱལ་པོ་དང༌། གླིང་ཚང་རྒྱལ་པོ་སོགས་བོད་ཀྱི་དཔོན་རིགས་རྣམས་དང༌། འབྱོར་ལྡན་བསྟན་པའི་སྦྱིན་བདག་མང་པོ་རྣམས་ཀྱི་བླ་མར་གྱུར་པ་རེད།

དེ་ནས་སྐུ་གཤེགས་པའི་ཚུལ་ནི«གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་གཅིག་པུ་འཇམ་མགོན་མི་ཕམ་རྒྱ་མཚོའི་རྣམ་ཐར་སྙིང་པོ་བསྡུས་པ་»ལས།“ དགུང་ལོ་རེ་བདུན་པ་རབ་བྱུང་བཅོ་ལྔ་པའི་ཆུ་བྱི་ལོའི་ཟླ་བ་དང་པོའི་ཚེས་བཅུ་གསུམ་ལ་སྐུ་མཚམས་གྲོལ། ཚེས་བཅོ་བརྒྱད་ཉིན་འགྲུལ་པ་འགའ་ཞིག་གིས་གདོན་ནད་ལྟ་བུ་ཞིག་གིས་སྙུང་གཞི་བཞེས་པ་དང༌། ཚེས་ཉེར་གཅིག་ཉིན་མཐའ་མའི་ཞལ་ཆེམས་ཕྱག་བྲིས་མཛད་ནས་གསང་ཉར་མཛད༌། ཟླ་བ་བཞི་པའི་ཚེས་བཅོ་བརྒྱད་ཉིན་མཁན་པོ་ཀུན་དཔལ་འབྱོར་བ་དང༌། ཀ༔་ཐོག་ནས་དུས་འཁོར་སྤར་པོད་གཅིག་འབྱོར་བས། ཁོང་གི་ཞལ་སློབ་བླ་མ་འོད་གསལ་ལ། དེང་སང་སྤྱིར་བདེན་པར་བཤད་ན་ཉན་མཁན་ནི་མེད། རྫུན་པར་བཤད་ན་ཐམས་ཅད་བདེན་པར་འཛིན་པས། དེ་སྔོན་སུ་ལའང་མ་སྨྲས། ཕྲན་སོ་སྐྱེ་ཐ་མ་བ་ཞིག་མིན། བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་དབང་གིས་སྐྱེ་བ་བླངས་པ་ཞིག་ཡིན།
ད་རེས་ཀྱི་རྟེན་འདིར་ན་ཟུག་ཆེར་བྱུང་བ་འདི་ལས་ཀྱི་ལྷག་མ་ཡིན། ད་ཕན་ཆད་ལས་སྒྲིབ་གཏན་ནས་མྱོང་མི་དགོས། ད་རེས་རྟེན་འབྲེལ་གྱི་ཁྱད་ཆེན་པོ་ཡོད་པས་མཁན་ཀུན་དཔལ་ལ་དེ་རིང་ནས་དབུ་ཚུགས་ལ་དུས་འཁོར་གྱི་བཤད་ལུང་གྱིས། སྤྱིར་རྒྱུད་བཤད་ལ་མ་མཐའ་ཡང་ཞག་བཅུ་དགོས་པ་སོགས་གཞུང་དུ་གསལ་ཡང༌། ད་རེས་ཉིན་བརྒྱད་ཀྱི་ཁོངས་སུ་འགྲུབ་པར་གྱིས་ལ་ཚེས་ཉེར་ལྔ་གཟའ་ཟླ་བ་གྲོ་བཞིན་འཕྲོད་སྦྱོར་དགེ་བར་འགྲུབ་ངེས་གྱིས། སྤར་ཡིག་བརྐོ་བཅུགས་ཞིབ་ཆ་མ་གྲུབ་སྟབས་ཅུང་ཟད་གསལ་མིན་ཡོད་འདུག་ཀྱང་བདག་ལ་བྱིན་རླབས་ནུས་པའི་མཐུ་ཡོད་པས་ཁྱོད་གཉིས་བྱིན་གྱིས་བརླབ་པ་ཡིན་གསུངས།” ཞེས་དང༌།
ཡང་དེ་ཉིད་ལས། “ཉི་ཤུ་གཉིས་གསུམ་སྐོར་ནས་བཟུང༌། ད་ནི་འདུ་འཁྲུགས་ཀྱི་ནད་སོགས་གཏན་ནས་དྲག་ཟིན། ད་ཕན་སྡུག་བསྔལ་གྱི་ཚོར་བ་གཏན་ནས་མེད། ཉིན་མཚན་ཐམས་ཅད་ཐོད་རྒལ་གྱི་སྣང་བ་འཇའ་ཟེར་ཐིག་ལེ་སྐུ་དང་ཞིང་ཁམས་ཀྱི་སྣང་བ་འབའ་ཞིག་རྟག་པར་ཁོར་ཡུག་ཏུ་ཤར་འདུག་གསུངས། ཉེར་ལྔའི་ཉིན་རྒྱུད་ཞག་འཕྲལ། ད་ནི་དིལ་མགོ་ཚང་སོགས་ཡོན་བདག་དང༌། རྡི་སྤྲུལ་སོགས་ཕྱོགས་ཀྱི་མཇལ་མི་ཐམས་ཅད་ཤོག་གསུངས། སྐུ་མདུན་དུ་བཅར་ཏེ་སྨོན་ལམ་མཛད།

དེ་སྐབས་རྡི་སྤྲུལ་སོགས་ནས་བཞུགས་ཞུ་ཕུལ་བར་ད་ནི་མི་སྡོད་ངེས་ཅན་ཡིན། སྐྱེ་བ་ཡང་མི་ལེན་བྱང་ཤམ་བྷ་ལར་ཕེབས་རྒྱུ་ཡིན་གསུངས་ཐག་བཅད་གནང༌། དེ་རྗེས་བླ་མ་འོད་གསལ། མཁན་ཡོན་དགའ། ཀུན་དཔལ་གསུམ་གྱིས་གསོལ་བ་བཏབ་ངོར་སྐུ་ཚེའི་འདུ་བྱེད་བཏང་ཡང་འཚོ་བའི་འདུ་བྱེད་བྱིན་གྱིས་བརླབས་ཏེ་ཚེས་ཉེར་དགུའི་ཉིན་གཟའ་པ་སངས་དང་སྐར་མ་སྣར་མ་འཆར་གྱི་བར་བཞུགས་ཏེ། དེ་བར་གསུང་འཕྲོས་ཅི་རིགས་དང༌། ལྷག་པར་ནམ་མཁའི་ཁམས་ཐམས་ཅད་ཡིག་འབྲུ་འབའ་ཞིག་གིས་གང་འདུག་གསུངས། ཕྱག་བྲིས་བརྡ་ཡིག་སོགས་སྣ་ཚོགས་གནང་ཡོད་འདུག་ཀྱང་འཇམ་དཔལ་གྱི་གཟུངས་གཞུག་ཕུལ་ཟིན་སྟབས་གསལ་བར་འགོད་མ་ནུས། ”ཞེས་སོགས་གསུངས་པ་ལྟར་རོ། །དེ་ལྟར་དགུང་ལོ་རེ་བདུན་པའི་སྤྱི་ལོ་1912པའི་ཆུ་བྱི་ཟླ་བ་4པའི་ཚེས་29ཉིན་སྐུ་གཤེགས་སོ།།

ཨེ་མ་ཧོ།།
ཤེས་བྱ་ཀུན་གཟིགས་ཀུན་མཁྱེན་མི་ཕམ་པའི།།
ཟབ་རྒྱས་གདམས་པའི་གནང་ཀུན་ཇི་བཞིན་རྟོགས།།
བཤད་སྒྲུབ་བསྟན་པའི་རྒྱལ་མཚན་རིན་པོ་ཆེ།།
སྲིད་མཐའི་བར་དུ་འཛིན་སྐྱོང་སྤེལ་གྱུར་ཅིག།།
ཅེས་པ་རབ་རྒྱན་ཤིང་རྟའི་ས་ག་ཟླ་བའི་སྟོང་པ་གསུམ་པར་འཇམ་མགོན་མི་ཕམ་པའི་འདས་མཆོད་སྐབས་སུ་སྡེ་དགེ་བ་ཐུབ་བསྟན་ཕུན་ཚོགས་ཀྱིས་གསུང་པ་ཡང་སྐྱར་དྲ་གྲོགས་ཚོར་སྤྱན་ལམ་དུ་གུས་པས་ཕུལ་བར་དགེའོ།།

ལོ་རྒྱུས།

Post navigation

Previous Post: ང་ཚོའི་སེམས་གཏིང་ན་བོད་སྐད་ཡིག་གི་ཞེན་ཁོག་ག་འདྲ་ཡོད།
Next Post: རྒྱབ་གཟུགས་ལ་ཅེར་བ།

Comments (8) on “འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་རྣམ་ཐར་བསྡུས་པ།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-06-28 at 10:12 am

    འཇམ་མགོན་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་རྣམ་ཐར་བཀོད་པར་བཀའ་དྲིན་ཆེ། འདྲ་བཤུས་བྱས། རྗེས་སུ་ཀློག་མཇལ་རེ་སྨོན་ཞུས།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-06-29 at 10:55 pm

    གངས་ཅན་ལྗོངས་སུ་སློབ་དཔོན་ཞི་བ་འཚོའི།
    དབུ་མའི་ལྟ་བ་གཏན་ལ་འབེབས་པ་ལ།
    གཅིག་དང་ཐ་དད་དང་འབྲལ་རང་རྒུད་རྟགས།
    གསལ་མཛད་མི་ཕམ་བླ་མར་ཕྱག་འཚལ་ལོ།།
    ་
    ཨོཾ་གུ་རུ་ཨ་ཛི་ཏ་བི་ཛ་ཡ་སརྦ་སིདྡྷི་ཧཱུྃ།
    ་
    བྱིས་པའི་དུས་ནས་བོད་གཞུང་ལ་སྦྱངས་ཀྱང་།
    ཁྱེད་ཀྱི་མཁྱེན་པའི་རྡུལ་ཙམ་མེད་གྱུར་པས།
    ཁྱེད་ལ་རིག་དང་སྤོབས་པ་སློང་ལགས་ན།
    བརྩེ་བས་ད་ལྟ་ཉིད་དུ་སྩལ་དུ་གསོལ།།

  3. བསམ་ཤེས། says:
    2014-06-29 at 11:31 pm

    འཇམ་དཔལ་དཔའ་བོའི་ཐུགས་རྗེས་ཟིན་པ་དང་། དང་པོའི་སངས་རྒྱས་བྱིན་རླབས་ཟབ་ཞུགས་པའི།
    འཇམ་མགོན་མི་འཕམ་གངས་ལྗོངས་སྐར་ཆེན་ཞིག རང་ཡུལ་ཁ་བའི་ཞིང་ལ་རབ་འཕྲོས་པས།
    སྐྱེ་རྒུའི་ཕན་བདེ་འབྱུང་གནས་ཐེག་ཆེན་གཞུང་། སླར་ཡང་གངས་ཅན་ཁྲོད་ལ་གསལ་མཛད་པས།
    དེ་ཡི་མཐུ་ལས་དབུ་མའི་ལྟ་བའི་རྒྱན། གངས་ཅན་ལྗོངས་ལ་ཡང་ཡང་འཕྲོས་གྱུར་ནས།
    མ་རིག་བདག་འཛིན་མུན་པ་ཇེ་བསྟུངས་ནས། བསྟན་པའི་འོད་ཟེར་འབར་ལ་གསོལ་བ་འདེབས།

    ཁྱེད་ཀྱི་ལྟ་བ་ཁྱེད་ཀྱི་སྤྱོད་པ་དང་། ཁྱེད་ཀྱི་མཁྱེན་པ་ཁྱེད་ཀྱི་མཛད་པ་ཀུན། དཔྱོད་ལྡན་སྐྱེ་བོའི་གསོས་སུ་གྱུར་བ་ལས། གངས་ཅན་ཁྲོད་ལ་རིགས་པའི་ཆུ་མིག་རྡོལ། ཧ་ཤང་ལྟ་བ་ཡ་མ་རླ་ཡི་གཟུགས། ཀུན་ནས་ཕམ་མཛད་མི་ཕམ་ཁྱེད་ལ་འདུད། ཞེས་རྗེ་མི་ཕམ་གྱི་དབུ་མ་རྒྱན་གྱི་འགྲེལ་པ་ཞིག་མཇལ་རྗེས། རྗེ་ཉིད་ལ་མི་གཡོ་བའི་དད་པ་ལྷན་ནེར་སྐྱེས་པས་ན། འདིར་གོ་སྐབས་བཙལ་ནས་བཀའ་དྲིན་རྗེས་དྲན་ལ་ཕུལ་བའོ།

  4. བསམ་ཤེས། says:
    2014-06-29 at 11:33 pm

    འཕམ་དེ་ཕམ་ལ་བཅོས་རོགས། ལྟས་ངན་སྐྱེས་དམན་ལས་ངན་པ་འདིས་ཕུར་ཙམ་བྱས་ཙང་འ་ཞིག་ཤོར་སོང་།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-06-30 at 4:46 pm

    རང་རྒུད་རྟགས། ཞེས་པ། རང་རྒྱུད་རྟགས། ཞེས་ཞུས་དག་བྱས་སོ།

  6. ཀརྡོ་གཉེར་ཕྱག་པ་ says:
    2015-06-18 at 3:40 am

    ་་་་་་་་་་་་ ཕྱིས་འདིར་ཕྱོགས་ཐ་དད་ནས་རྩོད་ཡིག་སོགས་མང་དུ་བྱུང་མོད། དོན་དུ་རང་གི་ཀུན་སློང་ལ་ནི་བླ་མའི་བཀའ་ལུང་སྒྲུབ་པ་དང༌། དེང་སང་སྔ་འགྱུར་གྱི་བསྟན་པ་ཉམས་རྒུད་ཆེ་བས་ཐམས་ཅད་ཀྱིས་གཞན་ལུགས་ཀྱི་ལད་མོ་ཙམ་ལས། རང་ལུགས་ཀྱི་གྲུབ་མཐའི་གནད་ཅི་ཡིན་ཙམ་ཡང་ཤེས་འདོད་བྱེད་ནས་འདྲི་མཁན་ཡང་དཀོན་པས། དོན་དེ་ལ་ཅུང་ཟད་ཕན་དུ་རེ་ནས་བྲིས་པ་མ་གཏོགས་གཞན་ལུགས་ལ་སྡང་ཞེན་དང༌། རང་བསྟོད་ཀྱི་སྙེམས་པ་སོགས་ཀྱི་ཀུན་སློང་ནི་རྨི་ལམ་ཙམ་དུའང་སྐྱེས་མ་མྱོང་བ་ནི་ཡེ་ཤེས་ཀྱི་ཐུན་དང་ལྡན་པ་རྣམས་ཀྱིས་གཟིགས་ཀྱང་མི་ཁྲེལ་བ་ཡོད། རྩོད་ལན་འགའ་ཞིག་བྲིས་པ་རྣམས་ཀྱང་རང་གཞན་ཐམས་ཅད་ཀྱིས་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་རྨ་མེད་དུ་རྟོགས་པའི་ཆེད་དུ་གཟུ་བོའི་བློས་བགྲོ་གླེང་ཅུང་ཟད་བགྱིས་པ་ཡིན།”ཞེས་གསུངས། ་་་་་་་་་་་་་་་

  7. ཀརྡོ་གཉེར་ཕྱག་པ་ says:
    2015-06-18 at 3:40 am

    ་་་་་་་་་་ དེ་ཡང་བོད་སྔ་རྗེས་ཀྱི་ཁྱད་པ་སོགས་ཟབ་གནད་ཐུན་མིན་རྣམས་ནི་དཔེ་སོགས་བལྟས་པ་མིན་པར། བསྙེན་སྒྲུབ་ལ་བཞུགས་དུས་རིག་པའི་རྩ་ཁ་ཕྱེ་བ་དང༌། བླ་མ་དང་ལྷག་པའི་ལྷའི་བྱིན་རླབས་ལས་རང་བབ་ཀྱིས་ཐུགས་ལ་ཤར་ཏེ་མ་བྲིས་ཐབས་མེད་བྱུང་བ་འབའ་ཞིག་ཡིན་ཞེས་གསུངས།” ་་་་་་་་་་་

  8. Tamding says:
    2023-06-12 at 4:50 am

    ༄༄། །འཇམ་མགོན་བླ་་མ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོ་ལ་ན་མོ།
    🙏🙏🙏❤️❤️❤️🙏🙏🙏

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme