Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕམ་ཉེས་སུ་ཕྱིན་པའི་སྐད་གསར་བཅད་བཞི་པ།

Posted on 2010-01-26 By དགེ་རབ་ 12 Comments on ཕམ་ཉེས་སུ་ཕྱིན་པའི་སྐད་གསར་བཅད་བཞི་པ།

སྤོབས་པ་མཐའ་ཡས།
——————
༡༩༦༠དང་༡༩༧༠ནང་དུ་བོད་ཡིག་ལ་སྐད་གསར་བཅད་ལྟ་བུར་བྱེད་འབྲེལ་ཉུང་དུ་གཏོང་བ་སོགས་བྱས་འདུག་ཀྱང་མུ་མཐུད་དུ་ལག་ལེན་དུ་ཐེབས་མི་འདུག ངས་དེའི་སྐབས་ཀྱི་ཡིག་ཆའི་ངོ་བཤུས་ཐུང་ངུ་འདི་དཔེར་མཚོན་ཙམ་དུ་གཤམ་དུ་བཀོད་པ་དེར་རྣམ་པ་ཚོས་གཟིགས་ཞིབ་ཡོང་བ་ཞུ།

ལིའུ་ཧྲའོ་ཆིའི་སྐོར།
ཚང་འཛོམ་གྲོས་ཚོགས་གིས་ཀྲུང་དབྱང་ཆེད་དོན་ཞིབ་བཤེར་ཚོགས་ཆུང་གི་ངོ་ལོག་པ་དང་། ནང་རུལ་པ། བཟོ་རྐུན་བཅས་ཡིན་པའི་ལིའུ་ཧྲའོ་ཆིའི་ནག་ཉེས་སྐོར་གི་ཞིབ་བཤེར་སྙན་ཞུ་ལ་ཆོག་མཆན་བཀོད་པ་ཡིན། སྙན་ཞུ་འདིས་དཔང་རྟགས་ཁུངས་བཙན་ཡོད་པའི་ཐོག་ནས་ཞིབ་བཤེར་བྱས་གསལ། ཏང་ནང་མ་རྩའི་རིང་ལུགས་གི་ལམ་ལ་འགྲོ་མཁན་དབང་འཛིན་པ་ཆེ་ཤོས་ལིའུ་ཧྲའོ་ཆི་ནི་ཏང་ནང་གབ་ནས་བསྡད་པའི་ངོ་ལོག་པ་དང་། ནང་རུལ་པ། བཟོ་རྐུན་བཅས་དང་། བཙན་རྒྱལ་རིང་ལུགས་དང་། དེང་རབས་གི་བཟོ་བཅོས་རིང་ལུགས། གོ་མིན་ཏང་ལོག་སྤྱོད་ཤོག་ཁག་བཅས་གི་རྒྱུགས་ཁྱི་ནག་ཉེས་ཚབ་ཆེན་ཡོད་མཁན་ཞིག་རེད།
ཚང་འཛོམ་གྲོས་ཚོགས་གིས་ངོས་འཛིན་བྱས་དོན། འབྱོར་མེད་གྲལ་རིམ་གི་རིག་གནས་གསར་བརྗེ་ཆེན་པོའི་ནང་ཏང་དང་གསར་བརྗེའི་མང་ཚོགས་གིས་ལིའུ་ཧྲའོ་ཆིའི་གསར་བརྗེར་ངོ་རྒོལ་གི་གདོང་རིས་ཐེར་འདོན་བྱས་པ་དེ་ནི་མའོ་ཙེ་ཏུང་དགོངས་པའི་རྒྱལ་ཁ་རླབས་ཆེན་ཅིག་དང་། འབྱོར་མེད་གྲལ་རིམ་གི་རིག་གནས་གསར་བརྗེ་ཆེན་པོའི་རྒྱལ་ཁ་རླབས་ཆེན་ཅིག་རེད།
ཚང་འཛོམ་གྲོས་ཚོགས་གིས་ལིའུ་ཧྲའོ་ཆིའི་གསར་བརྗེར་ངོ་རྒོལ་གི་ནག་ཉེས་ལ་གསར་བརྗེའི་ཁོང་ཁྲོ་ཧ་ཅང་ཆེན་པོ་བཟས་ནས་མགྲིན་གཅིག་གིས་ཆོད་དོན་གྲོས་འཆམ་བྱས་དོན། ལིའུ་ཧྲའོ་ཆི་ཏང་གི་ནང་ནས་དུས་གཏན་དུ་ཕྱིར་འབུད་བྱས་པ་དང་། ཏང་ཕྱི་ནང་གི་ཁོ་པའི་གོ་གནས་ཡོད་ཚད་མེད་པ་བཟོས་པའི་ཐོག མུ་མཐུད་ནས་ལིའུ་ཧྲའོ་ཆི་དང་ཁོ་པའི་ངན་རོགས་ཚོས་ཏང་ལ་ངོ་ལོག་རྒྱབ་གཏོད་དང་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ནག་ཉེས་རྣམས་ར་སྦྲགས་གཏོང་དགོས།
ཚང་འཛོམ་གྲོས་ཚོགས་གིས་ཏང་ཡོངས་གི་བློ་མཐུན་རྣམས་དང་རྒྱལ་ཡོངས་མི་དམངས་རྣམས་གིས་མུ་མཐུད་དུ་གཏིང་ཟབ་པོའི་སྒོ་ནས་གསར་བརྗེའི་དགག་པ་ཆེན་པོ་ཁྱབ་སྤེལ་བཏང་སྟེ་ལིའུ་ཧྲའོ་ཆི་སོགས་ཏང་ནང་མ་རྩའི་རིང་ལུགས་གི་ལམ་ལ་འགྲོ་མཁན་དབང་འཛིན་པ་ཆེ་ཤོས་ཉུང་ཤས་དེའི་གསར་བརྗེར་ངོ་རྒོལ་གི་བཟོ་བཅོས་རིང་ལུགས་གི་བསམ་བློ་གཙང་སེལ་བྱེད་དགོས་པའི་འབོད་སྐུལ་བྱས་པ་ཡིན།

རྩོམ་རིག

Post navigation

Previous Post: ཞོགས་པ་དེ་ནས་བཟུང༌། ངས་ཁྱེད་རང་བོར་སོང༌།
Next Post: ཁྱོད་ལ་བོད་རྒྱ་གྲོས་མོལ་ལ་རེ་བ་ཨེ་ཡོད།

Comments (12) on “ཕམ་ཉེས་སུ་ཕྱིན་པའི་སྐད་གསར་བཅད་བཞི་པ།”

  1. གཅན་བཟོད་རྒྱམ། says:
    2010-01-26 at 2:12 pm

    དྲ་གྲོགས་སྤོབས་པའི་རྩོམ་ཡིག་འདིའི་ནང་དུ་སུམ་རྟགས་ཀྱི་ཐོབ་ཐང་ལ་མི་བལྟོས་པར་གི་སྒྲ་མང་བར་བསམས་ན། སྐད་གསར་བཅད་བཞི་བའི་སྐབས་ཀྱི་ཡི་གེ་འབྲི་སྟངས་ཤིག་ཡིན་ས་རེད། ཆུ་ངོག་གཏམ་རྒྱུད་འགྱུར་དང་པོའི་ནང་དུ་འདི་འདྲ་མང་མང་བསམས་སོང་། གསལ་བོ་ཞིག་དྲན་གི་མི་འདུག

  2. མི་རྐང་གླིང་བུ says:
    2010-01-26 at 3:14 pm

    སྐབས་དེ་དག་ཏུ་པར་བསྐྲུན་བྱས་པའི་བོད་ཀྱི་སྨན་གཞུང་རྩ་མདོ་ཆུ་མདོ་ཞིག་ཁོ་བོས་ཡང་ཡང་ཀློག་མྱོང་། ངོ་མཚར་རྩ་བདུན་བརྟག་ཚུལ་དང་། ཆུ་མདོ་ནང་གི་གདོན་ཕྱྭ་སྐོར་སོགས་ཕུད་ཅིང་། ཕོ་རྩ་མོ་རྩ་བྱང་ཆུབ་སེམས་རྩ་གསུམ།། ཞེས་པར་། ཕོ་རྩ་མོ་རྩ་མ་ནིང་རྩ་དང་གསུམ། ། སོགས་བསྒྱུར་ཡོད་པར་ལྷང་ངེར་དྲན། འབྲེལ་སྒྲ་ལྔ་པོ་གཅིག་ཏུ་བསྡུས་ནས་གི་ཡིག་གཅིག་པུས་མཐུས་པར་བྱས་ཡོད་པར་དྲན་ཀྱང་། དེ་རིང་ཁྱོད་ཀྱི་བཤད་པར་བལྟས་ན་འགྲེལ་སྒྲ་གི་དང་འི་གཉིས་རུ་བསྡུས་པ་ཡིན་པ་འདྲ།

  3. lala says:
    2010-01-26 at 3:46 pm

    ད་དུང་ཚགས་རིང་བེད་མེད་དུ་བསྐྱུར་ནས་རྒྱ་ཡིག་ནང་དུ་བེད་སྤྱོད་པའི་。དང་,སོགས་བོད་ཡིག་ནང་རྡོ་ཆགས་བཙན་སྒྲིག་བྱས། ཡི་གེ་ཞིབ་བསྡུར་ཞུ་དག་བྱེད་སྐབས། ཨ་ལོང་དང་ཁྲུ་ཁྲུ་སོགས་མིང་སྙན་པོ་འགའ་བཏགས་ནས་ཀློག་གི་ཡོད་རབས་འདུག ད་ལྟ་བསམ་ན་དགོད་བྲོ་མོད། ཞིབ་ཏུ་བསམས་ན་དེ་ཡང་རྒྱ་ནག་གིས་ཐད་ཀར་བོད་ཀྱི་སུམ་རྟགས་ལ་འབག་བཙོག་བྱས་པའི་ལོ་རྒྱུས་ཞིག་ཀྱང་ལོས་ཡིན།

  4. མི་རྐང་གླིང་བུ says:
    2010-01-26 at 5:46 pm

    དག་ཡིག་གསར་བསྒྲིགས་ནང་ལའང་ཤད་ཀྱི་རིགས་དེ་དག་མེད་བསམ།།།།།།།

  5. གཞོན་ནུ་ཟླ་མེད says:
    2010-01-27 at 9:44 am

    གི་ཀྱི་གྱི་འི་ཡི་ལྔ་ལས།།
    རྣམ་དབྱེ་དྲུག་པའི་གི་མ་གཏོགས།།
    གསར་བརྗེ་ཆེད་དུ་དོར་བ་ཡིན།།
    ཟེར་བ་དེ་ཡིན་ནི་རེད། ད་དེ་དུས་མ་དོར་ན་འགྲིག་ནི་མ་རེད། དེའི་སྐབས་སུ་ཟི་ལིང་ན་ཡང་སུམ་རྟགས་ལ་མཁས་པ་ཨ་ལགས་རྨ་རྒྱ་དང་། ཨ་ཁུ་གསུངས་རབས། བསམ་གཏན་གྲྭ་ལོག་བཅས་ཡོད་ཀི་མོ།

  6. མེ་རི་གཏོར་མཁན says:
    2010-01-27 at 10:24 am

    ཕྱོགས་གཞན་ཞིག་ནས་སྐད་ཆ་བཤད་ན་།དོན་གྲུབ་རྒྱལ་གྱིས་སྐད་གསར་བཅད་ཅིག་བྱས་པ་རེད་།ཁོ་དང་ཁོའི་སློབ་མ་དག་གིས་རྒྱ་གཞུང་གིས་རྒྱང་བསྒྲགས་དང་།ཚགས་པར་།དཔར་ཁང་བྱས་བེད་སྤྱད་ནས་བོད་ཀྱི་སྐད་གསར་་བཅད་ཆེན་པོ་ཤིག་བྱས་པ་རེད་།ལོ་གནད་འགག་ཅན་དེ་དག་གི་ནང་དུ་བོད་མི་རྣམས་ཀྱིས་ག་ལེར་བོད་རང་གི་རིག་གཞུང་སོགས་ལ་འབྲེད་འཐུད་བྱ་བཞིན་པའི་སྐབས་སུ།གསར་གཏོད་།རྙིང་ཞེན་།རྗེས་ལུས་ཟེར་བའི་དམར་པོ་ལྟ་བ་རྗེས་སུ་སྐྱོང་སྟེ་།བོད་ཀྱི་རིག་གཞུང་ལ་བཀའ་དྲིན་ཅན་ཚེ་ཏན་ཞབས་དྲུང་རིན་པོ་།དམུ་དགེ་བསན་གཏན་།དུང་དཀར་རིན་པོ་ཆེ་སོགས་མཚོན་པའི་མཁས་བ་དེ་དག་བོད་ཀྱི་རིག་གཞུང་རྒྱུན་འཛིན་གྱི་འགྲན་ཡ་ཞིག་ལངས་པ་རེད་།དེ་བས་ད་ལྟ་བོད་ཡིག་ཀློག་ཤེས་ཀྱང་།བོད་ཀྱི་རིག་གཞུང་གི་གླེགས་བམ་ལ་སྡང་བ་།བོད་ཡིག་ཙམ་བྲི་གི་ཡོད་ཀྱང་།བླ་མའི་རྣམ་ཐར་ཅིག་ལག་ཏུ་བཞག་ན་ཀློག་མི་ཤེས་མཁན།རྩོམ་བྲི་གིན་ཡོད་ཟེར་ཀྱང་།རང་མ་གཏོགས་གཞན་གིན་མི་གོ་མཁན་།དོན་མཐར་ཐུག་ན་བོད་ཀྱི་རིག་གཞུང་ལ་དོགས་པ་ཟ་མཁན་།ཡིད་ཆེས་མེད་མཁན་།གཏོར་བཤིག་གཏོང་མཁན་གྱི་མི་རབས་བྱུང་བ་འདི་རེད་།བོད་ཀྱི་རིག་གཞུང་གི་ཐད་ནས་འདི་ལས་ལྷག་པ་ནག་ཉེས་ཆེ་བ་ཤིག་མེད་།ད་ལྟ་ནས་བཟུང་།བློ་ལྡན་དག་གིས་དེ་དག་ལ་ཞིབ་མཇུག་བྱེད་པར་མཚལ།

  7. མེ་རི་གཏོར་མཁན says:
    2010-01-27 at 11:02 am

    ངས་སྔོན་གྱི་རྒྱ་ནག་གི་གསར་བརྗེ་པ་དེ་ཚོའི་དཔེ་དེབ་མང་པོ་ཀློག་མྱོང་།ཁོ་ཚོས་མང་ཆེ་བས་སྐད་ཆ་འདི་འདྲ་ཤིག་བཤད་གིན་འདུག་།
    གཅིག་།ཐོག་དང་པོ་སྔོན་གྱི་སྤྱི་ཚོགས་དེ་མུན་ནག་དང་།ཀླ་ཀློ་ཡིན་པ་ཡིན་པ་ཤིག་སྒྲུབ་།མི་ཁ་ཤས་དཔེར་མཚོན་དུ་བཞག་ནས་དེ་ལྟར་ཡིན་ལོ་རྒྱུས་ཕྲིས་།
    གཉིས་།་སྲིད་དབང་མགོ་རྟིང་བསློགས་།སྲིད་དབང་བཟུང་།
    གསུམ་།དེ་ནས་སྐད་ཡིག་གཅིག་གྱུར་དང་།གསར་བ་ཞིག་བཟོས་།མི་ཚང་མར་སྔོན་གྱི་ལོ་རྒྱུས་དང་།རིག་གཞུང་སོགས་ལ་ཐད་ཀར་ངོ་མི་ཐུག་པ་ཞིག་བཟོས་།
    བཞི་།་དེ་ནས་རྩོམ་དྲི་སྟངས་དང་རྩོམ་གྱི་བརྗོད་བྱ་བརྗེ་།གསར་བརྗེའི་སྐོར་གྱི་རྩོམ་མང་དུ་ཕྲིས་།ལྷག་པར་མི་མང་གིས་ཉན་འདོད་པ་།དཔེར་ན་ཕོ་མོ་བར་གྱི་བརྩེ་དུང་དང་།་མི་བར་གྱི་འགལ་ཟླ་སོགས་ཕྲིས་།དེ་བས་ག་ལེར་མི་ཚང་མས་གསར་བརྗེ་ཕྱོགས་སུ་ཡོང་གིན་རེད་ཅེས་བྲིས་འདུག་།
    སྐད་ཆ་འདི་དག་སེམས་ལ་བཟུང་ནས་།་ཉེ་བབས་ཀྱི་བོད་ལོ་རྒྱུས་ལ་བསམ་བློ་ཐོངས་དང་།འདྲ་བོ་མི་འདུག་གམ་།
    བོད་ནི་རྗེས་ལུས་རེད་།དགེ་ཆོས་ནི་བདུག་རྩུབ་ཅན་གྱི་སྲིད་དབང་གི་”ཉེས་མེད”་ཀྱི་བཙོན་དུ་ལྷུང་།
    བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་རྙིང་བ་རེད་།སྙན་ངག་གིས་བོད་ཀྱི་འཚོ་བ་མཚོན་མི་ཐུབ་།འདི་འདྲའི་ལོ་རྒྱུས་ཤིག་བོད་དུ་སྔོན་ཆད་བྱུང་མི་འདུག་།་གཞོན་ནུ་།ལང་ཚོ།་བརྩེ་དུང་།་ཨེ་མ་།ཀྱེ་མ་།ལང་ཚོའི་རྦབ་ཆུ་།རྙིང་བ་ཐམས་ཅད་།གསར་བ་ཐམས་ཅད་།
    ཚིག་དང་དོན་འདི་ཐམས་ཅད་ལ་ག་ལེརབསམ་བློ་སྙིང་ཐག་པ་ནས་ཐོངས་དང་།ག་རེ་མཚོན་གིན་འདུག་།

  8. སྦྲ་ནག་གཡག་སྙིང says:
    2010-01-27 at 4:57 pm

    དྲ་གྲོགས་རྣམ་པས་རྒྱ་གཞུང་གིས་བཙན་གྱིས་བསྐུལ་པའི་སྐད་གསར་བཅད་འདིའི་སྐོར་ལ་བོད་ཡིག་ནང་བྲིས་པའི་དཔྱད་རྩོམ་ཡག་པོ་འདྲ་ཡོད་ན་ཁོ་བོར་ངོ་སྤྲོད་ཡོད་པ་ཞུ། ལྷག་པར་དུ་ལོ་རབས་ང་བཅུ་དང་དྲུག་ཅུའི་སྐབས་སྐད་ཡིག་བསྒྱུར་བཅོས་ལག་བསྟར་བྱས་པ་སོགས་ཀྱི་སྐོར་ལ་ལྟ་འདོད་ཆེ། ཐུགས་རྗེ་ཆེ།

  9. མེ་རི་གཏོར་མཁན says:
    2010-01-27 at 5:46 pm

    སྤྲ་ནག་གཡག་སྙིང་ལགས་།
    ང་ཚོའི་སློབ་གྲྭའི་དཔེ་མཛོད་ཁང་དུ་ལོ་རབས་ལྔ་བཅུ་དང་།དྲུག་ཅུའི་སྐོར་ལ་རྒྱ་ནག་གིས་དཔར་སྐྲུན་བྱས་པའི་དཔེ་ཆ་ཐམས་ཅད་ཀྱི་མིང་ཐོ་དཔེ་ཆ་འགའ་ཤས་འདུག་པ་དང་།དེའི་ནང་དུ་བོད་ཡིག་གི་དཔེ་ཆའི་མིང་ཐོ་ཡང་འགའ་ཤས་འདུག་།ལོ་རབས་ལྔ་བཅུའི་ཡ་སྟོད་དུ་བོད་ཡིག་གི་ཚགས་པར་དང་།དཔེ་དེབ་མང་པོ་མི་འདུག་ཡང་།ཡོད་པ་ཚང་མ་འགྱུར་ཤིན་ཏུ་ནས་ཡག་པོ་འདུག་།་དཔེར་ན་།སྤྱི་ཚོགས་།གྲལ་རིམ་།ཞིང་བདག་ཟེར་བ་ལྟ་བུ་རེད་།ང་བདུན་ལོ་ནས་འགྱུར་བ་ཆེན་པོ་བྱུང་སྟེ་།དེའི་རྗེས་སུ་བསྒྱུར་བ་དག་ནི་འགྱུར་ཡག་པོ་དེ་འདྲ་མི་འདུག་པ་དང་།བརྒྱད་ཅུ་བའི་ནང་དུ་འགྱུར་བཙོག་།།ཞག་གསུམ་འགོར་ན་རང་གིས་ཀྱང་ཧ་མ་གོ་བ་འགའ་རེ་བསྒྱུར་འདུག་།ལྷག་པར་ཚན་རིག་བརྡ་ཆད་སོགས་བསྒྱུར་དུས་གོ་བསྒྱུར་མེད་པ་འགའ་བསྒྱུར་འདུག་།

    དེ་བཞིན་སྔོན་ཆད་ཅིག་ལ་ཁ་ཅིག་གིས་ཀྲུང་གོ་ཟེར་བའི་ཚིག་འདི་ཕུན་དབང་སོགས་ཀྱིས་བཟོས་བ་ཡིན་པའི་སྐད་ཆ་ཞིག་འདུག་མོད་།འདི་ཡང་ཤིན་ཏུ་མ་དག་པ་ཞིག་རེད་།པན་ཆེན་སྐུ་ཕྲེང་དགུ་བས་མཚམས་རེ་ཚིག་འདི་བེད་སྤྱོད་བཏང་འདུག་པ་དང་།དེ་བཞིན་གོ་མིན་ཏང་གིས་བེད་སྤྱོད་མང་པོ་བཏང་འདུག་།
    ང་ཆུང་དུས་ཨ་ཁུ་ཞིག་ཡོད་།ཁོང་སྔོན་ཆད་བླ་བྲང་ཀྱེ་རྡོར་གྲྭ་ཚང་གི་རེད་།ཁོས་གཞོན་ནུ་ཟླ་མེད་ཀྱིས་དྲངས་བའི་སྐད་ཆ་དེ་འདྲ་མང་པོ་བཤད་རྒྱུན་འདུག་།་དེ་ལྟར་བཤད་ན་དོན་གྲུབ་རྒྱལ་གྱི་ཚིག་བཀོལ་སྟངས་དང།དབྱེ་མཚམས་གཅོད་ཚུལ་རྣམས་།ལྟ་བའི་ཁྱེར་སྟངས་སོགས་ལ་ཞིབ་མཇུག་ཞིབ་ཏུ་བྱོས་དང་།དངོས་གནས་གོ་རྒྱུ་མང་པོ་འདུག་།ངོས་ནས་ཁོ་བསམ་བཞིན་དུ་རིག་གསར་གྱི་རྗེས་སུ་ཞུགས་པ་ནི་རེད་མི་འདོད་།ཡིན་ནའང་དེའི་སྐོར་ལ་ཞིབ་དཔྱད་བྱ་རྒྱུ་མང་དུ་འདུག་།
    ང་བརྒྱད་ཀྱི་ཚུན་ལས་བྱུང་བའི་ཚགས་པར་དང་དང་བསྒྲགས་ཡིག་སོགས་ཤིན་ཏུ་ནས་འདྲ་བོ་འདུག་།་གཏམ་རྒྱུད་ཅིག་བཤད་ན་།ངས་སྔོན་མ་ཞིག་ལ་རིག་གསར་གྱི་སྐབས་སུ་བཏོན་པའི་ཚགས་པར་འགའ་རེ་ཀློག་ཏེ་།དེ་ནས་དཔེ་མཛོད་ཁང་ཤིག་ནས་ཞོགས་དུང་གི་དཔེ་ཆ་ཞིག་དང་།དེ་དག་དང་འབྲེལ་བའི་དཔེ་ཆ་འགའ་མཐོང་སོང་།ཨེ་མ་ཇི་འདྲའི་ཡ་མཚར་་།ཚིག་དང་དོན་དང་ཚང་མ་ཕལ་ཆེར་གཅིག་གི་དེ་གཅིག་གིས་བཤུས་བ་འདྲ་།རྗེས་སུ་གྲོགས་པོ་ཞིག་བརྒྱུད་ནས་སྐད་ཆ་འདྲི་སྐབས་།ཁོ་ཚོ་ས་རིག་གསར་ལ་ངོ་རྒོལ་ཡོད་ཟེར་།དེ་ནས་རྩོམ་སྟངས་སོགས་ཀྱི་སྐོར་གླེང་སྐབས་།དེའི་སྐབས་ཀྱི་ཚགས་པར་སོགས་མཐོང་མ་མྱོང་ཟེར་།དེ་ལྟར་ཡིན་རྒྱུ་རེད་སྙམ་ནས་།ངོ་ལ་འཛུམ་ཞིག་ལངས་ནས་བསྡད་པ་ཡིན་།

  10. lala says:
    2010-01-27 at 8:18 pm

    ཁ་བརྡ་ཚང་གི་མི་ཚང་མས་ཊི་ཝེ་ཊའི་twitterབེད་སྤྱོད་གནང་གི་ཨེ་ཡོད། དེ་ནི་དེང་དུས་ཚིག་ཉུང་ངང་ནས་ཕན་ཚུན་གནས་ཚུལ་ངོ་སྤྲོད་བྱེད་ཐབས་མགྱོགས་ཤོས་དེ་རེད། ད་ལྟ་བོད་ཡིག་འབྲི་མཁན་ཡང་མང་པོ་འདུག གལ་སྲིད་དེའི་ནང་དུ་བཞུགས་མ་ཐུབ་པ་ཡིན་ན་མ་ལོན་རྒས་པོར་གྱུར་པའམ་དུས་རབས་ཀྱི་རྗེས་མ་ཟིན་པ་འདྲ་བས་མགྱོགས་ཙམ་twitter དྲ་མིག་ཞིག་རང་ཉིད་ལ་དབང་བར་མི་བརྩོན་ནམ། དྲ་བ་དེའི་ནང་དུ་ད་ལྟ་བོད་པ་སྐད་གྲགས་ཅན་མང་པོ་བཞུགས་འདུག གསར་འགྱུར་ཞིག་སྤེལ་འདོད་ཀྱང་དེའི་ནང་དུ་སྤེལ་ན་མགྱོགས་ཤོས་རེད་འདུག

  11. མགོན་པོ་ཕྱག་གཉིས་པ། says:
    2010-01-27 at 9:44 pm

    རིག་གསར་དང་དམར་ཤོག་གི་ཤུགས་རྐྱེན་སྐོར་གླེང་ན་རྒྱ་ཆེ་ས་ནས་གླེང་དགོས་ཀྱི་འདུག ཕྱོགས་རེ་བ་ཞིག་གླེང་བསྡད་ན་ཉི་མ་ཚལ་བ་ལམ་དུ་བཏང་། གོ་རེ་ཚལ་བ་ལམ་དུ་བཟས་ཟེར་བ་ལས་མི་འདུག
    འགའ་རེས་གཏམ་བཤད་སྟངས་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་། འགའ་རེའི་བྱེད་སྤྱོད་ལ་ཤུགས་རྐྱེན་ཐེབས། འགའ་རེའི་བསམ་བློ་ལ་ཤུགས་རྐྱེན་ཐེབས། འགའ་རེར་ཤུགས་རྐྱེན་ཐེབས་མེད་མདོག་སྟོན་ནས་དེ་ལ་དགག་ཁུལ་བྱེད་ནའང་ལུས་ངག་ཡིད་གསུམ། བྱེད་སྤྱོད། སྐད་ཆའི་ཚིག་རིས་ཚུན་ཆད་ནས་དེའི་ཤུགས་རྐྱེན་ཐེབས་ཡོད་པ་གསལ་བོ་ཞེ་དྲག་རེད། ད་རུང་བོད་གཞུང་གི་སྒྲིག་འཛུགས་ཚུན་ཆད་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད།
    དེ་ནི་ཧང་སངས་དགོས་པ་ཞིག་ཀྱང་མིན་ཏེ་མིའི་སྤྱི་ཚོགས་ཧྲིལ་བོ་ད་བར་གཅིག་གིས་གཅིག་ལ་རིག་གཞུང་གོམས་སྲོལ་ཚུན་ཆད་ནས་ཤུགས་རྐྱེན་ཐེབས་ཡོང་གི་ཡོད་པ་རེད། གཅིག་གཅིག་ལ་ཤུགས་རྐྱེན་ཐེབས་རྒྱུ་ཞིག་མེད་ན་ཕན་ཚུན་ལ་རྒྱུས་ལོན་དང་། ཤེས་རྟོགས། བཟོད་སྒོམས། གུ་ཡངས་ཟེར་བ་འདི་ཚོ་ཡང་ཡོངས་ཐུབ་ཐབས་མེད་པ་ཞིག་རེད།
    དམར་ཤོག་ཡིན་ན་འདྲ། མ་རྩ་རིང་ལུགས་ཡིན་ན་འདྲ། རྒྱལ་པོའི་རིང་ལུགས་ཡིན་ན་འདྲ། གང་ཞིག་ཡིན་ནའང་ཡག་ག་དེ་ཚོ་ང་ཚོས་ལེན་དགོས་པ་རེད། ལྟ་སྤྱོད་ག་འདྲ་ཞིག་ཡིན་ནའང་ང་ཚོས་དང་ལེན་བྱེད་ཐུབ་དགོས་པ་རེད། ཐབས་སྐྱོ་བ་ཞིག་ནི་བློ་ཁབ་མིག་ལས་དོག་པ། ཕྲག་དོག ང་རྒྱལ། ཕྱོགས་ཞེན་ཅན། ལྟ་སྤྱོད་མ་འདྲ་བ་དང་ལྟ་སྤྱོད་མ་འདྲ་བའི་ཚིག་ཟུར་ཆུང་ཙམ་རེའང་བློ་ངོར་མ་ཤོང་བར་སྔོན་བྱོན་མཁས་པ་ཚུན་ཆད། གསར་སྐྱེས་གཞོན་ནུ་ཡན་ཆད་ལ་ཁ་རྡུང། ཁྱད་གསོད། ཟུར་ས། མཐོང་ཆུང་། དམའ་འབེབས། གཞོག་སློང་། བསྟིང་ཚིག འཕྱ་དམོད་ཚུན་ཆད་བྱས་ཏེ་རང་དབང་ལུང་པ་ནང་རིག་གསར་གྱི ་་གྲལ་རིམ་འཐབ་རྩོད་་ ཀྱི་ཟློས་གར་སྐྱར་དུ་འཁྲབ་ན་ཁ་བཙུམ་ནས་སྡོད་འདོད་མེད།
    ཀུན་སློང་མི་གཙང་བ། སྤྱོད་པ་མི་གཙང་བ། དམིགས་ཡུལ་ཡོད་པའི་སྒོ་ནས་སྨྲ་བརྗོད་རང་དབང་ཁ་ལ་ཁྱེར་ནས་དཀྲུག་ཤིང་རྒྱག་མཁན་ཚོར་དེ་ལ་དེ་འཇལ་བྱས་པ་ནི་འོས་པ་ཞིག་རེད། ངན་པ་ཚར་མ་བཅད་ན་བཟང་བོ་སྤྲོ་བ་མི་སྐྱེད་ཟེར་བ་ཞིག་ཀྱང་ཡོད་པ་རེད། འཇིགས་སྐུལ་བ་ཚར་གཅོད་པའི་ཕྱིར་ནུབ་སྤྱི་ཆིངས་སྒྲིག་འཛུགས་ནས་ཨ་ཧྥུ་གན་ནང་དམག་རྒྱག་ཆོག་ས་ནས། རྩོམ་བྲིས་པ་ཚོར་ངན་པ་སུན་འབྱིན་ཆོག་པའི་ཐོབ་ཐང་ཡོད་ལོས་ཆོག
    ཁ་བརྡ་དྲ་ཁང་གིས་ཀྱང་ཚང་མ་བཀག་ན་བཀག་མཉམ་བྱས་ན་འགྲིགས་གི་མི་འདུག འགའ་རེས་ངན་པ་ཚར་གཅོད་པའི་ཕྱིར་གཏམ་བརྗོད་རང་དབང་དགོས་པའི་དགོས་འདུན་འདོན་གི་ཡོད་པ་རེད། འགའ་རེས་དཀྲུག་ཤིང་རྒྱག་པའི་ཕྱིར་གཏམ་བརྗོད་རང་དབང་གི་དགོས་འདུན་འདོན་གི་ཡོད་པ་རེད། མི་ཡི་སྲོག་གཅོད་པའི་རང་དབང་དང་། མི་ཡི་སྲོག་སྐྱོབ་པའི་རང་དབང་གཉིས་ལ་གཅིག་མཚུངས་སུ་བལྟས་ན་འགྲིགས་གི་རེད་དམ།
    ང་ཚོས་ཡིད་སྐྱོ་བའི་ལོ་རྒྱུས་ཤིག་བརྒྱུད་ཡོང་བ་རེད། རིག་གནས་གསར་བརྗེ་བརྒྱུད་ཡོང་བ་རེད། གྲལ་རིམ་འཐབ་རྩོད་བརྒྱུད་ཡོང་བ་རེད། ད་ལྟ་ང་ཚོ་ཉུང་ཤས་ཤིག་རང་དབང་ལུང་པར་ཡོད་པ་རེད། རང་དབང་ལུང་པ་ནས་ང་ཚོའི་བཀུར་བར་འོས་པའི་མཁས་དབང་རྣམ་པ། རྗེས་སུ་ཡི་རང་བྱེད་འོས་པའི་གསར་གཏོད་པ་དག མི་རིགས་ཀྱི་ཐོབ་ཐང་དང་རང་དབང་ཆེད་མདའ་ཁ་མདུང་ཁ་རྒྱུག་མཁན་གྱི་གཞོན་སྐྱེས་རྣམས་ལ་གྲལ་རིམ་འཐབ་རྩོད་སྐབས་ཀྱི་སྐྱོན་བརྗོད་བྱེད་བྱེད་བྱས་ནས་ཀླ་ཀློའི་བརྟུལ་ཞུགས་བཟུང་ན་སུ་ཞིག་གིས་ཀྱང་བཟོད་སྒོམ་བྱེད་ཐབས་བྲལ།
    གཞུང་སྒེར་གང་རུང་གི་མི་ངན་རིགས་ལ་སུན་འབྱིན་བྱེད་པའི་གོ་སྐབས་ཡངས་པོར་ཕྱེ་རོགས། ག་རེ་བྱས་ནས་བློ་བག་འཁུམས་དགོས་པ་རེད། ག་རེ་བྱས་ནས་ཁྲིམས་ལ་ཞེད་དགོས་པ་རེད། ང་ཚོའ་ད་ལྟའི་ཆ་ཡོངས་སུ་མི་ཚང་བའི་ཁྲིམས་འདི་ཚོའང་། སྔོན་མའི་གསར་འགོད་པ། རྩོམ་སྒྲིག་པ། རྩོམ་པ་པོ། ཁྲིམས་རྩོད་པ་སོགས་མང་པོ་ཞིག་གིས་སྲོག་གི་འགྲོ་སོང་བཏང། ཁྲིམས་ཁང་ལ་སོང། དཀའ་ངལ་མང་པོ་ཞིག་བརྒྱུད་ནས་ཡོང་བའི་འབྲས་བུ་ཡིན་པ་ཤེས་པར་གྱིས།
    འཛམ་གླིང་སྤྱི་མཐུན་གྱི་ས་གཞི་རིལ་མོ་འདིར་རྒྱལ་ཁབ་རིས་སུ་བཅད། ས་རིས་ལོགས་སུ་བཅད། ཁྲིམས་མི་འདྲ་བ་མང་པོ་ཞིག་བཟོས། མི་མང་རྣམས་རང་གང་འདོད་ཀྱི་ས་ལ་འགྲོ་བའི་རང་དབང་འཕྲོག དཔལ་འབྱོར་ལ་བར་ཁྱད་ཆེན་པོ་བཟོས། ཐ་ན་ཤེས་རིག་སློབ་གསོ་ཡིན་ན་ཅིག་ཟེར་ནས་མིའི་མ་བཅོས་པའི་བསམ་བློ་རྣལ་མར་ལྷད་སྐྱོན་གཏོང་བ་སོགས་ཁྲིམས་ངན་མིའི་སྤྱི་ཚོགས་ཏིལ་བཞིན་འཚིར་བར་བྱེད་པ་འདི་ཚོ་གཏོར་མ་ཐུབ་ནའང་སྲུང་འདོད་མེད། གུང་ཁྲན་གྱི་ཚིག་ཅིག་གཡར་ན་ ་་ལམ་དོང་ནང་གི་རྡོ་མདོང་་ དེ་ཚོ་སེལ་བའི་ཆེད་སྤྱི་སྒེར་ལ་སྐྱོན་སེལ་བྱེད་པའི་གཏམ་བརྗོད་རང་དབང་ལྷུར་ལེན་མཁན་དག་ལ་སྒྲིག་གཞི་བཟོས་ནས་བཀག་འགོག་མི་བྱེད་པའི་རེ་བ་ཡོད།

  12. སྦྲ་ནག་གཡག་སྙིང་ says:
    2010-01-30 at 9:05 am

    མེ་རི་གཏོར་མཁན་ལགས།

    ལན་ཞིག་རྒྱབ་པར་བཀའ་དྲིན་ཆེ། ཡིན་ན་ཡང་ཁྱེད་ཀྱིས་ཕལ་ཆེར་ངའི་དྲིས་པ་ཧ་གོ་ཡོད་ས་མ་རེད། ངས་བཙན་གྱིས་བསྐུལ་པའི་སྐད་གསར་བཅད་འདིའི་སྐོར་ལ་བོད་ཡིག་ནང་བྲིས་པའི་དཔྱད་རྩོམ་ཡག་པོ་འདྲ་ཡོད་མེད་དྲིས་པ་ཡིན། བསྒྱུར་བཅོས་ཀྱི་འབྲས་བུ་དེའི་སྐབས་ཀྱི་དཔེ་ཆ་དང་། ཚགས་པར་བརྡ་སྦྱོར་སོགས་ལ་གསལ་པ་འདིའི་སྐོར་ལ་དོ་སྣང་ཡོད་པ་ཀུན་གྱིས་ཤེས་ངེས།

    དེ་མིན་སྐད་ཆ་ཚིག་གཅིག་བཤད་ནའང་དོན་འགྲུབ་རྒྱལ་སོགས་གསར་གཏོད་ཀྱི་བློ་ནུས་ཡོད་པ་དག་ལ་གཤེ་དགོས་པའི་དོན་མི་འདུག་སྙམ། རིག་གསར་སྐབས་རྒྱ་གཞུང་འོག་བྱ་བ་བསྒྲུབས་པའི་བོད་མི་མང་པོ་ཞིག་ད་ལྟ་བོད་ཀྱི་ས་ཆ་གང་སར་བོད་མའི་རིག་གཞུང་དང་འཚོ་བར་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་པ་ཚང་མས་ཤེས་གསལ་རེད། དེ་དུས་ཁྱེད་དང་ང་འདྲ་བོ་གསོན་ཡོད་ན་ཞབས་འདྲེན་གནམ་སར་མི་ཤོང་བ་ཞུས་ཡོད་སྲིད། ད་ལྟ་ཁ་ཕོ་གནམ་སར་མི་ཤོང་བ་སུ་ཡིན་ནའང་བཤད་ཐུབ།

    ད་མང་པོ་ཞིག་བཤད་དགོས་དོན་མི་འདུག རྒན་མདའ་ཚན་པས་གསུངས་བ་དེའི་ཡན་ཞིག་ལབ་རྒྱུ་མི་གདའ། དེ་ལ་གནས་ལུགས་འདུག སྙན་ཆ་འདུག ཡང་ཟོར་འདུག དངོས་གནས་བིས་ལེམ་ཧ་འཛི་ལིས་ཁྲི་ (William Hazlitt) ཡིས་རྩོམ་ཡིག་དང་ཁ་བརྡའི་སྒྱུ་རྩལ་སྡེབ་ནས་དཔྱད་གཏམ་སྤེལ་བ་ཟེར་བ་དེ་འདི་འདྲ་ཞིག་ལ་ཟེར་བ་ཡིན་རྒྱུ་རེད། ཞལ་གདམས་མཁའ་འགྲོ་མའི་ཁ་རླངས་མ་ཡལ་བ་འདི་འདྲ་གནང་པ་ལ་ཐུགས་རྗེ་ཆེ་རྒན་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme