Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིང་ལུགས་ཤིག སྙན་ངག་ཅིག

Posted on 2014-06-182014-06-18 By ཡེ་ཤེས་ 17 Comments on རིང་ལུགས་ཤིག སྙན་ངག་ཅིག

ཀླུ་སྨྱོན།

ཀྱེ། ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །
ཉི་མ་ནུབ་ཕྱོགས་ཕ་གི་ན། །
རྒྱ་གར་ཡུལ་གྱི་ནུབ་བྱང་ན། །
རྡོ་ལ་རྡར་གྱི་རི་རྒྱུད་ན། །
ཀང་ར་རྫོང་གི་མངའ་ཁོངས་ན། །
རྡ་རམ་ས་ལའི་རི་སྐེད་ན། །
སྨན་རྩིས་ཁང་གི་རྒྱབ་ལོགས་ན། །
ཤུག་གསེབ་བཙུན་དགོན་གཡས་ཟུར་ན། །
རྒྱ་གར་ཁང་པའི་ནང་རོལ་ན། །
མུན་པ་ནག་པོའི་དཀྱིལ་འཁོར་ན། །
ཉལ་ཁྲི་དམའ་མོའི་ཡང་སྟེང་ན། །
ཉལ་ཐུལ་དྲོན་མོའི་ཐུ་འོག་ན། །
བླ་བྲང་གསར་བུའི་བྲང་འོག་ན། །
ཆབ་ཆའི་གསར་མོའི་ནུ་སྐེད་ན། །
མེ་སྟག་ཅིག་ནི་དམར་ཚུབ་ཚུབ། །
སྤྲིན་པ་ཞིག་ནི་དཀར་ལིང་ལིང་། །
ཆར་བ་ཏོག་ཙམ་ཟམ་མ་ཟིམ། །
འབྲུག་སྐད་ཅིག་ཀྱང་འཁའ་མ་འཁུན། །
རྣམ་ཤེས་གཉིས་ཀྱང་འདྲ་མ་འདྲེས། །
བརྩེ་བ་ཞིག་ནི་ཁལ་མ་ཁོལ། །
རིང་ལུགས་ཤིག་ཀྱང་བརྩམས་མ་རྩོམ། །
དེ་འདྲའི་དུས་ཀྱི་ཁོར་ཡུག་ན། །
གཟན་ཤམ་དག་ནི་སྦྱིན་སྲེག་བྱས། །
ཕྲེང་བ་སེར་པོའི་ལུང་ཐག་ཆད། །
ལྷུང་བཟེད་ཅིག་ནི་རྦབ་ཏུ་འདྲིལ། །
གདིང་བ་དེ་ནི་ཕྱོགས་སུ་རལ། །
གཏུན་ཤིང་རིང་མོ་སྐེད་ནས་ཆག །
ཆབ་རིལ་ཆུང་ཆུང་བཙའ་ཡིས་ཟིན། །
སློབ་དཔོན་དག་ནི་ཞིང་དུ་གཤེགས། །
ཕ་མ་རྣམས་ཀྱང་རྒས་ཤིང་འཁོགས། །
ཕུ་ནུ་མིང་སྲིང་ཁ་ཐག་རིང་། །
ལྗོན་པ་ཆུང་ཆུང་གནམ་དུ་ཟུག །
བྱེའུ་ཚང་དག་ཀྱང་རླུང་གིས་ཁུར། །
རི་བོང་ཁ་ཤོ་གླག་གིས་ཁུར། །
ཝ་མོ་དག་ཀྱང་འདྲེ་ཡིས་ཞོན། །
བ་ལང་ཆུ་འཐུང་འདམ་དུ་ཟུག །
སྐྱ་ཀ་ཕོ་རོག་འཐབ་ནས་ཤི །
ཁྱི་ལྡོམ་དག་གིས་རུས་པ་འཆའ། །
སྟག་སེང་གཉིས་ནི་མུ་གེས་ཤི །
གནའ་མཁར་སྨུག་པོའི་རྩིགས་པ་བརྡིབས། །
གསེར་དངུལ་མཛོད་ཁང་ས་ལ་ཐིམ། །
གྲུབ་མཐའ་མཁན་པོའི་མིག་འབྲས་ལོང་། །
རླུང་བུ་ལྡང་ཞིང་ཁ་ཆར་འབབ། །
ཆར་གདུགས་རྩིབས་མ་ཆག་ཅིང་འཐོར། །
ཁང་སྐྱིབས་དག་ཀྱང་གྲོག་མས་བཟུང་། །
ལྷ་ཡི་ལུང་བསྟན་ལྐོག་ཏུ་གྱུར་། །
འདྲེ་ཡི་ཆོ་འཕྲུལ་ཉིན་མཚན་འཐབ། །
ཕྲུ་གུ་འོ་འཐུང་རྟ་རྒོད་ཞོན། །
རྒན་རྒོན་དག་ནི་ནུ་ཞོ་འཐུང་། །
ཆུ་ཚོད་འཁྲུགས་ཤིང་ཉིན་མཚན་ལྡོག །
དངང་པོའི་ནུས་པ་གོ་ཡང་བརྗེས། །
མིག་གིས་ཉན་ཅིང་རྣ་བས་མཐོང་། །
མེ་ནི་གྲང་ཞིང་ཆུ་བོ་ཚ། །
ཁ་དོག་དག་ཀྱང་གཞི་གཅིག་འདྲེས། །
སྲིན་བུ་མེ་འཁྱེར་ཉིན་ཡང་རྒྱུ། །
ཉི་ཟླའི་འོད་ཟེར་བག་ལ་ཞ། །
སྙན་ངག་པ་དག་ཆང་གིས་བཟི། །
ཆོས་པ་རྣམས་ནི་གཉིད་ཀྱིས་མྱོས། །
དགེ་སྡིག་གོ་བསྣོལ་ལས་འབྲས་རྫུན། །
ཆོས་ལུགས་ཀུན་ཀྱང་རོ་གཅིག་ཉིད། །

རྩོམ་རིག

Post navigation

Previous Post: རང་ཤ་བཅད་ནས་གཞན་ལ་མ་སྤྲད་རོགས།
Next Post: སྤྲིན་འཁོར་ལྔ་པ། རྟའུ་བློ་བཟང་དཔལ་ལྡན་དང་ཤེར་བསྟན།

Comments (17) on “རིང་ལུགས་ཤིག སྙན་ངག་ཅིག”

  1. ཅོག་མྱི། says:
    2014-06-18 at 9:58 pm

    འོ་ལེ། སྙན་ངག་ཟིག་འབྲི་ཀི་བསྡོད་དྲ་དགོས་ནོ་དེ་རེད། ཁྱེད་ཀྱི་སྙན་ངག་མེད་ན་ཁ་བརྡ་ཀུན་ཏོང་གི་གནས་ཤིག་རེད་ཡ།

  2. བསམ་ཤེས། says:
    2014-06-18 at 10:24 pm

    སྙན་པོ་དང་ཚ་པོ་དང་སྐྱོ་པོ།
    ངར་པོ་དང་གསལ་པོ་དང་གསོན་པོ།
    ཟུག་པོ་དང་འཇགས་པོ་དང་ལྕི་པོ།
    ཀློག་ན་སྙན་ལ་བསམ་ན་སྐྱིད་པ།

    སྟོང་ཉིད་ཡིན་ན་ཅིག་ཅར་རྟོགས་སོང་།
    སྙིང་རྗེ་ཡིན་ན་མྱུར་དུ་སྐྱེས་སོང་།
    བསྐྱེད་རིམ་ཡིན་ན་ང་རྒྱལ་བསླེབས་སོང་།
    རྫོགས་རིམ་ཡིན་ན་ཟུང་འཇུག་ཐོབ་སོང་།

    ཚིག་གི་རོལ་ཆའི་ཆ་ལག་ཚང་བ།
    སྙན་ངག་རྒྱུད་མང་སྐུད་པ་སྙོམས་པ།
    བརྡ་སྤྲོད་དཀྲོལ་རྡུང་སྒྱུ་རྩལ་ལེགས་པས།
    བརྗོད་བྱ་ནང་ཆོས་ཡིན་ན་དགའ་བ།

  3. པདྨ says:
    2014-06-19 at 2:37 am

    ཀླུ་སྨྱོན་ཧེ་རུ་ཀ་ལ་ན་མོ།།
    ཁྱོད་ལ་དད་གུས་བཞགས་པ་དང་།།
    ཁྱོད་ལ་བརྩེ་དུང་བཞགས་པ་ནི།།
    ཚེ་རིང་སྐྱིད་དང་ང་མི་འདྲ།།
    བསླུ་མེད་སྤྲུལ་སྐུ་ཡེ་ཤེས་མཁྱེན།།
    འཁོར་བའི་ཆོས་ལ་སྙན་ངག་རོལ།།
    མྱང་འདས་ཆོས་ལ་བདེན་པ་ཐོབ།།
    འཁོར་འདས་རོལ་མཉམ་རྣལ་འབྱོར་པ།།
    ཀླུ་སྨྱོན་ཧེ་རུ་ཀ་དཔལ་མཁྱེན།།
    བྱམས་དང་སྙིང་རྗེ་བཅོས་མིན་ལྡན།།
    དད་དང་དག་སྣང་རིས་མེད་མཛད།།
    བསྟན་དང་འགྲོ་ལ་ཕན་བརྩོན་པ།།
    གཏེར་སྟོན་ཁྲག་འཐུང་གླིང་པ་མཁྱེན།།
    རྫོགས་ཆེན་པ་པདྨས་སོ།།

  4. ཆུ་ཐིགས་སྔོན་མོ says:
    2014-06-19 at 2:57 am

    ཨ་རོག་་་བླ་རྒན་བསང་ཡིག་དང་འཁྲིག་ཡིག་སོགས་ཉུལ་གི་ཡོད་ས་རེད་པ

  5. ཀརྡོ་གཉེར་ཕྱག་པ་ says:
    2014-06-19 at 3:18 am

    སྙན་ངག་པ་དག་ཆང་གིས་བཟི། །
    ཆོས་པ་རྣམས་ནི་གཉིད་ཀྱིས་མྱོས། །
    དགེ་སྡིག་གོ་བསྣོལ་ལས་འབྲས་རྫུན། །
    ཆོས་ལུགས་ཀུན་ཀྱང་རོ་གཅིག་ཉིད། །
    འདི་ལ་རང་འགྲེལ་ཅིག བྱུང་ན་མ་གཏོགས། གོ་དཀའ་སེ་མི་འདུག་གེ ལགས།

  6. ཀརྡོ་གཉེར་ཕྱག་པ་ says:
    2014-06-19 at 3:34 am

    ཚིག་སྐྱོན་མེད་ཀྱང་དོན་དག་ལ། །

    སྙན་དངགས་ཤིན་ཏུ་སྙན་ན་ཡང་། །
    སྡོམ་ལྡན་དགེ་སློང་གདིང་རལ་དང་། །
    ལྷུང་བཟེད་རྦབ་འདྲིལ་རབ་བཏགས་འདི། །
    ཅུང་ཟད་ཐལ་ཆེར་མ་སོང་ངམ། །

    ཀླུ་སྨྱོན་ཐུགས་ལ་ལན་ཅིག་སོམས། །

  7. བན་དེ་བ། says:
    2014-06-19 at 3:51 am

    སྙན་དངགས་པ་རྣམས་ཆགས་པས་བཟི། སྲིད་དོན་པ་རྣམས་རང་ཁེས་བཟི། བརྩུན་པ་རྣམས་ནི་གཡེངས་བས་བཟི། སྔགས་པ་རྣམས་ནི་ཆང་གིས་བཟི། བཟི་བ་མ་ཡིན་རྩ་སྨྱོན་ཡིན། རྩ་སྨྱོན་ལངས་བས་ཅི་བགྱིད་མེད།
    མི་ཡིས་བྱེད་དུས་མིག་དམར་ཆགས། རང་གི་བྱེད་དུས་རྫི་སྣ་གཉེར། རང་གཞན་གཉིས་རྨོངས་མགོ་འཐོམ་ཡིན། མོག་འཐོམ་དག་གིས་ཡར་མར་བཤད།།

  8. གནམ says:
    2014-06-19 at 6:05 am

    གང་ན་གོ་བ་མེད་པ་ང་རའི་སྐྱོན།
    དགོས་མེད་བྲག་ལ་བྲིས་བ་ཁྱེད་རའི་སྐྱོན།
    འདི་ཕྱི་གང་ལ་རིན་པ་མེད་པ་འདི།
    རྩམ་སྐྱ་རླུང་ལ་སྤུར་བ་མ་ཡིན་ནམ།།

  9. ཆོས་འཕེལ་དར་རྒྱས་ says:
    2014-06-19 at 10:00 am

    ས་སྐྱ་ཚང་གི་ཨ་ལགས་ནས། མ་འོང་རྡ་སའི་ལུང་བསྟན་འདི།
    ཀློག་པ་ཙམ་གྱིས་ཡིད་སྐྱོ་སོང་། གུ་རུ་གཉིས་བའི་མཚན་དེ་ཡང་།
    ཁྱེད་ལ་དབང་བས་སྐྱབས་སུ་མཆི།

  10. ཀློང་ཆུང་ says:
    2014-06-19 at 11:27 pm

    སྙན་ངག་པ་ལ་ཅི་ཡང་རྒྱན།
    ཆགས་པ་ཅན་ལ་ཅི་ཡང་རྒྱོ།
    གྲུབ་ཐོབ་རྣམས་ལ་ཅི་ཡང་སྔགས།
    ཁ་བརྡ་པ་ལ་ཅི་ཡང་ཆོག
    ཀླུ་སྨྱོན་པ་ལ་ཅི་ཡང་རྩོམ།
    ང་ཡི་ལག་ན་ཅི་ཡང་མཁྲེགས།

  11. ཀརྡོ་གཉེར་ཕྱག་པ་ says:
    2014-06-20 at 12:52 am

    སྙན་དངགས་པ་ལ་ཅི་ཡང་རྒྱན། །
    འདོད་ཆགས་ཅན་ལ་ཅི་ལའང་ཆགས། །
    དད་པ་ཅན་ལ་ཅི་ལའང་དད། །
    ཁ་བརྡའི་མཆན་ལ་ཅི་ཡང་བྲིས། །

  12. ཀརྡོ་གཉེར་ཕྱག་པ་ says:
    2014-06-20 at 12:55 am

    ཕ་གིའམ། ཕ་ཀི
    ཕ་ཀིའི་དགྲ་བོ་སྡུག་རྩུབ་ཆེ། །
    ཡ་ཀིའི་དཀོན་མཆོག་ནུས་པ་ཆུང་། །
    མ་ཀིའི་དམྱལ་བ་དཀྱིལ་ཡངས་ཆེ། །
    ཚུར་ཀའི་བོད་རིགས་ཉམས་མྱོང་ཆུང་། །

  13. ཀརྡོ་གཉེར་ཕྱག་པ་ says:
    2014-06-20 at 1:02 am

    རྒྱ་གར་ཡུལ་གྱི་ནུབ་བྱང་ན། །
    དྷ་ལ་དྷལ་གྱི་རི་རྒྱུད་ན། །
    ཀང་ར་རྫོང་གི་དྷ་རམ་སར། །
    ལོ་ནི་བཅུ་གཉིས་སློབ་གཉེར་བྱས། །

  14. ཀརྡོ་གཉེར་ཕྱག་པ་ says:
    2014-06-20 at 1:04 am

    སྡོམ་པ་བསྲུང་ནས་ལོ་བཅུ་གཉིས། །
    སྡོམ་པ་ཕུལ་ནས་ལོ་བཅུ་གཉིས། །
    ཆང་ས་བརྒྱབ་ནས་ལོ་བཅུ་གཉིས། །
    བཅུ་གཉིས་ཚན་པའི་རང་རྣམ་ལགས། །

  15. ཀརྡོ་གཉེར་ཕྱག་པ་ says:
    2014-06-20 at 1:05 am

    དྷ་ལ་དྷལ་གྱི་རི་རྒྱུད་ན། །
    འདི།
    དྷོ་ལ་དྷལ་གྱི་རི་རྒྱུད་ན། །
    ལ་བཅོས།

  16. ཁྱི་ནག་ says:
    2014-06-20 at 12:13 pm

    ཀྱེ་ཀྱེ་
    རྡ་རམ་ས་ལའི་ཕྱོགས་དེ་ན།
    ཁྲོམ་ལམ་ནར་མོའི་ཕྱོགས་དེ་ན།
    མགྲོན་ཁང་ལྗང་གུའི་ཁང་མིག་ནང་།
    དགོངས་གཅིག་སྒྲོལ་མ་མཉམ་དུ་ན།
    མལ་ཐུལ་དྲི་མ་ཚ་པོའི་ནང་།
    ཕར་ལ་ཕུར་ཕུར་བཏང་བས་ན།
    ཚུར་ལ་བྱིལ་བྱིལ་བྱས་བྱུང་བས།
    མཇེ་ཤུབ་ཁྱིམ་ལ་ལུས་པས་ན།
    བྷ་གའི་ནང་ལ་མི་གཏོང་བས།
    བརླ་ཤའི་དཀྱིལ་ལ་སྦྱིན་དགོས་ཐུག
    སྡོམ་པ་ཕུལ་ནས་བུད་མེད་བཙལ།
    ཡོད་ཚད་སྤྲད་ནས་མགྲོན་ཁང་བླངས།
    འོན་ཀྱང་བརླ་ཤ་མ་ཡིན་པའི།
    བྷ་གའི་བདེ་བ་མ་ཐོབ་པས།
    ལྷ་དང་བླ་མར་ཚིག་ངན་ཤོར།
    དགའ་སྐྱོའི་ཚོར་བ་དུ་མ་ཤར།
    ངུ་མ་བགོད་ཀྱི་འཁོར་བ་ལ།
    འདི་འདྲས་ཡང་ཡང་ཡོང་བཞིན་གདའ།

  17. འབྲོང་ངུར་བསྟན་འཛིན་ལམ་བཟང་། says:
    2014-06-20 at 4:53 pm

    ཀླུ་སྨྱོན་སྙན་པའི་གྲེ་འགྱུར་རེས། །དགའ་བསུའི་ཐལ་སྒྲ་ལྷང་ལྷང་དྲངས། །
    བརྗོད་དོན་ཟབ་ལ་མ་ངེས་ནས། །འཁོན་འཛིན་དམོད་ངན་ཐ་ར་ཐ་ར། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme