Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྲི་གུང་༧སྐྱོབ་པ་འདས་ནས་མི་ལོ་༨༣༥ འཁོར་བའི་ལྔ་མཆོད་ཆེན་མོའི་མཆོད་སྤྲིན།

Posted on 2014-06-222014-06-22 By ཁ་བརྡ་ 38 Comments on འབྲི་གུང་༧སྐྱོབ་པ་འདས་ནས་མི་ལོ་༨༣༥ འཁོར་བའི་ལྔ་མཆོད་ཆེན་མོའི་མཆོད་སྤྲིན།

གློག་ཀླད།

དཔལ་འབྲི་གུང་བཀའ་བརྒྱུད་པའི་གདན་རབས་དང་པོ། ཀླུ་སྒྲུབ་གཉིས་པ་༧སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་ནི། འདས་པའི་སངས་རྒྱས་འཁོར་བ་འཇིག་དངོས་བདེ་གཤེགས་ཕག་མོ་གྲུ་པའི་ཞལ་ནས། ཁོ་བོའི་གདན་ས་འདི་དགེ་བསྙེན་ས་བཅུ་པ་ཞིག་གིས་འཛིན་པ་ཡིན་ཅེས་ཡང་ཡང་གསུངས་པ་ལྟར། ཁོང་གི་ཡབ་མེས་ཀྱི་གདུང་རྒྱུད་ཇི་ལྟར་བྱུང་ཚུལ་ནི།
བོད་ཁ་བ་ཅན་འདིར་འཕཊ་པ་སྤྱན་རས་གཟིཊ་ཀྱི་གདུལ་བྱའི་ཞིང་དང་བྱིན་རླབས་ཀྱི་མཐུ་ལས། མི་བུ་རིཊ་དྲུག་གི་ནང་ཚན་མི་བུ་རིཊ་བཞི་དང་སྦྱར་ན། ཨ་ལྕཊ་འབྲུ། ཨ་ལྕཊ་འབྲུ་ལ་བུ་དགུ་བྱུང་བ་སོཊ་མི་རབས་འགའ་ཞིག་འདས་པ་ན། འབྲུ་སྟག་རྒོད་བྱ་བ་ཞིག་བྱུང་བ་དེ་ལ། ཕྱིས་སུ་བུ་ཉི་མ་ནག་ཁྲ་དཀར་གསུམ་བྱུང་བ་ལས། འབྲུ་ཉི་མ་དཀར་པོ་ལ་སྲས་གསུམ་བྱུང་བའི་ཆེ་བ་སོ་གད་ཅེས་པ་དེ་ཉིད། རྨ་ཆེན་སྤོམ་རའི་མགུལ་དུ་ཕྱིན་ཏེ་ལྷའི་བུ་མོར་ཐབས་ཤེས་ཀྱི་སྦྱོར་བ་ལ་བརྟེན་ནས་སྐྱུ་ར་གནམ་སྦྱིན་དཀར་པོ་བྱུང༌། དེ་ཉིད་ཀྱི་གདུང་རིགས་ཡར་བཟང་འབྲོག་གསུམ་འདས་པ་ན།
སྒ་ཡུལ་འདན་སྟོད་དུ་ཨ་མེས་ཚུལ་རྒྱལ་དང༌། སྣ་ནམ་བཟའ་ཆོས་ཀྱི་སྒྲོལ་མ་གཉིས་འདུས་པ་ལས་སྲས་བཞི་བྱུང་བའི་གཉིས་པ། དཔེ་ཀ་དབང་རྒྱལ་ལའང་སྲས་བཞི་འཁྲུངས་པའི་ཐ་ཆུང༌། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཧེ་རུ་ཀ་ཆེན་པོ་ཡབ་རྣལ་འབྱོར་པ་རྡོ་རྗེ་དང༌། ཡུམ་རཀྵི་བཙུན་མའི་རིགས་ཀྱི་མྱུ་གུར་རྡོ་རྗེ་མཆུའི་པོ་ཏི་དཀར་པོ་འོད་ཀྱི་རྣམ་པར་ལྷུམས་སུ་བཞུགས་ཏེ། ཆུ་ཕག་སྤྱི་ལོ་ ༡༡༤༣ ལོར་སྐུ་འཁྲུངས།
དགུང་ལོ་དྲུག་པ་ས་འབྲུག་སྤྱི་ལོ་༡༡༤༨ ཙམ་ནས་འབྲི་ཀློག་མཁས་པར་མཁྱེན་ཅིང་ཐེལ་ཀློག་ཅེས་པ་ཀློག་ཆོད་ཆེ་ཞིང་སྐྱོན་ཆུང་བ། ས་སྒྲ་ར་སྒྲ་འཕུལ་རྟེན་སོགས་ལའང་མཆུ་སྦྱོར་ཐ་དད་དུ་ཐོན་པ་དེ་ཉིད་སྲོལ་གཏོད།

དགུང་ལོ་ཉེར་གཉིས་པ་ཤིང་སྤྲེལ་སྤྱི་ལོ་༡༡༦༤ ལོར་རྩིབ་རླུང་མོ་ཆེར་འདག་སྦྱར་སྨྲ་བཅད་མཛད་དེ། ཉིན་པར་ཕྱག་ཆེན་དང༌། མཚན་མོར་བསྐྱེད་རྫོཊ། ཐུན་བར་དུ་རྗེ་བཙུན་མའི་ཕྱག་མཆོད། ཐུན་གཤམ་དུ་གཏོར་མ་གཏོང་བ་སོཊ་སྐུ་བཙུན་པར་མཛད་པས། སྐྱུ་ར་སྨྲ་བཅད་པ་ཞེས་པའི་མཚན་ཐོཊ།
དགུང་ལོ་ཉེར་ལྔ་པར་མེ་ཕག་སྤྱི་ལོ་༡༡༦༧ ལོར་ཕག་གྲུར་ཕེབས། འགྲོ་མགོན་དང་མཇལ་ནས། ཐོག་མར་སྨོན་འཇུག་གི་སེམས་བསྐྱེད་གནང་ཞིང༌། མཚན་ཡང་བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་ཞེས་གསོལ། དེའི་ཕྱི་ཉིན་སེམས་བསྐྱེད་དང་ཕྱག་ཆེན་བསྔོ་བ་བཅས་གནང་ནས། ཕྱག་ཐུགས་ཀར་རེག་པས་དཔལ་ཧེ་རུ་ཀར་གཟིགས་ཏེ། ང་ལ་བླ་མ་འདི་འདྲ་བ་ཞིག་རྙེད་སྙམ་ནས་དགའ་བ་དཔག་ཏུ་མེད་པ་སྐྱེས།
ཉིན་གཅིག་ཆོས་གྲྭ་གྲོལ་སྐབས་ཉིད་ལ་སྡོད་གསུངས་པ་བཞིན་བསྡད་པས། འགྲོ་མགོན་གྱིས་ལུས་གནད་བཅོས་ཏེ་ཕྱག་འཁར་གནས་གསུམ་དུ་བཙུགས་ནས། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་གསུངས་ཏེ། ཁྱོད་སྒོམ་ཆེན་པ་ཞིག་འོང༌། སྒོམ་ཆེན་ཙམ་ལས་བཟང་བ་ཞིག་འོང༌། དེ་ལ་ཁོ་བོ་དགའ་བ་ལགས་མོད་ཅེས་གསུངས།
མདོ་རྒྱུད་ཟབ་གསང་རྡོག་དྲིལ་གྱི་སྙིང་བཅུད། ཕྱག་ཆེན་ལྔ་ལྡན་གྱི་གདམས་ངག་བུམ་པ་གང་བྱོའི་ཚུལ་དུ་གནང་སྟེ། ཞལ་སྔ་ནས། ལྔ་ལྡན་འདི་དང་མ་བྲལ་བ་གྱིས། སངས་མ་རྒྱས་ཀྱི་བར་དུ་ཆོས་ལྔ་པོ་འདི་ཉམས་སུ་ལེན་དགོས་པ་ཡིན་གསུངས།

དགུང་ལོ་ཉེར་བརྒྱད་པ་ལྕགས་སྟག་སྤྱི་ལོ་༡༡༧༠ ལོར་འགྲོ་མགོན་ཕག་གྲུ་མྱ་ངན་ལས་འདའ་ཁར། གསེར་གྱི་རྡོ་རྗེ་རྩེ་ལྔ་འོད་འབར་བ་ཞིག་བྱུང་ནས་ཉིད་ཀྱི་ཐུགས་ཀར་ཐིམ་སྟེ། བརྒྱུད་པ་གཏད་པ་དེར་ཡོད་ཀུན་གྱི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར།
དགུང་ལོ་ཉེར་དགུ་པ་ལྕགས་ཡོས་སྤྱི་ལོ་༡༡༧༡ ལོར། བླ་མ་ཡལ་གྱི་སྤྱན་དྲངས་པ་ལྟར་ཨེ་ཆུང་ཕུག་ཏུ་བྱོན། དེར་ཕྱིའི་རྟེན་འབྲེལ་རགས་པ་ཁོང་དུ་ཆུད་དེ། འཁོར་བར་འཁྱམས་པའི་རྒྱུ་རླུང་དབུ་མར་མ་ཚུད་པས་ལན་དགོངས་ནས་གནད་དུ་བཅུན་པས། རྗེ་བཙུན་སྒྲོལ་མ་སོགས་སངས་རྒྱས་བྱང་སེམས་མང་པོ་ཞལ་གཟིགས། རིགས་དྲུག་གི་གནས་སྦྱོང་ཤར། ཌཱཀྐིའི་ཚོགས་པར་སྤྱན་དྲངས་པ་སོགས་སྣང་ཚུལ་མང་དུ་བྱུང༌།

དགུང་ལོ་སོ་གཉིས་པ་ཤིང་རྟ་སྤྱི་ལོ་༡༡༧༤ ལོར། གདན་ས་ཕག་མོ་གྲུར་ཕེབས་ནས་ཆོས་གྲོགས་རྣམས་ལ་གསུང་གླེང་དང༌། སྐུ་གདུང་དང་འདྲ་སྐུ་རིན་པོ་ཆེར་ཕྱག་བྱས་ཏེ། སློབ་དཔོན་ཀླག་མདའ་བའི་བཀའ་བཞིན་སྤ་གྲོར་འབྱོན་རྒྱུ་བཤོལ་ནས། སོ་གསུམ་པ་ཤིང་ལུག་སྤྱི་ལོ་ ༡༡༧༥ ལོར་སླར་ཡང་ཨེ་ཆུང་དུ་ཕེབས།
དགུང་ལོ་སོ་བཞི་པ་མེ་སྤྲེལ་སྤྱི་ལོ་ ༡༡༧༦ ལོར་དེར་སྒྲུབ་པར་གཞོལ་བའི་ཚེ། སྔོན་གྱི་རྣམ་སྨིན་གྱི་ལྷག་མ་ལྷོངས་ཏེ། སྟོན་པ་དང་རྗེ་བཙུན་མི་ལ་སོགས་འཚང་རྒྱ་ཁར་བདུད་ཀྱིས་ཆོ་འཕྲུལ་བྱུང་བ་ལྟར། སྐུ་ཁམས་མ་བདེ་ནས་ལུས་ན་ཟུག་གིས་གང༌། མེ་རླུང་གི་སྟོབས་ཀྱིས་སྐྲ་དང་ཁ་སྤུ་འཇིལ་བའི་སྙུང་མཛེ་དྲག་པོ་ཞིག་བྱུང་བ་ལ།
རྟེན་འབྲེལ་བརྟག་སྐབས་ཟ་འོག་ཁ་ཚང་ཞིག་དང༌། བ་ལུའི་མེ་ཏོག་གསར་པ་ཞིག་བྱུང་ན་སྙུན་ལས་གྲོལ་བར་གཟིགས་པས། བླ་མ་ཡལ་ལ་མངགས་ཀྱང་རྟེན་འབྲེལ་ཆེར་མ་འཛོམས་པར་བརྟེན། ཐུགས་དགོངས་ལ། བླ་མ་རིན་པོ་ཆེའི་སློབ་མ་གྲུབ་ཐོབ་ཀྱི་ཁ་སྐད་ཡོད་པ་ཞིག་ལ། འདི་འདྲ་བའི་ནད་ངན་བྱུང་བ་ནི་བླ་མའི་ཞབས་འདྲེན་དང༌། གྲོགས་མཆེད་ཀྱི་རྐང་འདྲེན་དུ་སོང་སྙམ་ནས་ཐུགས་མུག་ཆེན་པོ་སྐྱེས་ཏེ། ད་ནི་ས་ཕྱོགས་གང་དུ་ཕྱིན་ཡང་གྲུབ་ཐོབ་ཀྱི་མཐའ་འདི་ལྟར་སོང་ཟེར་བ་ཞིག་འོང་བས། སུས་ཀྱང་མི་ཚོར་བའི་ས་ཕུག་གཅིག་ཏུ་འཕོ་བ་བྱ་དགོས་སྙམ་པའི་འདུན་པ་བཏང་ནས་ཕྱིར་བྱོན་པ་ན། དབུ་སྔས་སུ་འཕགས་པ་ཐུགས་རྗེ་ཆེན་པོའི་ཞལ་ཐང་ཞིག་ཡོད་པ་དེ་ལ་ཕྱི་ཕྱག་འཚལ་དགོས། ང་ན་བ་ཡི་དམ་གྱིས་མ་ལན་དགོངས་ནས་ཡར་བྱོན།

ཕྱག་དང་པོ་མཛད་པའི་ཚེ། ས་ཆེན་པོ་འདིའི་སྟེང་དུ་ང་ལས་སྡུག་པ་མེད། ནད་འདི་ལྟ་བུས་འཆི་དགོས་སྙམ་པ་ཐུགས་ལ་ཤར། གཉིས་པའི་སྐབས་ང་འཆི་ཡང་བླ་མ་དམ་པའི་མན་ངག་འཕོ་བ་དང༌། བར་དོའི་གདམས་པ་སོགས་ཀྱིས་ཕྱི་མ་འཇིགས་མི་དགོས་པ་ཞིག་ཡོད། དེ་བས་སེམས་ཅན་འདི་རྣམས་སྙིང་རེ་རྗེ་སྙམ་ནས་སྙིང་རྗེ་ཚད་མེད་པ་འཁྲུངས་ཏེ། གཟིམ་མལ་དུ་ཡང་མ་བྱོན་པར་དེ་ཉིད་དུ་ལུས་གནད་བཅོས་ནས་སྙིང་རྗེ་དེ་ཉིད་དྲག་ཏུ་སྒོམ་པར་མཛད་པས། ཀླུ་གདོན་སྙུན་གཞི་དང་བཅས་པ་སྐུ་ལུས་ནས་ཐོན་ཏེ། ཟླ་བ་སྒྲ་གཅན་ལས་ཐར་བ་བཞིན་དུ། མདོ་སྔཊ་རབ་འབྱམས་ཀྱི་དགོངས་པ་མཐའ་དྲུག་ཚུལ་བཞིའི་སྦས་དོན་མཐའ་དག སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་ཇི་ལྟ་བ་བཞིན་དུ་མཁྱེན་པའི་མཁྱེན་པ་དེ་ཡང༌། ཤར་པོ་བཀྲིས་དང་ཤར་མོ་བཀྲིས་གཉིས་ཀྱིས་ཟ་འོག་དང༌། བ་ལུའི་མེ་ཏོག་གསར་པ་ཕུལ་བས་རྟེན་འབྲེལ་འགྲིཊ་ཏེ། དཔལ་ཧེ་རུ་ཀ་སེར་པོས་ཐུཊ་ཀར་མདའ་བསྣུན་པ་ལ་བརྟེན་ནས། སྒོམ་མེད་ཀྱི་རྣལ་འབྱོར་ཆེན་པོ་མངོན་དུ་གྱུར་ཅིང༌། གཙུག་ཏོར་དང་མཚན་དཔེ་སོགས་སངས་རྒྱས་དང་མཐུན་པར་བྱོན།
བཅས་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་གཅིག་པ་དང༌། ཕྱག་ཆེན་ཚུལ་ཁྲིམས་གནད་གཅིག་པར་དགོངས་ཏེ། དགུང་ལོ་སོ་ལྔ་པ་མེ་བྱ་སྤྱི་ལོ་༡༡༧༧ ལོར་མཁན་པོ་ཞང་སུམ་ཐོག་པ། སློབ་དཔོན་རྩི་ལུང་པ། གསང་སྟོན་གཉལ་བ་འདུལ་འཛིན་སོགས་ལས་ཆིག་རྫོགས་སུ་བསྙེན་པར་རྫོགས། བླ་མ་ཙཱ་རི་པས་ཆོས་ཞུས་ཏེ་དེར་འདུས་ཐམས་ཅད་ཀྱི་ནན་ཞུས་ཀྱིས་ཕག་གྲུའི་གདན་སའི་ཆོས་ཁྲིར་དབང་བསྐུར།

སོ་བདུན་པ་ས་ཕག་སྤྱི་ལོ་༡༡༧༩ ལོར་རྗེ་ཕག་མོ་གྲུ་པ་མདུན་གྱི་ནམ་མཁར་བྱོན་ནས། ཁྱོད་རང་ཟ་འོག་གི་འབོལ་སྟན་རྙིང་པ་འདི་བསྐྱུར་ལ། དབུ་རུ་བྱང་ཕྱོགས་སུ་སོང་དང་འགྲོ་བའི་དོན་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ་ཞེས་གསུངས་པ་ཞིག་རྨིས། དངོས་རྫས་ཕྱག་ན་ཡོད་ཚད་དགེ་འདུན་ལ་བཀྱེས་ནས། གདན་ས་ཁྱེད་རྣམས་ལ་གཏད་པ་ཡིན་གསུངས་ཏེ། དེ་ནུབ་དཔོན་སློབ་གསུམ་མདོར་བྱོན། སྒྲགས་དང་འཕྲང་ཕུར་ཕེབས་པ་ན་ནགས་ཤོད་མཁན་པོ་དང༌། ཕ་ཇོ་རྒྱལ་མཚན་གྱིས་ཏི་སྒྲོའི་མདུན་དུ་འབྲི་གུང་ཞེས་པའི་གནས་ཤིན་ཏུ་དབེན་པ་ཞིག་ཡོད་ཟེར་བ་ལ། ཐུགས་དགྱེས་ཏེ་དེར་སོང་ནས་སྒྲུབ་པ་བྱ་སྙམ་པའི་ནུབ་མོར། ལྷ་ཆེན་བར་ལྷས་མནལ་ལམ་དུ་བསུ་བ་བྱུང༌།
ལོ་དེར་འོག་མིན་རྡོ་རྗེ་གདན་གཉིས་པ་བྱང་ཆུབ་གླིང་རྟེན་དང་བརྟེན་པར་བཅས་པ་ཕྱག་བཏབ། གདན་སའི་ནུབ་ངོས་ཀྱི་སྤོར་རྟ་ཆག་ལྟེང་ཞེས་པ་དེ། རྒྱ་གར་གྱི་དུར་ཁྲོད་བསིལ་བའི་ཚལ་དང་མཉམ་པར་བྱིན་གྱིས་བརླབས།

དགུང་ལོ་སོ་དགུ་པ་ལྕགས་གླང་སྤྱི་ལོ་༡༡༨༡ ལོར་བཙད་པོ་ཐང་ལྡེ་དང་འོད་ལྡེ་སོགས་ཀྱིས་གདན་དྲངས་པ་ལྟར་བྱང་ནམ་རར་བྱོན་སྐབས། ཐང་ལྷས་བསུ་བ་དང་སྒྲུབ་གནས་ཕུལ། དེའི་དབྱར་དགེ་འདུན་སུམ་བརྒྱ་ཙམ་འཚོགས།
དགུང་ལོ་ཞེ་གཅིག་པ་ཆུ་ཡོས་སྤྱི་ལོ་ ༡༡༨༣ ལོར་ལྟར་སྣང་དུ་ཚོགས་མང་བས་སུན་ཚུལ་བསྟན་ཀྱང༌། དོན་དུ་སྒྲུབ་གནས་ཁྱད་འཕགས་ཅན་སྒོ་འབྱེད་པའི་ཕྱིར་གསང་ཐབས་ཀྱིས་ཚ་འུག་ཏུ་ཕེབས་ཏེ། ཚོགས་ཁང་ཆེན་མོ་དབུ་རྐྱང་རོ་གསུམ་གྱི་རྣམ་པར་ཕྱེས་ནས་ཏིང་འཛིན་ཕུག་ཏུ་བཞུགས་སྐབས། ནུབ་གཅིག་སངས་རྒྱས་ཀྱི་བསྟན་པའི་རྒྱུན་ལ་དགོངས་ཏེ། གཞན་སྣང་དབང་སྡུད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ན། ཏི་སེ། ལ་ཕྱི། ཙཱ་རི་གསུམ་གྱི་ཞིང་སྐྱོང་སོགས་བོད་ཀྱི་གཞི་བདག་རྣམས་ལ་ཆོས་བསྟན་ནས། སོ་སོའི་གནས་སུ་རྫུ་འཕྲུལ་གྱིས་ཕེབས་ཏེ་དམ་ལ་བཞག སྒྲུབ་གནས་ཕུལ་ཏེ་བཞུགས་པར་གསོལ་ཡང་མ་གནང་སྟེ་རི་པ་གཏོང་བར་ཞལ་གྱིས་བཞེས།

དགུང་ལོ་ཞེ་གཉིས་པ་ཤིང་འབྲུག་སྤྱི་ལོ་༡༡༨༤ ལོར་རི་ཁྲོད་དུ་གཏོང་བར་འོས་པ་དཔལ་ཆེན་སྒོམ་ཤེ། དབོན་སྒོམ། སྟོན་འབྱུང༌། སློབ་དཔོན་རྒྱལ་བ། སློབ་དཔོན་ངད་ཕུ་བ་སོགས་གཅེས་གཅེས་དྲག་དྲག་བརྒྱད་ཅུ་རེ་བཅས་རི་པ་དང་པོ་བཏང༌།
དགུང་ལོ་ཞེ་གསུམ་པ་ཤིང་སྦྲུལ་སྤྱི་ལོ་༡༡༨༥ ལོར་རྒྱ་གར་དུ་བྱོན་པར་དགོངས་ནས། དཔོན་སློབ་ཀུན་ཆོས་གོས་གསུམ་དང་ལྷུང་བཟེད་འཁར་གསིལ་ཐོགས་ཏེ་དྭགས་པོར་བྱོན་པ་ན། དྭགས་པོ་འདུལ་འཛིན་གྱིས་ཆོས་ཞུས་ཤིང་གདན་ས་ཕུལ།
དགུང་ལོ་ཞེ་བདུན་པ་ས་བྱ་སྤྱི་ལོ་༡༡༨༩ ལོར་ཀརྨ་པ་དུས་གསུམ་མཁྱེན་པ་དབུས་སུ་བྱོན་པའི་ཚེ། ཆོས་རྗེ་༧སྐྱོབ་པའིི་སྙན་པ་གསན་ནས་འབྲི་གུང་དུ་བྱོན། འབམ་ཐང་ནས་ཆོས་རྗེ་ཉིད་དགེ་འདུན་འདུས་པ་དང་བཅས་པས་སེར་སྦྲེངས་ཀྱི་བསུ་བ་མཛད་པས། རྗེ་ཉིད་བསྟན་པའི་བདག་པོ་དང༌། སྤྱན་སྔ་རྣམ་གཉིས་མཆོག་ཟུང་སོགས་དགྲ་བཅོམ་པའི་ཚོགས་ཀྱིས་བསྐོར་བར་གཟིགས་ཤིང༌། སླར་གསེར་ཁང་དུ་ཕེབས་པའི་ཚེ། རྗེ་ཉིད་ཤཱཀྱའི་རྒྱལ་པོ་སྔོན་ལྟར་དང༌། སྤྱན་སྔ་རྣམ་གཉིས་བྱམས་པ་དང་འཇམ་དབྱངས། འཁོར་གྱི་གཙོ་བོ་རྣམས་ཉེ་བའི་སྲས་གཞན་སོགས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བར་གཟིགས་ཏེ། དུས་མཁྱེན་གྱིས་བསྟན་པའི་བདག་པོ་དངོས་ཡིན་པར་དགོངས་ནས། མོས་གུས་ཚད་མེད་པ་སྐྱེས་ཤིང༌། ཆོས་གསན་ཏེ་བླ་མར་བཀུར།

དགུང་ལོ་ཞེ་དགུ་པ་ལྕགས་ཕག་སྤྱི་ལོ་༡༡༩༡ ལོར་གཉོས་རྒྱལ་བ་ལྷ་ནང་པ། གར་བ་བྱང་རྡོར་སོགས་ཏི་སེར་དགུ་བརྒྱ། ལ་ཕྱིར་དགུ་བརྒྱ། ཙཱ་རིར་དགུ་བརྒྱ་བཅས་ཉིས་སྟོང་བདུན་བརྒྱ་རེ་བརྫངས་པའི་ནང་ནས་ཀྱང་གྲུབ་པ་ཐོབ་པ་ཤ་སྟག་བྱུང༌།
དགུང་ལོ་ང་གཅིག་པ་ཆུ་གླང་སྤྱི་ལོ་༡༡༩༣ ལོར་བླ་མ་ཞང་གིས་འདི་ལོ་ང་དང༌། ཀརྨ་པ། འབྲི་གུང་པ་གསུམ་ལ། ཨུ་རྒྱན་ནས་མཁའ་འགྲོ་མའི་གདན་འདྲེན་འོང༌། འབྲི་གུང་པ་རྟེན་འབྲེལ་ལ་མངའ་བརྙེས་པས་གཤེགས་མི་དགོས་གསུངས་པ་བཞིན་བྱུང༌།
དགུང་ལོ་ང་བདུན་པ་ས་ལུག་སྤྱི་ལོ་༡༡༩༩ ལོར། གཉོས་ཆེན་པོས་བུར་སྟོན་མཛད་སྐབས། སྤྱན་སྔ་ཤེར་འབྱུང་གིས་རྩིས་པས་དགེ་སློང་ལྔ་ཁྲི་ལྔ་སྟོང་ཉེར་ལྔ་ལོངས་པ་བྱུང༌།

དགུང་ལོ་རེ་དྲུག་པ་ས་འབྲུག་སྤྱི་ལོ་༡༢༠༨ ལོར་སིངྒ་གླིང་གི་དགྲ་བཅོམ་པས། ཁ་ཆེ་པཎ་ཆེན་གྱི་གཅུང་པོ་ལ་མེ་ཏོག་བསྐུར་བ་དེ་ཉིད་པཎ་ཆེན་ཤཱཀྱ་ཤྲཱིས་ཆོས་སྐྱེས་སུ་ཕུལ། ལོ་དེར་སྤྱན་སྔ་གྲགས་འབྱུང་ཕག་གྲུའི་གདན་སར་བསྐོས།
དགུང་ལོ་རེ་བདུན་པ་ས་སྦྲུལ་སྤྱི་ལོ་༡༢༠༩ ལོར་གསེར་ཁང་སྒོ་བཅད་མ་མཛད། དགུང་ལོ་རེ་དགུ་པ་ལྕགས་ལུག་སྤྱི་ལོ་༡༢༡༡ ལོར་དབྱར་གནས་པའི་ཚེ། ཚུལ་ཤིང་བཞེས་མཁན་གྱི་སྡོམ་བརྩོན་པ་འབུམ་ཕྲག་གཅིག་བྱུང་ན། དགེ་ཚུལ་དང་དགེ་བསྙེན་ནི་བགྲང་གིས་མི་ནུས་པར་བྱུང་བ་སྨོས་མ་དགོས་ལ།
དགུང་ལོ་དོན་གསུམ་པ་ཤིང་ཕག་སྤྱི་ལོ་༡༢༡༥ ལོར་རི་པ་ཐ་མ་འགྱེད་པར་དགོངས་ཏེ། འབྲི་གུང་ཐང་དུ་ཆོས་ཁྲི་བརྩིགས་པར་༧སྐྱོབ་པ་འཇིག་རྟེན་མགོན་པོ་བཞུགས་ཤིང༌། གནས་གསུམ་གྱི་རྡོ་རྗེ་འཛིན་པ་རྣམས་ལའང་ཁྲི་བརྩིགས་ཏེ་ཟབ་རྒྱས་ཀྱི་གདམས་པ་སྤྱི་དང༌། ཁྱད་པར་དུ་བཅུ་ཆོས་སུམ་ཆོས་སོགས་ཀྱི་བཀའ་ཁྲིད་ཞིབ་པར་བསྩལ་ཏེ། དཔལ་འཁོར་ལོ་སྡོམ་པའི་སྐུའི་གནས་ཆེན་སྟོད་དུ་གྲགས་ཆེ་བ་གངས་དཀར་གྱི་རྒྱལ་པོ་ཏི་སེར། རྡོར་འཛིན་པཎ་ཆེན་གྷུ་ཡ་སྒང་པ་དང༌། གྲུབ་ཐོབ་ནག་པོ། རི་པ་སྔོན་པོ་གཙོས་པའི་སྒོམ་ཆེན་ལྔ་ཁྲི་ལྔ་སྟོང་ལྔ་བརྒྱ་ཉེར་ལྔ།
བར་དུ་ཁུངས་བཙན་པ་གསུང་གི་གནས་ཆེན་འབྲོག་ལ་ཕྱི་གངས་རར། རྡོར་འཛིན་དགེ་བཤེས་གཡག་རུ་དཔལ་གྲགས་ཀྱི་གཙོས། སྒོམ་པ་གསལ་བའི་དབང་ཕྱུག་སོགས་ལྔ་ཁྲི་ལྔ་སྟོང་ལྔ་བརྒྱ་ཉེར་ལྔ།
སྨད་དུ་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཐུགས་ཀྱི་གནས་མཆོག་ཙཱ་རི་ཏྲར། རྡོ་རྗེ་འཛིན་པ་འགོ་བོ་ཆེའི་གཙོས་ལྔ་ཁྲི་ལྔ་སྟོང་ལྔ་བརྒྱ་ཉེར་ལྔ་བཏང་སྟེ། རི་ཐམས་ཅད་འབྲི་གུང་རི་པ་དང༌། ཐང་ཐམས་ཅད་འབྲི་གུང་ཐང་པ་ཞེས་པའི་གྲགས་པ་དེ་བྱུང༌།

དགུང་ལོ་དོན་བཞི་པ་མེ་བྱི་སྤྱི་ལོ་༡༢༡༦ ལོར་འདུས་ཚོགས་གསལ་བྱེད་ལས། ཁྲི་ཚོ་བཅོ་བརྒྱད་ཚོགས་པ་ལ། འབྲི་གུང་བླ་གཡེལ་ཐང་ན་གྲགས། ཞེས་གསུངས་པ་ལྟར་སྐབས་དེ་དུས་འབྲི་གུང་རང་དུ་དགེ་འདུན་གྱི་ཚོགས་པ་ཁྲི་ཚོ་བཅོ་བརྒྱད་ཡོད་པར་མངོན་ལ།
དགུང་གྲངས་བདུན་ཅུ་དོན་ལྔའི་སྐབས། ངེས་དོན་གྱི་ཆོས་ཀྱི་བཀའ་སྩལ་དཔག་ཏུ་མེད་པ་གསུངས་ནས། རྡོ་རྗེའི་སྐུའི་བཀོད་པ་བསྡུས་པའི་ཚུལ་སྟོན་པར་བཞེད་དེ། མེ་མོ་གླང་ལོའི་༡༢༡༧ ལོར་བདག་ཅག་གི་སྟོན་པ་མངོན་པར་བྱང་ཆུབ་པའི་ཟླ་བ་སྟེ། ཧོར་ཟླ་བཞི་པའི་ཚེས་ཉི་ཤུ་ལྔའི་ནམ་སྲོད་ལ། སྤྲུལ་སྐུའི་བཀོད་པ་གཉུག་མ་ལྷན་ཅིག་སྐྱེས་པའི་ངོ་བོར་ཐིམ་པའི་ཚུལ་བསྟན་པར་སྣང་ངོ༌།།

ལོ་རྒྱུས།

Post navigation

Previous Post: རྒྱུས་ལོན་བྱེད་དགོས་པའི་གསར་གནས་ཤིག
Next Post: སྔོན་འགྲོ་ཀླད་ཀྱི་གཏམ།

Comments (38) on “འབྲི་གུང་༧སྐྱོབ་པ་འདས་ནས་མི་ལོ་༨༣༥ འཁོར་བའི་ལྔ་མཆོད་ཆེན་མོའི་མཆོད་སྤྲིན།”

  1. ཨ་ཕྱི་ཆོས་སྒྲོན says:
    2014-06-22 at 10:35 am

    ཡག་བྱུང་། ཡིན་ན་ཡང་ལོ་རྒྱུས་དངོས་དེ་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་ནི། མདོ་ཁམས་ལྡན་སྟོད་གཙོང་དུ་ཞེས་པར། འབྲུག་རྒྱལ་སྐྱུ་རུའི་གདུང༌། རྙིང་མའི་སྔགས་འཆང་ཟམ་མ་ཆད་པའི་བརྒྱུད་པར། ཡབ་རྡོ་རྗེ་དང༌། ཡུམ་མཁའ་འགྲོ་བཙུན་མ་ཞེས་བྱ་བའི་སྲས་སུ་རབ་བྱུང་གཉིས་པའི་ཆུ་ཕག་༼༡༡༤༣༽ལོར་འཁྲུངས། གཞོན་དུས་ནས་སྙིང་རྗེ་ཆེན་པོ་མངའ་ཞིང་ཡབ་ཆོས་ཕལ་ཆེར་མཁྱེན། ཕག་མོ་གྲུའི་སྙན་པ་གསན་པས་དཔེ་མེད་པའི་དད་པ་འཁྲུངས་ཏེ། ཟླ་བ་ཤར་བ་ན་ཡ་གིས་ངའི་བླ་མ་དེ་མཐོང་བ་རེ་དགའ་སྙམ་པའང་བྱུང༌། དེ་ནས་དབུས་གཙང་དུ་བྱོན། འགྲོ་མགོན་གྱི་ཞབས་དྲུང་དུ་ཕེབས་ནས་ཟླ་བ་སུམ་ཅུ་རྩ་གཉིས་བསྟེན། དེའི་ཚེ་རྟེན་དགེ་བསྙེན། ན་བཟའ་ར་ཐུལ་ཞིག་བཞེས་པས་དགེ་བསྙེན་ར་ཐུལ་ཅན་ཞེས་གྲགས་ལ། བླ་མའང་མཉེས། ཁྱོད་ལ་སྒོམ་ཆེན་བཟང་པོ་ཞིག་འོང༌། སྒོམ་ཆེན་ཙམ་ལ་བཟང་བ་ཞིག་འོང་ཞེས་ལུང་བསྟན། འགྲོ་མགོན་གཤེགས་ནས་ཨེ་ཆུང་ཕུག་པར་ཐུགས་དམ་ལ་བཞུགས་པས་གློ་བུར་དུ་སྙུན་མཛེ་དྲག་པོ་ཞིག་བྱུང༌། རྫ་གསེབ་ཏུ་བཞུགས་ཏེ་རོ་སུས་ཀྱང་མི་མཐོང་བ་ཞིག་བྱ་སྙམ་ནས་བྱོན་པར་ཆས། ཡི་དམ་སྤྱན་རས་གཟིགས་ཀྱི་སྐུ་ཞིག་ཡོད་པ་ལ་ཕྱི་ཕྱག་བགྱིས། སྐུ་ཤེད་ཆུང་བས་ཁ་བུབ་ཏུ་ཅུང་ཞིག་ལུས་པ་ན༑ དང་པོར་རང་གི་སྡུག་བསྔལ་བསམ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསམས་པས་སྙིང་རྗེ་ཆེན་པོ་བཟོད་གླགས་མེད་པ་ཞིག་འཁྲུངས། ས་ཐམས་ཅད་སྤྱན་ཆབ་ཀྱིས་བངས། ཀླུ་གདོན་དེ་འཁོར་དང་བཅས་པ་སྐུ་ལུས་ལས་ཐོན་སོང་བ་གཟིགས། སྒོམ་རོ་གཅིག་གི་རྟོགས་པ་ཐུགས་ལ་འཁྲུངས་པས། ཞག་གསུམ་དྲོ་བཞིའི་ནངས་པར་ན། །མི་ཁོ་བོའི་ལས་ངན་རང་སར་དག །ཅེས་གསུངས། དེ་ལྟར་གྲུབ་པ་བརྙེས་པའི་སྙན་པས་འུར་བསླངས། གཞན་གྱིས་སྟོན་མོ་བྱེད་པའི་གྲལ་དབུ་ལ་སྤྱན་དྲངས་པའི་ཚེ་ཞིག །ཐོད་པ་བསམ་གྲུབ་ཀྱི་སྲས་མོ་ནམ་མཁའ་རྒྱན་གྱིས་སྐུ་མདུན་དུ་གཅེར་བརྒྱུགས་བྱས་པས། ང་རྟེན་དགེ་བསྙེན་དུ་སོང་བས་བརྙས་པ་ཡིན། ཅིས་ཀྱང་རབ་ཏུ་བྱུང་དགོས་འདུག་དགོངས་ནས། སོ་ལྔ་པ་ལ་ཕག་མོ་གྲུར་ཞང་སུམ་ཐོག་པས་མཁན་པོ། ཙི་ལུང་སློབ་དཔོན། གཉན་པ་འདུལ་འཛིན་གྱིས་གསང་སྟོན་བྱས་ཏེ་ཆིག་རྫོགས་མཛད། མཚན་རིན་ཆེན་དཔལ། གཉལ་པ་འདུལ་འཛིན་ལ་མདོ་རྩ་ལེགས་པར་བསླབས། འགྲོ་མགོན་གཤེགས་རྗེས་སུ་བླ་མ་ཞང་གིས་གྲལ་གོང་དུ་བཞུགས། བསྔོ་བ་ཙམ་མཛད་པ་ལས་ལོ་བདུན་དུ་གདན་ས་མེད། དེ་ནས་ཆོས་རྗེ་འདིས་གདན་ས་མཛད་དེ་ལོངས་སྤྱོད་ཆུང་ཞིང་འོ་བརྒྱལ་བར་བྱུང༌། གསོལ་བ་བཏབ་པས་མནལ་ལམ་དུ་འགྲོ་མགོན་བྱོན་ནས། ཟ་འོག་གི་འབོལ་རྙིང་པ་ཞིག་འདུག་པ་འདི་ཁོ་རང་ཚོ་ལ་གཏོད་ལ། ཁྱོད་རང་དབུ་རུ་བྱང་ཕྱོགས་སུ་སོང་གསུང་བ་རྨིས། མནལ་སད་འཕྲལ་བཞེངས། དཔོན་སློབ་ལྔས་བྲོས་བྱོན་ཏེ། དབུར་སྟོད་དུ་བྱོན་པ་དང༌། གོམ་རིངས་ཀྱི་གྲྭ་པ་རྣམས་སྤྱན་འདྲེན་དུ་འོང་བ་དང་འགྲིགས། འབྲི་གུང་དུ་བཞུགས། བསྟན་པའི་རྩ་བ་དགེ་འདུན། དེའང་ཚུལ་ཁྲིམས་རིན་པོ་ཆེ་ལ་རག་ལས་པར་གཟིགས་ནས། དབེན་པའི་གནས་སུ་འདུག་པ་དག་ཀྱང་བག་ཡངས་སུ་མི་འཇུག །སྙན་པས་ནི་འཛམ་བུའི་གླིང་ཁྱབ། སྟག་ལུང་དུ་ཐང་པས་སྤྱན་དྲངས། བླ་མའི་གདམས་ངག་ཡོད་པའི་གླེང་མོ་མཛད། ཁྱོད་བླ་མ་བསྟེན་ཡུན་ཐུང་གསུང༌། དོན་གཏུག་ལ་རེ་མཛད་པ་ལ། ཇ་བུ་རམ་གྱི་གནང་སྦྱིན་ཐུགས་རྗེས་བཟུང༌། །སོགས་སྒྲོ་འདོགས་གཅོད་རྒྱུ་མེད་པའི་མགུར་དུ་ཕུལ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་མགོན་པོ་ཀླུ་སྒྲུབ་ཀྱི་སྤྲུལ་པར་ངོས་བཟུང༌། དོན་ལྔ་པ་མེ་གླང་༼༡༢༡༧༽ལོའི་ས་ག་ཟླ་བའི་ཚེས་ཉེར་བདུན་ལ་གཤེགས། སློབ་མ་གྲུབ་པ་བརྙེས་པ་བགྲང་གིས་མི་ལང་ཡང༌། གཙོ་བོ་རྗེ་སྤྱན་སྔ། དབོན་རིན་པོ་ཆེ་མཆེད། གཉོས་མགར་ཆོས་གསུམ། དབོན་ཤེར་འབྱུང་སོགས་སོ། །

  2. རི་རྒྱལ་ཏི་སེ says:
    2014-06-22 at 11:42 am

    སྐྱོབ་པ་འཇིག་རྟེན་མགོན་པོ་སངས་རྒྱས་མདོ་རྒྱུད་ཀྱི་ལུང་ཞིག་དགོས་ན། མདོ་སྡེ་འཕགས་པ་ཡེ་ཤེས་རྒྱས་པའི་མདོ་ལས། ༼སྡེ་དགེ་ཚལ་པར། མདོ་ག་པ། དབྱིན་ཨང་།༢༥༢༽ དེ་ནི་མི་མཆོག་རང་བྱུང་འབྱུང་འགྱུར་པ། །རིན་ཆེན་དཔལ་ཞེས་འཇིག་རྟེན་སྒྲ་རྣམ་གྲགས། །མི་མཆོག་འདི་ཡི་ཉན་ཐོས་དགེ་འདུན་ནི། །ས་ཡ་ཕྲག་ནི་བརྒྱད་ཅུ་དག་འབྱུང་ངོ་། །བདེ་གཤེགས་མཆོག་གི་རྗེས་སྐྱེས་སྲས་ཚོགས་ནི། །ཉོན་མོངས་ཁྲོ་དང་ང་རྒྱལ་འཆབ་བྲལ་བས། །དེ་ཚེ་མི་མཆོག་དེ་ཡི་བྱང་ཆུབ་སེམས། །ས་ཡ་ཕྲག་ནི་བརྒྱད་ཅུ་དག་བྱུང་སྟེ། །རྒྱལ་བ་དཔག་མེད་དག་ལ་སྤྱད་ལྡན་ཞིང་། །འགྲོ་ལ་ཕན་ཕྱིར་བྱང་ཆུབ་ཐོབ་འགྱུར་རོ། ། ཞེས་དང་། གསང་འདུས་རྣལ་འབྱོར་ཆེན་པོའི་རྒྱུད་ལས། ༼སྡེ་དགེ་ཚལ་པར། རྒྱུད་ཆ་པ། དབྱིན་ཨང་། ༣༨༡༽ དེ་ནས་གསང་བ་འཛིན་པ་པོ། །མ་འོངས་བྱང་ཆུབ་དོན་གྱི་ཕྱིར། །དཔལ་ལྡན་བླ་མ་རྡོ་རྗེ་འཛིན། །སྐུ་གསུམ་སྙིང་པོ་འདུས་པའི་བདག །འགྲོ་དོན་སྤྱོད་ཕྱིར་འབྱུང་བ་སྟེ། །སྟོབས་ཆེན་སྣ་ཚོགས་ནགས་ཁྲོད་དུ། །ཐུབ་པ་དཔལ་གྱི་རྒྱལ་པོ་སྟེ། །ཤཱཀྱའི་དགེ་སློང་ལི་ཙཱ་བི། །གཞོན་ནུ་འཕགས་པའི་བློ་ཅན་གྱི། །རིམ་དང་ཅིག་ཆར་རྒྱས་པར་གྱུར། །ཞེས་སོགས་གསུངས་ཡོད།

  3. རི་རྒྱལ་ཏི་སེ says:
    2014-06-22 at 11:43 am

    ལྷ་མོ་དངོས་གྲུབ་བརྟན་གཟིགས་ཀྱི་རྒྱུད་ལས་། འདས་པའི་སངས་རྒྱས་མར་མེ་མཛད་། མ་འོངས་སངས་རྒྱས་བྱམས་པ་མགོན་། ད་ལྟར་བཞུགས་པ་ཤཱཀྱ་ཐུབ་། ཀུན་གྱི་མཐའ་ནི་རིན་ཆེན་དཔལ་། ཞེས་དང་། ཀུན་བཟང་ཐོག་མའི་ཡང་ཐིག་གི་རྒྱུད་ལས་། ཀུན་བཟང་ང་ཉིད་ཚོགས་སྐྱོང་ཚེ་། ཁ་ཅན་དུ་ང་ཉིད་འབྱུང་། རིན་དཔལ་ཞེས་བྱ་བ་སྟེ་། ས་བཅུའི་བྱང་སེམས་འཁོར་གྱིས་བསྐོར་། འདུས་པ་ཁྲི་ཁྲག་དབུས་ན་འགྱིངས་། རིགས་གསུམ་མགོམ་པོ་ལ་སོགས་པའི་། ཐུགས་རྒྱུད་བདག་གིས་སྨིན་པར་བྱེད་།

  4. རི་རྒྱལ་ཏི་སེ says:
    2014-06-22 at 11:44 am

    རྒྱལ་པོ་བཀའ་ཡི་ཐང་ཡིག་ལས་། རྗེ་གཅིག་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དེ་། དཔལ་གྱི་བསམ་ཡས་འདི་ནས་བྱང་ཤར་མཚམས་། ཆོས་ཀྱི་འབྱུང་གནས་འབྲི་ཞེས་གྲགས་པར་རུ་། བདེ་གཤེགས་ཕག་ལོ་རིན་ཆེན་དཔལ་ཞེས་པ་། སྤྲུལ་སྐུའི་སེམས་དཔའ་འབུམ་ཕྲག་ཚོགས་ཀྱིས་བསྐོར་། དེ་རྗེས་མངོན་པར་དགའ་བའི་ཞིང་ཁམས་སུ་། བདེ་གཤེགས་དྲི་མེད་དཀར་པོ་ཞེས་བྱ་བ་། མངོན་དགའི་ཞིང་དུ་མངོན་རྫོགས་རྒྱལ་པོར་འགྱུར་།

  5. ཆོས་ལྡན་དཔལ་མོ། says:
    2014-06-22 at 11:56 am

    འབྲི་གུང་ལྔ་མཆོད་དུས་བཟང་ལ་གུས་ཕྱག་དང་རྗེས་དྲན་ཞུ།

  6. རྟ་བདུན་དབང་བོ says:
    2014-06-22 at 10:03 pm

    ཡག་པོ་བཀླགས་ཟིན། འབྲི་གུང་སྐྱོབ་པའི་རྣམ་ཐར་ཞིག་སྔོན་ལ་བཀླགས་མྱོང་མོད། འོན་ཀྱང་བརྗེད་ངེས་ཀྱིས་རྐུན་པོས་འཁྱེར་ནས་དྲན་ཀྱིན་མི་འདུག གྲུབ་ཐོབ་འདི་ལྟ་བུ་ཞིག་ལ་འཛེ་བྱུང་ན་གཞན་ཞིག་ལ་ལྟ་ཅི་སྨོས།།

  7. ཀརྡོ་གཉེར་ཕྱག་པ་ says:
    2014-06-23 at 1:05 am

    ་་་་་་་ ཕ་ཇོ་རྒྱལ་མཚན་གྱིས་ཏི་སྒྲོའི་མདུན་དུ་འབྲི་གུང་ཞེས་པའི་གནས་ཤིན་ཏུ་དབེན་པ་ཞིག་ཡོད་ཟེར་བ་ལ། ཐུགས་དགྱེས་ཏེ་དེར་སོང་ནས་སྒྲུབ་པ་བྱ་སྙམ་པའི་ནུབ་མོར། ལྷ་ཆེན་བར་ལྷས་མནལ་ལམ་དུ་བསུ་བ་བྱུང༌། ་་་་་་

  8. ཀརྡོ་གཉེར་ཕྱག་པ་ says:
    2014-06-23 at 1:07 am

    རས་ཆུང་པ་ལ་ཡང་འཛེ་བྱུང་བ་ཡོད། ཁོང་གི་ཡང་སྲིད་དེ་ཚོ་ལ་འཛེ་ནད་ཡོད་པ་ཁ་ོབོས་ཤེས་རྟོགས་བྱུང་། དེ་ལྷག་མི་ལབ། དེ་གནས་སྐབས་རིང་གསང་ན་ལེགས་པ་འདྲ།

  9. ཀརྡོ་གཉེར་ཕྱག་པ་ says:
    2014-06-23 at 1:09 am

    དཔལ་འབྲི་གུང་བཀའ་བརྒྱུད་པའི་གདན་རབས་དང་པོ། ཀླུ་སྒྲུབ་གཉིས་པར་བསྟོད་དགོས་དོན་དེ་འདྲ་བའི་ཡོན་ཏན་ལྷག་པོ་ཅིག་གང་ཡོད་པ་རེད། ལགས།

  10. ཀརྡོ་གཉེར་ཕྱག་པ་ says:
    2014-06-23 at 1:16 am

    སྔར་རྒྱ་གར་དུ་དུ་དགྲ་བཅོམ་པ་ཅིག་ལ་འཛེ་ནད་ཕོག་པའི་རྣམ་ཐར་དང་། མ་ཅིག་དང་། རས་ཆུང་པ་ཡང་འཛེ་ནད་བྱུང་བའི་ལོ་རྒྱུས་་ཡོད་དང་། དུས་ཕྱིས་སུ་འབྲོམ་སྟོན་པས་འཛེ་གཡོག་གནང་ཙང་། ཁོང་ལ་འཛེ་ཡིས་གནོད་སྟངས་འདིས། གང་མཚོན་ནམ་ཞེ་ན། འཛེ་ནད་ཡོད་ལ། ཆོས་ཀྱི་གདམས་ངག་དང་འཕྲད་ན། ངེས་བྱུང་དང་། བྱང་སེམས་འཕེལ་བ་ལ་ཕན་ཐོགས་ཅིག་ཏན་ཏན་ཡོད་བཟོ་མི་འདུག་གམ། གང་དྲན་ཞུས་པ་ལས་ང་ལ་ཁུངས་གང་ཡང་མེད་དོ།།

  11. ཀརྡོ་གཉེར་ཕྱག་པ་ says:
    2014-06-23 at 1:18 am

    སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་ཇི་ལྟ་བ་བཞིན་དུ་མཁྱེན་པའི་དོན་གང་ཡིན་ནམ། ལགས།

  12. པདྨ says:
    2014-06-23 at 2:38 am

    གློག་ཀླད་དང་དྲ་གྲོགས་ཚོས་དགོངས་དགོས་པ་ཞིག་ལ་ནོར་སོ་མང་པོ་ཞིག་འདུག ཚང་མ་ཞུ་ཚོད་མེད་དོ། ཚིག་གྲངས་དང་དོན་ནོར་སོས་གང་འདུག ད་ཕྱིན་ཕྱོགས་རིས་དང་ལོ་གྲངས་ཀ་མང་རུ་བཏངས་ན་བོན་པོ་ཚོས་ཤན་ཞུགས་པ་ལས་གཞན་ཅི་ཡང་མ་རེད། ཁོང་ནི་ད་ལོ་ནས་མི་ལོ་༧༩༧ ཏག་ཏག་སོང་ཡོད་པ་རེད། ༡༢༡༧ ནས་༢༠༡༤ བར་རེད། དུས་འཁོར་དང་སྡེ་སྣོད་གསུམ་དང་མཐུན་པར་འབྲི་གུང་ཆེ་ཆུང་ཚང་གི་ཡོངས་འཛིན་དམ་པ་༧སྐྱབས་རྗེ་འབྲི་གུང་ལམ་མཁྱེན་རྒྱལ་པོ་རིན་པོ་ཆེས་སྐྱོབ་པའི་འཁྲུངས་འདས་ལོ་ཟླའི་འཛིན་ལ་གཟིགས་དང་ཤིན་ཏུ་གསལ། འཇིག་རྟེན་ཡོངས་གྲགས་ཀྱི་ནག་ཟླའི་མར་ངོས་སམ། ས་ག་ཟླ་བའི་ཉེར་ལྔ་སོང་ཟིན་པ་ལ་རེད། འདིར་སྐབས་སུ་མ་བབས་པས་རྔོ་མི་ཐོགས་སོ། ལོ་རྒྱུས་ལ་ཞིབ་གལ་ཆེ་བས་ཐུགས་ལ་ཞོགས།

  13. གངས་སྦལ། says:
    2014-06-23 at 6:55 am

    དེང་སང་བྱ་བྲལ་བ་ཁོང་ཚོ་ལྟ་བུ་ས་གསུམ་ལ་རྙེད་ཁག་པོ་རེད། སྔོན་བྱོན་དམ་རེ་རེ་རྣམ་ཐར་བཀླགས་དུས་མི་ལས་འཁྱིལ་མ་འཁྲུགས་དང་ཡིད་ལ་དད་པ་བཟོད་རླགས་མེད་པ་སྐྱེས་གྱིན་འདུག
    ད་ལམ་འཕྲང་དོག་ས་སླེབས་དུས་བླ་མ་སྐྱེས་སུ་མཆིས་ཟེར་ཞིང་ལམ་བདེ་ས་ནས་གླུ་ཨ་ལ་ལ་མོའི་ལོ་རྒྱུས་ལས་ལྷག་མི་གདའ། ད་ནས་བཟུང་མི་ཀུན་གྱི་གློག་རླད་དང་ལག་འཁྱེར་ཁ་པར་ལ་སྐྱེས་སུ་སོང་བླ་མ་དང་གྲ་བ་གདུལ་བྱ་ལ་སྐྱབས་སུ་སོང་།

  14. ཀརྡོ་གཉེར་ཕྱག་པ་ says:
    2014-06-23 at 11:47 am

    འཛེ་ནད་ནི། ལས་ནད་ཡིན་པ་ཙམ་མ་ཟད། ཀླུ་ནད་ཡིན་ཚུལ་ཅིག་ཀྱང་གསུང་སྲོལ་ཅིག་ཡོད་རེད།

  15. བསམ་ཤེས། says:
    2014-06-23 at 2:00 pm

    འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་ནི་བོད་པ་མགོ་ནག་ཚོའི་ནང་གི་སྐར་ཆེན་ཞིག་རེད། ཆོས་སྲིད་གང་གི་ཐད་ནས་མཛད་རྗེས་རླབས་པོ་ཆེ་བཞག་ཡོད་པ་དང་། ལྷག་པར་དུ་འབྲི་གུང་བཀའ་བརྒྱུད་པ་ཚོར་མཚོན་ནས་བླ་ཆེན་བཀའ་དྲིན་ཤིན་དུ་ཆེ་བ་ཞིག་ཡིན་སྟབས། ཁོང་གི་དགེ་བའི་མཛད་པ་ཐ་དག་ལ་ཡི་རངས་དང་། ལྔ་མཚོད་ཆེན་མོར་གསོལ་འདེབས་ཞུ་འོ།

    སྤྱིར་ཁ་རྒྱུན་ལ། ས་མི་དར་དགེ་མི་ཆགས་ཟེར་ནས་དགེ་ལུགས་པ་ས་སྐྱར་གཏུགས་པའི་ཅིག་ཡོད་མོད། རྗེ་རིན་པོ་ཆེའི་རྣམ་ཐར་ཞིབ་མོར་ཀློག་དུས། འབྲི་མི་ཆགས་དགེ་མི་དར་མིན་འགྲོ་སྙམ་པ་འདུག རྒྱུ་མཚན་ནི། རྗེ་རིན་པོ་ཆེའི་བདེ་མཆོག་དང་གསར་འདུས། དེ་བཞིན་བཀའ་གདམས་པའི་སྨིན་འགྲོལ་ལུང་གསུམ་མང་པོ་ཞིག་འབྲི་གུང་སྤྱན་སྔ་གྲགས་པ་བྱང་ཆུབ་སྐུ་མདུན་ནས་ཟླ་བ་འགའ་ཤས་ཞུས་འདུག

    འདིར་འབྲི་གུང་བཀའ་བརྒྱུད་པའི་མཁས་དབང་ཚོར་གསལ་འདེབས་ཞུ་རྒྱུ་ཞིག་ལ། མཛད་པ་ཀུན་ལས་གསུང་གི་མཛད་པ་འདི་མཆོག་ཏུ་གྱུར་བ་ཡིན་པས། བླ་མ་གང་གི་གསུང་འབུམ་ཇི་ཡོད་སོགས་འབྲི་ཐུབ་ན། ཕྱི་མ་རྣམས་ལ་ཕན། ང་རང་སྔོན་མ་ཕྱག་ཆེན་གྱི་གཞུང་ལ་དོན་གཉེར་བྱེད་སྐབས། སྐྱོབ་པའི་ཕྱག་ཆེན་མན་ངག་ཤིན་དུ་གོ་བདེ་བ་ཞིག་དང་། མདོར་དྲིལ་བ་ཞིག་འདུག ཕལ་ཆེར་ཕག་གྲུའི་ཕྱག་ཆེན་ཞིག་གི་འགྲེལ་བ་ཞིག་མིན་ནམ་སྙམ་པ་ཞིག་ཡོད་པས་དེའི་སྐོར་མཁྱེན་མཁན་ཡོད་ན་གསུངས་རོགས།

  16. ཀརྡོ་གཉེར་ཕྱག་པ་ says:
    2014-06-23 at 3:45 pm

    ་་་་་་ སྤྱིར་ཁ་རྒྱུན་ལ། ས་མི་དར་དགེ་མི་ཆགས་ཟེར་ནས་དགེ་ལུགས་པ་ས་སྐྱར་གཏུགས་པའི་ཅིག་ཡོད་མོད། རྗེ་རིན་པོ་ཆེའི་རྣམ་ཐར་ཞིབ་མོར་ཀློག་དུས། འབྲི་མི་ཆགས་དགེ་མི་དར་མིན་འགྲོ་སྙམ་པ་འདུག ་་་་་་་

  17. ཀརྡོ་གཉེར་ཕྱག་པ་ says:
    2014-06-23 at 3:46 pm

    ས་མི་དར་དགེ་མི་ཆགས།
    དང་།
    འབྲི་མི་ཆགས་དགེ་མི་དར།
    འདི་གཉིས་ལས་གང་དག་གམ། ལགས།

  18. ཀརྡོ་གཉེར་ཕྱག་པ་ says:
    2014-06-23 at 3:48 pm

    ་་་་་་་ ཕྱིས་སུ་བུ་ཉི་མ་ནག་ཁྲ་དཀར་གསུམ་བྱུང་བ་ལས། འབྲུ་ཉི་མ་དཀར་པོ་ལ་སྲས་གསུམ་བྱུང་བའི་ཆེ་བ་སོ་གད་ཅེས་པ་དེ་ཉིད། རྨ་ཆེན་སྤོམ་རའི་མགུལ་དུ་ཕྱིན་ཏེ་ལྷའི་བུ་མོར་ཐབས་ཤེས་ཀྱི་སྦྱོར་བ་ལ་བརྟེན་ནས་སྐྱུ་ར་གནམ་སྦྱིན་དཀར་པོ་བྱུང༌། ་་་་་་་

  19. བསམ་ཤེས། says:
    2014-06-23 at 4:11 pm

    ཀ་རྡོ་ལགས།

    ངག་རྒྱུན་ལ་ས་མི་ཆགས་དགེ་མི་དར་ཞེས་འདུག

  20. ཀརྡོ་གཉེར་ཕྱག་པ་ says:
    2014-06-23 at 6:28 pm

    བསམ་ཤེས་ལགས། ཐུགས་རྗེ་ཆེ།

  21. སྤོབས་པ་མཐའ་ཡས། says:
    2014-06-23 at 11:19 pm

    འབྲི་གུང་སྐྱོབ་པ་མཁས་པ་ཆེན་པོ་རེད། དོན་དམ་པའི་མཁས་པ་རེད། ཡིན་ན་ཡང་སྟག་ལུང་ཁོང་གཉིས་ཀའི་བར་ལ་མ་འཆམས་པ་ཆེན་པོ་ཞིག་བྱུང་འདུག དེར་བརྟེན་ཁོང་གི་འདས་མཆོད་དང་བསྟུན་ནས་དེ་ཚོའི་སྐོར་ཞིག་འབྲི་ཐུབ་པའི་རེ་བ་ཡོད།

  22. ཀརྡོ་གཉེར་ཕྱག་པ་ says:
    2014-06-24 at 2:37 am

    ས་མི་དར་དགེ་མི་ཆགས། ཞེས་པ་ནི། ས་སྐྱའི་བླ་མ་རྗེ་བཙུན་རེ་གདའ་བའི་ས་ཆོས་མ་ཆགས་ན། བླ་མ་ཙོང་ཁ་པའི་རིང་ལུགས་དགེ་མི་དར་ཞེས་པའི་དོན་བཀྲལ་ན་མི་རིགས་སམ། ལགས།

  23. ཀརྡོ་གཉེར་ཕྱག་པ་ says:
    2014-06-24 at 4:02 am

    རས་ཆུང་པ་རང་ཡུལ་དུ་ཞིང་ཟུར་ཅིག་ལ་ཀླུ་་དང་འཕྲད་ནས་ཀླུ་ནད་འཛེ་ཕོག་པ་ཅིག་ཁོང་གི་རྣམ་ཐར་ནང་ལ་ཡོད་རེད་སྙམ་ལགས།

  24. རི་རྒྱལ་ཏི་སེ says:
    2014-06-25 at 4:41 am

    ཕལ་པོ་ཆེ་ནག་འགྱུར་ལས་། དགའ་བོ་ལེགས་པར་ཉོན་ལ་ཡིད་ཟུང་ཞིག་། སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཡིན་། ང་ནི་མྱ་ངན་འདས་ཟོག་ཏུ་། ང་ལས་སེམས་བསྐྱེད་བྲམ་ཟེ་གསལ་མཆོག་འདི་། བྱང་ཕྱོགས་ལི་དང་ཉེ་བར་རུ་། དུས་ཀྱི་ཐ་མ་་བསམ་བརྟན་པ་། རིན་ཆེན་དཔལ་ཞེས་བྱ་བར་འགྱུར་། འདུས་དང་པོ་འབུམ་ཕྲག་གཉིས་། དེ་ནས་ལྔ་དང་དྲུག་ཏུ་འགྱུར་། དེ་ནས་འཕོས་ཏེ་ཤར་ཕྱོགས་སུ་། རྣམ་པར་རྒྱལ་བ་ཞེས་བྱར་འགྱུར་།

  25. རི་རྒྱལ་ཏི་སེ says:
    2014-06-25 at 4:42 am

    སྤྲིན་ཆེན་པོ་རྒྱ་ནག་གི་འགྱུར་ལས་། མ་འོངས་ལྔ་བརྒྱའི་ཐ་མ་ལ་། བྱང་ཕྱོགས་ས་ཡི་ཕྱོགས་ཆ་རུ་། འབྲི་ཞེས་བྱ་བའི་ཞིང་ཁམས་སུ་། རིན་དཔལ་ཞེས་བྱ་བ་ཡི་། བདེ་བར་གཤེགས་པར་འབྱུང་བར་འགྱུར་།

  26. ཀརྡོ་གཉེར་ཕྱག་པ་ says:
    2014-06-25 at 7:34 am

    ལུང་བསྟན་ནང་གི
    ཁྲི་ཡི་ཟུར་ཆ་ཟིན་པར་འགྱུར། །ཞེས་པ་དེ་རྙིང་མ་པ་འགའ་ཤས་ཀྱིས། ད་ལྟའི་འབྲུལ་རྒྱལ་ལ་སྦྱར་ཡང་། བོད་རིགས་དམངས་ཀྱིས། ༸གོང་ས་མཆོག་༸སྐུ་ཕྲེང་བཅུ་བཞི་པ་ལ་སྦྱོར་བཞིན་འདུག་པས་་་་་་་་་་་ ད་དུང་དཔྱད་དགོས་མང་ངོ་།།

  27. BONPO says:
    2014-06-25 at 8:07 am

    སྐྱོབས་འཇིག་ཁོང་དགུང་ལོ་ཆུང་དུས་བོན་པོ་རེད། མཚན་ལ་་དབལ་འབར་ཐར་་་ཞུ་གི་འདུག བོན་པོའི་སྔགས་པ་ཞིག་གིས་མཚན་གསོལ་བ་རེད་ཟེར་ནས་བྲིས་བཞག སྔོན་མ་དྲྭ་རྒྱའི་ནང་འཚོལ་ཞིབ་བྱས་ན་དེའི་སྐོར་རྙེད་ཀྱི། དེང་སང་རྙེད་ཁག་པོ་འདུག རགས་སོང་ན་སྤྱན་འབུལ་ཞུ་ཆོག །

  28. རི་རྒྱལ་ཏི་སེ་ says:
    2014-06-25 at 12:28 pm

    དགུང་ལོ་སོ་བཞི་པ་མེ་སྤྲེལ་སྤྱི་ལོ་ ༡༡༧༦ ལོར་དེར་སྒྲུབ་པར་གཞོལ་བའི་ཚེ། སྔོན་གྱི་རྣམ་སྨིན་གྱི་ལྷག་མ་ལྷོངས་ཏེ། སྟོན་པ་དང་རྗེ་བཙུན་མི་ལ་སོགས་འཚང་རྒྱ་ཁར་བདུད་ཀྱིས་ཆོ་འཕྲུལ་བྱུང་བ་ལྟར། སྐུ་ཁམས་མ་བདེ་ནས་ལུས་ན་ཟུག་གིས་གང༌། མེ་རླུང་གི་སྟོབས་ཀྱིས་སྐྲ་དང་ཁ་སྤུ་འཇིལ་བའི་སྙུང་མཛེ་དྲག་པོ་ཞིག་བྱུང་བ་ལ།
    རྟེན་འབྲེལ་བརྟག་སྐབས་ཟ་འོག་ཁ་ཚང་ཞིག་དང༌། བ་ལུའི་མེ་ཏོག་གསར་པ་ཞིག་བྱུང་ན་སྙུན་ལས་གྲོལ་བར་གཟིགས་པས། བླ་མ་ཡལ་ལ་མངགས་ཀྱང་རྟེན་འབྲེལ་ཆེར་མ་འཛོམས་པར་བརྟེན། ཐུགས་དགོངས་ལ། བླ་མ་རིན་པོ་ཆེའི་སློབ་མ་གྲུབ་ཐོབ་ཀྱི་ཁ་སྐད་ཡོད་པ་ཞིག་ལ། འདི་འདྲ་བའི་ནད་ངན་བྱུང་བ་ནི་བླ་མའི་ཞབས་འདྲེན་དང༌། གྲོགས་མཆེད་ཀྱི་རྐང་འདྲེན་དུ་སོང་སྙམ་ནས་ཐུགས་མུག་ཆེན་པོ་སྐྱེས་ཏེ། ད་ནི་ས་ཕྱོགས་གང་དུ་ཕྱིན་ཡང་གྲུབ་ཐོབ་ཀྱི་མཐའ་འདི་ལྟར་སོང་ཟེར་བ་ཞིག་འོང་བས། སུས་ཀྱང་མི་ཚོར་བའི་ས་ཕུག་གཅིག་ཏུ་འཕོ་བ་བྱ་དགོས་སྙམ་པའི་འདུན་པ་བཏང་ནས་ཕྱིར་བྱོན་པ་ན། དབུ་སྔས་སུ་འཕགས་པ་ཐུགས་རྗེ་ཆེན་པོའི་ཞལ་ཐང་ཞིག་ཡོད་པ་དེ་ལ་ཕྱི་ཕྱག་འཚལ་དགོས། ང་ན་བ་ཡི་དམ་གྱིས་མ་ལན་དགོངས་ནས་ཡར་བྱོན།

    ཕྱག་དང་པོ་མཛད་པའི་ཚེ། ས་ཆེན་པོ་འདིའི་སྟེང་དུ་ང་ལས་སྡུག་པ་མེད། ནད་འདི་ལྟ་བུས་འཆི་དགོས་སྙམ་པ་ཐུགས་ལ་ཤར། གཉིས་པའི་སྐབས་ང་འཆི་ཡང་བླ་མ་དམ་པའི་མན་ངག་འཕོ་བ་དང༌། བར་དོའི་གདམས་པ་སོགས་ཀྱིས་ཕྱི་མ་འཇིགས་མི་དགོས་པ་ཞིག་ཡོད། དེ་བས་སེམས་ཅན་འདི་རྣམས་སྙིང་རེ་རྗེ་སྙམ་ནས་སྙིང་རྗེ་ཚད་མེད་པ་འཁྲུངས་ཏེ། གཟིམ་མལ་དུ་ཡང་མ་བྱོན་པར་དེ་ཉིད་དུ་ལུས་གནད་བཅོས་ནས་སྙིང་རྗེ་དེ་ཉིད་དྲག་ཏུ་སྒོམ་པར་མཛད་པས། ཀླུ་གདོན་སྙུན་གཞི་དང་བཅས་པ་སྐུ་ལུས་ནས་ཐོན་ཏེ། ཟླ་བ་སྒྲ་གཅན་ལས་ཐར་བ་བཞིན་དུ། མདོ་སྔཊ་རབ་འབྱམས་ཀྱི་དགོངས་པ་མཐའ་དྲུག་ཚུལ་བཞིའི་སྦས་དོན་མཐའ་དག སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་ཇི་ལྟ་བ་བཞིན་དུ་མཁྱེན་པའི་མཁྱེན་པ་དེ་ཡང༌། ཤར་པོ་བཀྲིས་དང་ཤར་མོ་བཀྲིས་གཉིས་ཀྱིས་ཟ་འོག་དང༌། བ་ལུའི་མེ་ཏོག་གསར་པ་ཕུལ་བས་རྟེན་འབྲེལ་འགྲིཊ་ཏེ། དཔལ་ཧེ་རུ་ཀ་སེར་པོས་ཐུཊ་ཀར་མདའ་བསྣུན་པ་ལ་བརྟེན་ནས། སྒོམ་མེད་ཀྱི་རྣལ་འབྱོར་ཆེན་པོ་མངོན་དུ་གྱུར་ཅིང༌། གཙུག་ཏོར་དང་མཚན་དཔེ་སོགས་སངས་རྒྱས་དང་མཐུན་པར་བྱོན།

  29. ཨ་ཕྱི་ཆོས་སྒྲོན says:
    2014-06-25 at 5:34 pm

    # 27 BONPO་ལགས་ཀྱིས་མཆན་བཏབ་པ།:
    June 25th, 2014 at 8:07 AM
    སྐྱོབས་འཇིག་ཁོང་དགུང་ལོ་ཆུང་དུས་བོན་པོ་རེད། མཚན་ལ་་དབལ་འབར་ཐར་་་ཞུ་གི་འདུག བོན་པོའི་སྔགས་པ་ཞིག་གིས་མཚན་གསོལ་བ་རེད་ཟེར་ནས་བྲིས་བཞག
    ཟེར། བདེན་ས་རེད། དེ་ནས་་་འབྲི་དགོངས་གཅིག་ལས་་་མུ་སྟེགས་བོན་གྱིས་བདེན་པ་མཐོང་སྐབས་མེད། གསུངས་འདུག་པས་ཉམས་མྱོང་ཅན་གྱིས་གསུངས་སུ་སྣང་ངོ་།།

  30. བཀྲ་ཤིས། says:
    2014-06-25 at 8:39 pm

    དབུས་གཙང་ཕྱོགས་ནས་ཁྲི་ཡི་ཟུར་ཆ་གནོན། ཞེས་འཁོད་ཡོད་ན་དཔྱད་པ་ལོས་ཐོང། དེ་མིན་དཔྱད་རྒྱུ་གང་ལྷག་འདུག་གམ།
    མ་ཟད་ལོ་ངོ་སྟོང་གི་སྔོན་ལ་གསུངས་ཟིན་པའི་ལུང་བསྟན། མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་འཇུག། སོགས་ཇི་མ་ཇི་བཞིན་མིག་མཐོང་ལག་ཟིན་བྱུང་ཡོད་ཀྱང། དེ་ལ་བོད་མི་རང་ནས་ཡིད་ཆེས་བྱེད་མཁན་ག་ཚོད་ཡོད་མེད་དཔྱད་པ་ཞིག་ཐོང་མཛོད། ཡིད་ཆེས་མེད་ཀྱང་རུང་རང་རང་སོ་སོའི་མོས་པ་རེད། ཡིན་ཀྱང་སྣང་བ་གང་ཤར་གྱི་ལོག་འབྲེལ་དེ་མ་བྱེད་ན་ཡག་པོ་འདུག།

  31. ཀརྡོ་གཉེར་ཕྱག་པ་ says:
    2014-06-25 at 9:36 pm

    ལུང་བསྟན་ནང་གི་མི་རྨེ་བ་ཅན་མའོ་དང་། འབྲུག་རྒྱལ་གཉིས་ལ་ཕན་གནོད་ཆེར་བཤད་རྒྱུ་མེད། འོནད་ཀྱང་། མའོ་དང་༸གོང་ས་མཆོག་གཉིས་བར་ལ་མི་ཁྲི་ཕྲག་མང་པོའི་སྲོག་ཡོད་ལ། ཁྲི་ཟིན་མཁན་ཡང་། ཁོང་གཉིས་ལས་ལྷག་པ་ཅིག་ངས་མི་ཚེར་མཐོང་མ་བྱུང་། འགའ་ཤས་ཀྱིས་མཐོང་བགྱིད་འདུག་པ་འདི་ལས་གསལ་ཙམ་གསུང་དང་།

  32. ཀརྡོ་གཉེར་ཕྱག་པ་ says:
    2014-06-25 at 9:38 pm

    ལུང་བསྟན་ཁ་སྒྱུར་མཁན་ཚང་མ་སྒེར་བདག་པ་དེ་ཚོ་རྐྱང་རེད་མི་འདུག་གམ། ལགས།

  33. BONPO says:
    2014-06-25 at 10:30 pm

    འབྲི་དགོངས་གཅིག་པ་དེ་ཁྱེད་རང་ཚོ་ལ་རྩ་ཆེན་པོ་ལོས་ཡིན། ཡིན་ནའང་འབྲི་མཁན་དངོས་དེ་སྐྱོབས་འཇིགས་ཁོང་རང་ཡིན་ས་མ་རེད། ཁོང་གི་སློབ་མ་ཡིན་པར་གྲགས་པ་ཞིག་གིས་སྐྱོབས་འཇིགས་འདས་ནས་མི་ལོ་མང་པོའི་རྗེས་སུ་བྲིས་པར་སྐད། གང་ལྟར་དཔེ་ཆ་བ་ཞིག་ཡིན་ན་ཚིག་དེའི་བརྗོད་བྱ་ལ་བསམ་བློ་ཡག་པོ་ཐོངས། མུ་སྟེགས་བོན་གྱིས་བདེན་པ་མཐོང་སྐབས་མེད་ཟེར་བའི་བདེན་སྒྲ་འཇུག་ས་དེ་གང་ཡིན་པར་དང་པོ་ངོས་འཛིན་ལེགས་པར་བྱ་དགོས་པ་རེད། དེ་ནས་དེ་ལྟའི་བདེན་པ་དེ་མུ་སྟེགས་བོན་པོས་ཇི་ལྟར་མི་མཐོང་ཚུལ་ཁ་གསལ་ངོ་གསལ་བྱས་ནས་ཤོད་དགོས་པ་རེད་མ་གཏོགས་ཚིག་རོ་རྡོག་རྡོག་ཅིག་གིས་ས་ཆོད་མི་ཡོང་། དང་པོ་མུ་སྟེགས་བོན་སུ་དང་སུ་ཡིན་ངོས་འཛིན་བྱོས། མུ་སྟེགས་བོན་བོད་གངས་ཅན་ཞིང་གི་ཡུལ་གྲུ་ག་བར་གནས་བཅས་འདུག་སྟོན་ཤོག དུས་རྒྱུན་བྱས་ན་མུ་སྟེགས་པ་ཟེར་ས་དེ་རྒྱ་གར་ཡུལ་གྱི་ཧིན་རྡུ་རིགས་བྱེད་པ་ལ་གོ་བར་གྲགས། སྤྱིར་སྟངས་བྱས་ན་ནང་པས་བལྟས་དུས་ཧིན་རྡུ་བ་ཚོ་མུ་སྟེགས་པ་རེད་ཟེར་ནས་ཕར་བཤད་པ་རེད་དེ། ཧིན་རྡུ་བ་ཚོས་བལྟས་ཡོང་དུས་ནང་པ་ཚོ་མུ་སྟེགས་པ་རེད་ཟེར་ནས་ཚུར་བཤད་བྱུང་ན་ཁྱེད་ཚོས་ཅི་སྨྲ། སྔོན་མའི་དཔེ་ཆ་དེ་ཚོ་མང་ཆེ་བ་ཞིག་ནི་གདན་གྲུ་བཞིའི་སྒང་ལ་བསྡད་ནས་འོལ་འོལ་ཚོད་ཚོད་ཀྱིས་བྲིས་བཞག་པ་དེ་འདྲ་རེད། ད་དུང་མཁས་པ་ལ་ལས་མུ་སྟེགས་པ་ཟེར་བ་མིག་སྔོན་པོས་མཐོང་ཁོ་རང་མྱོང་ཡོད་ཀྱི་མ་རེད། དེང་སང་གདོང་ཐུག་ནས་སྐད་ཆ་བཤད་ན་ནང་པ་ཡིན་པར་གྲགས་པ་ཚོ་མུ་སྟེགས་པ་དངོས་ལ་འགྱུར་འགྲོ་རྒྱུའི་ཉན་ཁ་ཡོད་རེད་དོ། མང་ཆེ་བས་སྐད་གསང་མཐོན་པོས་ངོ་ཚོ་ཧིན་རྡུ་བ་ཡིན་ཟེར་ནས་འགྲོ་བཞིན་འདུག་ཟེར་བ་གོ་རྒྱུ་འདུག་བདེན་མིན་ནི་ཆི་མི་ཤེས། །

  34. རི་རྒྱལ་ཏི་སེ་ says:
    2014-06-25 at 11:42 pm

    དེ་ BONPOལགས་ཀྱི་གསུངས་པ་དེ་བདེན་པ་ཡིན་པ་འདྲ། གང་ཡིན་ཟེར་ན། དེང་སང་གི་དྲུང་བོན་དང་འབྲི་ཁུང་པ་གཉིས་ཡིག་ཐོག་ནས་རྩོད་པ་སྐྱོན་ཡོངས་དུས་འབྲི་གུང་པའི་ཤོག་ཁག་དེ་ཚོ་ཤོར་དེར་ལབ་སྲོལ་འདུག་ག

  35. ཀརྡོ་གཉེར་ཕྱག་པ་ says:
    2014-06-26 at 2:17 am

    # 29 ཨ་ཕྱི་ཆོས་སྒྲོན་ལགས་ལ།
    བོན་པ་ོ་མུ་སྟེགས་མིན་པར་གསུངས་ཡོད་པས། །
    བོན་པོར་མུ་སྟེགས་ཟེར་བ་འོས་མ་ཡིན། །

    # 30 བཀྲ་ཤིས་ལགས་ལ།
    ང་ཡི་སྤྲུལ་པ་འོངས་ཞེས་ལུང་བསྟན་ལ། །
    འབྲུག་རྒྱལ་ཨོ་སྤྲུལ་འདོད་པ་རྨོངས་རྟགས་རེད། །

  36. བཀྲ་ཤིས། says:
    2014-06-26 at 3:16 am

    འབྲུག་རྒྱལ་གུ་རུའི་སྤྲུལ་པ་ཡིན་པ་སུའི་འདོད་གིས་འདུག། སངས་རྟགས་ཞིག་སྟོན་དང།

  37. ལོ་མ་སེར་བོ། says:
    2014-06-27 at 3:32 am

    འབྲི་གུང་པ་ཚོས་རང་གི་བླ་མ་འདས་ནས་ལོ་ཇི་ཙམ་སོང་ཡོད་མེད་ཐད་ལ་བསམ་གཞིག་རྩ་བ་ནས་བྱས་མི་འདུག སྐྱོབ་པ་འཇིག་རྟེན་མགོན་པོ་འདས་ནས་ལོ་ ༧༩༧ རེད། གོང་གི་ཁ་བྱང་ཐོག་ལ་བྲིས་པ་དེ་ནི་འབྲི་གུང་བཀའ་བརྒྱུད་དབུ་བརྙེད་པའི་དུས་ཡིན་ཚོད།

  38. དབང་མགོན says:
    2017-05-16 at 12:51 pm

    མུ་སྟེགས་པ་ཡིན་ན་རྒྱ་གར་ཧིན་རྡུ་བ་ཞིག་ཡིན་ག་ལ་དགོས། ནང་པ་སངས་རྒྱས་པ་ཡིན་ཞིང་མུ་སྟེགས་པ་ཡིན་པ་ཡང་གྲངས་ལས་འདས་ཡོད། མུ་སྟེགས་པ་ལ་དབྱེ་ན་ཕྱི་ཡི་མུ་སྟེགས་པ་དང་ནང་གི་མུ་སྟེགས་པ་བཅས་དབྱེ་བ་གཉིས་ཡོད་པ་ཡང་མཁྱེན་པར་བྱོས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme