Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤོབས་ལོ་གཉིས་ལ་བགྲོ་བ་ཁོང་སྐྲན་འབྱིན་བའི་རིན་ཆེན་ཟླ་ཤེལ་གསར་པ།

Posted on 2014-05-102014-05-10 By ཁ་བརྡ་ 17 Comments on སྤོབས་ལོ་གཉིས་ལ་བགྲོ་བ་ཁོང་སྐྲན་འབྱིན་བའི་རིན་ཆེན་ཟླ་ཤེལ་གསར་པ།

དོན་འགྲུབ་བཀྲ་ཤིས།

གཅིག

བོད་དུ་རང་ལུས་མེར་སྲེག་གནང་བ་དེ་༸གོང་ས་མཆོག་བོད་དུ་ཕེབས་པའི་ཆེད་ཡིན་པ་དང་བོད་བསྟན་སྲིད་ཀྱི་ཆེད་ཡིན་པ་ལ་འགལ་བ་ཡོད་རྒྱུ་ཕར་བཞག་ད་ལྟའི་ཆར་ཁ་བྲལ་ཐབས་མེད་པའི་དོན་གཅིག་མིང་གི་རྣམ་གྲངས་ཡིན། དཔའ་བོ་ཁོང་རྣམས་ཀྱི་ཐུགས་ནང་དེ་གཉིས་དགོས་པ་གཅིག་མཚུངས་སུ་མཐོང་ནས་མེ་ལྕེ་རབ་ཏུ་འབར་བའི་ཀློང་དུ་ཤི་ཁའི་དབུགས་ཐག་གཅིག་དེས་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་དུ་ཕེབས་དགོས། བོད་རྒྱལ་ལོ་ཞེས་བོད་མི་རྣམས་ཀྱིས་སྙིང་རྡོག་ལ་བྲིས་པའི་ཡི་གེ་དེ་དག་ཆེས་མཐའ་མར་ཐེངས་གཅིག་བཀླགས་ནས་ང་ཚོ་དང་ནམ་ཡང་ཁ་གྱེས་པ་རེད། དཔའ་བོ་ཁོང་རྣམས་ཀྱིས་ང་ཚོར། ༸རྒྱལ་བ་རིན་པ་ཆེ་མེད་ན་བོད་མེད་ལ། རྒྱལ་བ་རིན་པོ་ཆེ་ཡོད་ན་བོད་ཡོད་ཅེས་པའི་སྡོམ་ཚིག་འདི་འདྲ་ཞིག་བཞག་པ་རེད།

གཉིས་པ།

ང་ཚོ་གཟུར་བོར་གནས་པ་དང་བོད་བསྟན་སྲིད་ལ་ཁ་ཞེ་གཉིས་མེད་ཀྱི་ཞེན་ཡོད་མཁན་ཞིག་ཡིན་ན་མ་མཐར་ཡང་ད་ལྟའི་ཆར་༸གོང་ས་མཆོག་དང་བོད་ཁ་བྲལ་ཐབས་མེད་པ་དང་བོད་སྐྱོབ་དགོས་ན་༸རྒྱལ་བ་རིན་པོ་ཆེ་དགོས་པ་འདི་ཡིན། འདི་ནི་དོན་དངོས་ཡིན་ཏེ། བོད་ནང་དུ་བརྒྱད་ཅུ་གྱ་གྲངས་སྐབས་ནས་ད་བར་བོད་ཁྱོན་ཡོངས་ལ་ཁྱོན་ཡོངས་ཀྱི་རང་བཞིན་ཅན་གྱི་བོད་རྒྱལ་ཁབ་ཉམས་པ་སླར་གསོའི་རེ་བ་དང་བློ་ཤུགས་སྦྱིན་ཐུབ་མཁན་དེ་༸གོང་ས་མཆོག་ཉག་གཅིག་ལས་གཞན་མེད། སྐྱབས་བཅོལ་དུ་བོད་མིའི་སྲིད་གཞུང་མེ་སྒེར་གྱི་ནུས་ཤུགས་འོག་མང་གཙོར་བསྐྱོད་བཅུག་མཁན་ཡང་༸གོང་ས་མཆོག་ཡིན་པ་དང་། བརྒྱུད་རིམ་དེར་དཀའ་ཁག་ག་ཚོད་བྱུང་བ་ང་ཚོས་ངེས་པར་ཤེས་དགོས། ཕྱོགས་གཞན་ནས་རྒྱ་ནག་གིས་བོད་དུ་གནས་ཚུལ་གང་ཡང་མེད་ཅེས་རྒྱལ་སྤྱིར་མུ་མཐུད་ནས་འཁྱོག་བཤད་བྱས་པ་དེ་དོན་དངོས་ནས་བདེན་པ་མ་ཡིན་པར་སྟོན་མ་ཐུབ་ན་ང་ཚོར་རྒྱབ་སྐྱོར་རག་མི་སྲིད་ལ། ངོས་ནས་གཞན་གྱི་རྒྱབ་སྐྱོར་ཙམ་ལ་རེ་དགོས་པ་རེད་ཅེས་རྩ་བ་ནས་བཤད་ཀྱི་མེད་ཀྱང་། རྒྱལ་སྤྱིའི་རྒྱབ་སྐྱོར་མེད་ན་ང་ཚོར་ད་ལྟའི་ཆབ་སྲིད་ཀྱི་ཁོར་ཡུག་འདི་དག་ཡོད་མི་སྲིད། ཡིན་ནའང་བོད་ཤོར་དུ་འཇུག་མཁན་ང་ཚོ་ཡིན་པས་ང་རང་ཚོས་གཙོ་བོར་བྱེད་དགོས་པ་རེད།

གསུམ་པ།

༸གོང་ས་མཆོག་དང་བཀྲས་ལྷུན་དགོན་ཟུང་གིས་སྔར་སྲོལ་དང་ཆོས་ཀྱི་ནང་དོན་ལྟར་༸པཎ་ཆེན་ཐམས་ཅན་མཁྱེན་པའི་ཡང་སྲིད་ངོས་འཛིན་གནང་ཡང་རྒྱ་གཞུང་གིས་ལོ་ལྔའི་བྱིས་པ་ཞིག་ཡང་རྒྱུན་ལྡན་གྱི་འཚོ་བ་བསྐྱལ་བཅུག་མ་ཐུབ་པར་བཙོན་དུ་བཟུང་བ་དེས་རྒྱལ་སྤྱིར་རྒྱ་གཞུང་གི་ངོ་གདོང་དམར་རྗེན་དུ་སྟོན་ཐུབ་པ་བྱུང་ཡོད། རྒྱ་གཞུང་གིས་༸གོང་ས་མཆོག་གིས་ངོས་འཛིན་གནང་བའི་བྱིས་པ་ཞིག་ལའང་དེ་ལྟར་ཞེད་དགོས་ན་༸གོང་ས་མཆོག་བོད་དུ་ཕེབས་ན་དེ་བས་དངངས་སྐྲག་ཡོད་པ་བཤད་མི་དགོས། གཉིས་ནས་པགས་རིགས་འཚམ་འཇོག་གི་བཀའ་སློབ་ཚིག་གཅིག་གིས་བོད་ཁྱོན་ཡོངས་སུ་པགས་རིགས་སྤྱོད་རྒྱུན་གཙང་བཞག་བྱུང་བ་དེས་རྒྱལ་སྤྱིར་སླར་ཡང་བོད་མིའི་སེམས་པ་གང་དུ་ཕྱོགས་ཡོད་མེད་དངོས་ཡོད་ནས་ར་སྤྲོད་བྱས་ཡོད་པས་རྒྱ་གཞུང་གིས་རྫུན་སྒྲོག་མཐའ་དག་རེ་རེ་ནས་པགས་པ་དམར་བཤུ་གནང་བ་རེད། ཨོ་ཧོ། སྐྱབས་སུ་འཆི། བླ་མ་འདི་ལྟ་བུ་ཞིག་གང་དུ་མཆིས། དཔེར་མཚོན་ཙམ་ལས་ད་དུང་གྲངས་ཀྱིས་མི་ལོངས། ཉིས་སྟོང་བརྒྱད་ལོར་གནས་ཚུལ་འབྱུང་སྐབས་རྒྱལ་སྤྱིའི་གསར་འགོད་པ་དག་གིས་༸གོང་ས་མཆོག་ལ་བཀའ་འདྲི་གནང་བའི་ལན་ཞིག་སྟེ། རྒྱ་ནག་མི་མང་ལ་དངོས་ཡོད་གནས་ཚུལ་ཤེས་པའི་ཐོབ་ཐང་ཡོད་ལ། གལ་སྲིད་རྒྱ་ནག་མི་མང་གིས་དངོས་ཡོད་གནས་ཚུལ་མཐོང་ན་ཁོང་རྣམས་ལ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཡོད་པར་ངོས་ལ་ཡིད་ཆེས་ཡོད་ཅེས་ཕེབས་པ་འདི་ཇི་འདྲའི་གཟི་བརྗིད་དང་རྒྱ་གཞུང་གི་སྲོག་གནད་ལ་ཕོག་པའི་བཀའ་སློབ་འདི་གཅིག་པུ་ལ་ཡང་བསམ་ཤེས་ན་ངོ་མཚར་མི་སྐྱེ་བའི་གནས་མེད་དོ། །
མེར་སྲེག་གི་གནད་དོན་སྐོར་༸གོང་ས་མཆོག་གིས་རྒྱ་གཞུང་ལ་རང་གི་མི་མང་གིས་ངོ་རྒོལ་ཚབས་ཆེན་དེ་ལྟར་བྱུང་བའི་རྒྱུ་རྐྱེན་ལ་ཞིབ་འཇུག་ཆ་ཚང་བྱེད་དགོས་ཞེས་ཞལ་ནས་མ་ཎི་བགྲངས་བ་ལྟར་གསུངས་པ་ལས་ལྷག་པའི་འགན་ཁུར་ཐབས་ཤིག་གཏན་ནས་མེད།

བཞི་པ།

གནམ་ལོ་ལགས་ནས་བོད་སྐད་ཡིད་ལ་ངེས་པར་གཟབ་དགོས། ཧམ་པ་ནི་མ་ཤེས་པར་ཤེས་པར་རློམ་པ་སོགས་ཏེ་གཞན་ཁྱད་དུ་གསོད་པའི་བྱེད་ལས་ཅན་གྱི་སེམས་བྱུང་དང་། སྤོབས་པ་ནི་ཤེས་བྱའི་གནས་གང་ཞིག་ཇི་བཞིན་དུ་ཤེས་ཏེ་གཞན་དྲིང་མི་འཇོག་པའི་གདེང་རྙེད་པའི་སེམས་བྱུང་ཞིག་ཡིན་པས་དེ་གཉིས་བར་གནམ་སའི་ཁྱད་ཡོད་པས་གུས་ཞབས་བྱེད་ན་འགལ་མེད་དང་མ་བྱེད་ན་འགལ་བར་འགྱུར་ཚུལ་ཞིག་ག་ན་ཡོད། གདན་སའི་དགེ་བཤེས་ལ་བཀའ་བཅུ་པར་བསྒྲགས་པ་དང་རྫུན་བཤད་ན་སྡོམ་པ་ཤོར་ཟེར་བ་ཡང་ཕོ་ཚོད་དེ། བཀའ་བཅུའི་ཐ་སྙད་བཀའ་གདམས་པའི་གདན་ས་ནས་བྱུང་ཞིང་ཕྱིས་གཙང་བཀྲས་ལྷུན་པར་སྒེར་བདག་ལྟ་བུར་གྱུར་པའི་མིང་ཚིག་གཅིག་ཡིན། གདན་སའི་དགེ་བཤེས་ལ་བཀའ་བཅུ་ཞེས་ཐ་སྙད་བཏགས་སྲོལ་ནུབ་ནས་ལོ་བརྒྱ་ཕྲག་ལྔ་ཙམ་ཕྱིན་ཡོད། སྡོམ་པའི་ཆ་ཤས་དང་འགལ་ཡང་རྩ་བའི་སྡོམ་ཁྲིམས་ཤོར་དོན་མེད་པ་རྒྱལ་ཁབ་ཀྱི་ཁྲིམས་ལ་ཆེ་ཆུང་སྣ་ཚོད་ཡོད་པ་དང་མཚུངས། གནམ་ལོ་ཁྱེད་ནས་ངེས་པར་ཤེས་དགོས་པ་ནི་གྲྭ་པས་རྫུན་ངེས་པར་བཤད་པའི་དགོས་སྐབས་ཀྱང་ཡོད་པར་མ་ཟད་བྱང་ཆུབ་སེམས་དཔར་མི་གསོད་ན་ཡང་དགེ་བ་རླབས་ཆེན་གསོག་པའི་གོ་སྐབས་དུ་མ་ཡོད། ནང་ཆོས་ནི་དགོས་པ་ཆེ་ཆུང་ལ་བལྟས་ན་འགྲོ་བ་ལས་ལྐུགས་པ་ཨུ་ཚུགས་ལྟ་བུ་ནམ་ཡང་མེད། མི་ནག་མདུང་ཐུང་དང་རཱ་ལོ་ཆེན་པོ་སོགས་ཀྱི་བྱུང་བ་ལ་ལྟོས་ཤིག
ཆོས་སྲིད་གཉིས་མེ་ཆུ་ལྟར་ཡིན་ཞེས་པའང་མཐོང་རྒྱ་བསྐྱེད་མ་ཐུབ་པའི་སྐྱོན་རེད། དུང་དཀར་ཚང་གིས་རྒྱའི་ངོ་བསྲུངས་ཏེ་ཆོས་སྲིད་ཟུང་འབྲེལ་ལ་དགག་པ་རྒྱག་པའི་ཁུལ་བྱས་འདུག་རུང་མདོ་རང་དུ་སྟོན་པ་རང་ཉིད་རྒྱལ་སྲིད་ཆོས་བཞིན་སྐྱོང་བའི་རྒྱལ་པོ་ཇི་ཙམ་གྱི་སྐྱེ་བ་བཞེས་པའི་ཚུལ་དང་། མདོ་དྲན་པ་ཉེར་བཞག་དང་། འདུལ་བ་ལུང་དང་། དཀོན་བརྩེགས་སོགས་ལས་ཆོས་བཞིན་དུ་སྲིད་བཟུང་བ་ཞེས་ཡང་ཡང་ཐོན་པ་དག་དང་།
མགོན་པོ་ཀླུ་སྒྲུབ་ཀྱིས། འཇིག་རྟེན་དང་ཡང་མི་འགལ་ཞིང་། །དམ་པའི་ཆོས་ཀྱིས་སྤྱོད་པར་མཛོད། །ཅེས་གསུངས་པ་དང་། སྡིག་སྤྱོད་བཟང་པོར་རྒྱལ་སྲིད་སྐྱོང་བའི་ཚུལ་སློབ་པ་ལྟར་རོ། །བོད་དུ་ཡང་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་མཛད་པ་དང་སྦྱར་ནས་རྒྱ་ཆེར་སྤྲོས་སུ་ཡོད་དོ། །ད་དུང་སྲིད་ཅེས་པའི་ཚིག་འདི་ཀའི་ཐོག་ནས་ཆོས་སྲིད་མི་འགལ་བའི་ཚུལ་དཔྱོད་ལྡན་མགུ་བའི་གཏམ་དུ་བྱ་མང་དུ་ཡོད་ཀྱང་ཚིག་ཚོགས་ཀྱིས་འཇིགས་ནས་མ་བྲིས་སོ། །

རྩོམ་རིག

Post navigation

Previous Post: ཚབ་ཁྲིད་དགེ་རྒན་གྱི་དཀའ་ངལ་ནི་སློབ་གསོའི་གནད་དོན་ལ་ཐུག་ཡོད།
Next Post: རྐུན་རྒྱབ་ཇག་ལངས།

Comments (17) on “སྤོབས་ལོ་གཉིས་ལ་བགྲོ་བ་ཁོང་སྐྲན་འབྱིན་བའི་རིན་ཆེན་ཟླ་ཤེལ་གསར་པ།”

  1. གཡུ་ཐོོག་བུ། says:
    2014-05-10 at 12:26 pm

    དོན་གྲུབ་བཀྲ་ཤིས་ལགས་ཀྱིས་ཁ་གསལ་གཏིང་གསལ་གྱི་སྒོ་ནས་གནད་དོན་གསལ་བཤད་ཅིག་སྤེལ་པར་ཡི་རངས་ཞུ།
    དེང་སང་སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་། མཁེ་དང་གྲགས་པའི་རྗེས་སུ་ཧོལ་རྒྱུག་བྱེད་བཞིན་པའི་དུས་འདིར། དོལ་རྒྱལ་རྗེས་འབྲངས་པ་དང་། དགྱ་ནག་ཚང་གིས་གསོ་སྐྱོང་མི་སྣ་དེ་དག་མངོན་སུམ་འཛེམས་མེད་ཀྱི་སྒོ་ནས་ཕྱིར་འབུད་ཀྱིན་འདུག དེའི་ཁྲོད་དུ་ཡོངས་གྲགས་སུ། སྤྲུལ་སྐུ་དབང་ཆེན་ཟེར་བ་དང་། ད་རེས་སྤོབས་པ་མཐའ་ཡས་ཅན་པོ་གཅིག་རྗེས་གཉིས་འཐུས་སུ་ཐོན་སོང་།
    དེ་དག་གིས་བོད་མིའི་བདེ་སྡུག་གླེང་ཁུལ་གྱིས་མདོ་དོན་༧གོང་ས་མཆོག་ལ་མཚན་སྨད་བཀུར་འདེབས་ཁོ་ནའི་འབོད་སྒྲ་གྲགས་སོང་།
    ངོ་མ། བོད་པ་ཚང་གིས་སྔོན་ཆད་སྤྱི་མཐུན་བསོད་ནམས་ཟད་པའི་དབང་གིས་དཀའ་སྡུག་དུ་མ་ཉོས་ཡོད། ད་དུང་ཡང་། བསོད་ནམས་ཡོངས་སུ་ཟད་པའི་ལྟས་ངན་སྒོ་ཀུན་ནས་མཐོང་ཡོང་དུས་ངོ་མ་དགོད་ཀྱི་རྣམ་ཐར་ཅི་ཞིག་མཐོང་ཨེ་ཡོང་སྙམ་པའི་བློ་སེམས་སྟོང་སིང་སིང་བྱས་སོང་།

  2. བཙན་བྱོལ་བ་ says:
    2014-05-11 at 12:22 am

    སྐུ་ཞབས་དོན་བཀྲས་རྣག་ཐོག་ཁབ་བཙགས་ཀྱི་རྩོམ་སྤེལ་བ་ལ་རྗེས་སུ་ཡི་རངས་ཞུ། ལར་ནས་སྤྲུལ་དབང་དང་སྤོབས་མཐའ་གཉིས་གཉིས་མི་གཅིག་མིན་པའི་རེ་བ་ཡོད། སྔ་མར་སྤྲུལ་དབང་གིས་རྩོམ་འཆལ་འདྲ་མིན་སྤེལ་བ་ལ་ཕྱོགས་ཡོངས་ནས་དགག་པ་རྒྱག་པ་ན། རྗེས་སུ་སྤོབས་མཐར་རྫུས་ནས་སླེབས་པར་དོགས།

  3. ལྷ་སྡེ་གནམ་ལོ་ཡག says:
    2014-05-11 at 12:42 am

    དེང་སྐབས་ཧ་ཅང་གི་ཉེན་ཁའི་དུས་ཤིག་ལ་སླེབས་འདུག འཛམ་གླིང་སྒང་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ལ་དོ་སྣང་ཅུང་སྤྲད་ཀྱིན་པ་ནི་༼ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་༽གཞིར་བཞག་ཡོད་པ་རེད་མ་གཏོགས་དགོས་པའི་ཕྱིར་དུ་འཚེ་བ་བྱེད་ཆོག་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་རེད། གལ་སྲིད་དགོས་པའི་ཕྱིར་དུ་འཚེ་བ་བྱེད་ཆོག་གི་ཡོད་ན། བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་ངོ་བོ་འགྱུར་ཚར་བ་རེད་ལ། བླ་མ་དང་གྲྭ་བ་ཚོའང་ལས་མེད་ཆགས་ངེས་རེད། རྒྱུ་མཚན་ནི་དགོས་པའི་ཆེད་དུ་འཚེ་བ་བྱེད་མཁན་ལ་རྒྱལ་ཁབ་སོ་སོར་དམག་མི་ཡོད་ཅིང་། དམག་དཔུང་ནི་དགོས་པའི་ཆེད་དུ་སྦྱོང་བརྡར་སྤྲད་པའི་འཚེ་བ་བྱེད་མཁན་གྱི་རུ་དཔུང་རེད། ཡིན་ནའང་། དགེ་བཤེས་དོན་བཀྲ་ལགས་ཀྱིས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་འདི་བཞིན་༼ལྟ་བ་རྟག་བརྟན་དང་། སྤྱོད་པ་འཚེ་བ་ཅན༽ལ་སྒྲུབ་འདུན་ཡོད་ན་གནས་ཚུལ་ཁ་ཁ་རེད། དེ་འདྲ་ཞིག་མ་རེད་དམ།

  4. ཚེ་རིང་། says:
    2014-05-11 at 2:39 am

    ཁ་ཆེ་ཆོས་ལུགས་ཀྱིས་དགོས་དབང་གིས་ཀླ་ཀློ་རྣམས་བསྒྲལ་ན་ཁོ་ཚོའི་དཀོན་མཆོག་གིས་ཡར་འདྲེན་གྱིས་རེད་ཟེར་བ་དང་། དགོས་དབང་གིས་ནང་པ་གྲྭ་པ་ཞིག་གི་ངོས་ནས་འཚེ་བ་བྱེད་ན་ཆོག་པ་ཟེར་བ་གཉིས་ལས་ཁྱད་པར་ཅང་འདུག་གམ།

  5. ཀརྡོ་གཉེར་ཕྱག་པ་ says:
    2014-05-11 at 2:52 am

    ཁ་ཆེ་ཀླ་ཀློ་ཡིན་ན། ཡི་ཤུ་ཡང་ཀླ་ཀློ་ཡིན་པ་གཅིག་མཚུངས་རེད་དོ།།

  6. ཀརྡོ་གཉེར་ཕྱག་པ་ says:
    2014-05-11 at 2:54 am

    ཁ་ཆེའི་ཇི་ཧཏ་ཀྱིས། རང་གི་ཆོས་དང་ཆོས་དད་པ་སྲུང་ཕྱིར། མི་གཞན་གསོད་པ་དང་། ནང་པའི་རང་གི་བླ་མ་དང་ཆོས། རྒྱལ་ཁབ་དང་མི་རིགས། རིག་གཞུང་དང་། སྐད་ཡིག་གི་ཆེ་དུ་རང་སྲོག་རང་གིས་བཅད་པ་གཉིས་ལ། ཁྱད་པར་ཆེན་པོ་ཡོད་རེད་གདའ།

  7. ཨ་ཕྱི་ཆོས་སྒྲོན says:
    2014-05-11 at 3:08 am

    དུས་རབས་འདིར་་་སྤོབས་པ་དང་ལྷ་སྡེ་གནམ་ལོ་ཡག་དང་རྒྱལ་བ་སང་ད་ལྟ་ཡིན་ན་བོད་མི་དམངས་བཅོས་མ་ཡིན་པ་འདྲ་འདྲ་རེད། བགྲོ་གླེང་ཡིན་འདོགས་ཀྱི་སྐད་ཆ་འདི་རིགས་གཟུར་གནས་མ་སོང་བར་མ་ཟད་སྐུ་དྲག་རྙིང་ཞེན་ལས་དམངས་གཙོ་མེད་པ་ཞིག་བཟོས་འདུག

  8. གཅོད་པ། says:
    2014-05-11 at 7:12 am

    གནམ་ལོས་ཆོས་ཀྱི་གནད་དོན་གང་མང་ཞིག་ད་དུང་རྟོགས་མེད་པ་འདྲ།
    ཁག་མེད།
    འདི་དག་སྐྱེ་བུ་ཕལ་བ་དག་གི་ཡིད་ལ་འཇུག་དོག་ཙམ་ཁག་པོ་ཡོད་རེད

  9. བསྟན་འཛིན says:
    2014-05-11 at 7:33 am

    རྩོམ་ཡིག་འདིའི་བརྗོད་བྱ་བརྒྱ་ཆ་བརྒྱ་བདེན་པ་རེད།གནམ་ལོའི་མཆན་ལ་མ་ཤེས་བའི་སྐད་ཆ་མང་པོ་འདུག

  10. དོན་འགྲུབ་བཀྲ་ཤིས། says:
    2014-05-11 at 10:07 am

    གནམ་ལོ་ཅན་རྟག་ཏུ་བོད་ཀྱི་སྐད་ཡིག་ལ་སྦྱངས་པ་བྱེད་དགོས་པར་མཐོང་། གང་ཡིན་ཞེ་ན། དགོས་དབང་གིས་དྲག་པོ་བྱེད་དགོས་པ་ཡོད་ཀྱང་དེ་ལ་དགོས་དབང་གིས་འཚེ་བ་བྱེད་པ་ཞེས་ཐོགས་དོན་མེད་དེ། འཚེ་བ་ནི་ཕྱོགས་ཡོངས་ནས་དགོས་པ་མེད་པར་རང་གཞན་སུལའང་གནོད་པའི་དོན་ཅན་ཞིག་ཡིན་ལ། དྲག་པོ་ལ་གཞན་ལ་ཕན་སེམས་ཀྱིས་བྱེད་པའང་ཡོད་པས་འཚེ་བ་དང་དྲག་པོ་གཉིས་ལ་ཁྱད་པར་དབྱེ་ཤེས་དགོས། ཕ་མས་བུ་ཕྲུག་ལ་དྲག་པོ་བྱེད་པ་ཀུན་སློང་བཟང་པོས་བྱེད་་ཡིན་པས་དེས་ཕྲུ་གུ་ལ་འཚེ་བ་བྱེད་པར་མི་འགྲོའོ། །བོད་ཀྱི་བསམ་བློ་དགའ་རབས་ཤིག་ཡིན་ཁུལ་ཡིན་ན་སྔོན་དུ་ཚིག་ལ་མ་རྨོངས་ཤིག

  11. ཁ་ཐུག says:
    2014-05-11 at 10:24 am

    ཨ་ལེ་དེ་འདྲ་ཡིན་པ་རེད། ཆོས་ལུགས་པས་མི་གསོད་ནའང་ཕན་སེམས་ཀྱི་ཐོག་ནས་བསད་པས་འཚེ་བ་མིན་པ་རེད། ཧཧཧ སེར་འབྲས་གཉིས་ཀྱིས་གྲྭ་དམག་བརྒྱབས་དུས་བོད་མི་དམར་གསོད་བྱས་པ་རྣམས་འཚེ་བ་མིན་པ་རེད། ཁྱོད་ཚོས་མི་གསོད་ནའང་འཚེ་མེད་ཨེ་རེད། ཞི་བདེ་ཨེ་རེད། སྣང་བ་མི་འགྲོ་པའི་སྐད་ཆ་རང་རེད།

  12. ཞོལ་གཡག་འབྲོང་རྒྱུད། says:
    2014-05-11 at 1:01 pm

    ཕ་མས་བུ་ཕྲུག་ལ་དྲག་པོ་བྱེད་པ་ཀུན་སློང་བཟང་པོས་བྱས་ཡིན་པས་དེས་ཕྲུ་གུ་ལ་འཚེ་བ་བྱེད་པ་ལ་མི་འགྲོའོ།
    བཤད་སྲོལ་འདི་དང་བསམ་བློའི་འཁྱེར་བཟོ་འདིས་བོད་པའི་སྤྱི་ཚོགས་ནང་དགེ་རྒན་དང་ཕ་མ་མི་ཉུང་བ་ཞིག་གིས་ནར་མི་སོན་པའི་བྱིས་པ་འགའ་རྐྱེན་ལམ་དུ་བཏང་ཡོད་ལ་ནད་གཅོང་བཟོས་པ་ཡང་ཉུང་ཉུང་གཏན་ནས་མ་རེད། ལར་ནས་རྒྱལ་སྤྱི་དང་ལྷག་པར་དུ་དམངས་གཙོའི་ཁྲིམས་ལུགས་རང་བཞིན་སྐྱོང་བའི་ནུབ་ཕྱོགས་པའི་ཡུལ་གྲུ་ཁག་ནང་ཕ་མས་བུ་ཕྲུག་ལ་དྲག་པོ་བྱས་པ་ཡིན་ན་ཁྲིམས་ཐོག་ནས་བཙོན་རྭར་འགྲོ་རྒྱུའི་ཉེས་པ་བསགས་པ་ལས་ཀུན་སློང་བཟང་ངན་གྱི་རྣམ་དབྱེ་འཇོག་གཞི་ཁོ་རང་ཡོད་པ་མ་རེད།

  13. ཨ་ནུ་ཐང་བསོད་ནམས། says:
    2014-05-11 at 2:45 pm

    ༣༽བོད་མི་གཅིག་སྒྲིལ་ཡོང་བ་ལ་རྒྱུ་རྐྱེན་སྣ་ཚོགས་ཡོད་པའི་ནང་གཅོ་བོ་བྱེད་གོང་ས་མཆོག་མིན་ཞིང་རྒྱ་ནག་ཡིན་པ་གོང་ས་མཆོག་གིས་ཀྱང་ངོས་ལེན་བྱེད་ཀྱིན་ཡོད་ཀྱང་། བཀྲ་དོན་གྱིས་མི་བྱེད་དགོས་བའི་གནད་དོན་ནི་རང་གི་ཞེན་འདོད་དང་མ་མཐུན་པས་ཡིན་པ་གསལ་བོ་རེད། དེ་ལས་ལྷག་གི་སྒྲུབ་བྱེད་གཞན་མི་འདུག རྒྱུ་མཚན་ནི། ཁོས་དུས་རྒྱུན་གསུངས་བའི་སྒྲུབ་བྱེད་སྐྱར་ཟློས་ལས་གསར་བ་ཅི་ཡང་མི་འདུག

    ༢༽རྫུན་བཤད་ན་ལྟུང་བ་འབྱུང་བ་སངས་ཆོས་ཀྱི་དགོངས་བ་ཡིན་པ་མ་ཟད། ངག་གི་རྣམ་པ་གསུམ་གྱི་ཁོངས་གཏོགས་ཡིན་ལ། ལྷག་པར་དུ་མི་ཆོས་བླ་མའི་ཆོས་རྫུན་བཤད་ན་ལྡོམ་པ་ཤོར་བའི་ཉེས་བ་འབྱུང་བ་སངས་ཆོས་ཀྱི་དགོངས་བ་གསལ་བོ་ཡིན་པ། ཡིན་ཡང་། ཉིད་ཀྱིས་གསུངས་བ་བཞིན་རྫུན་ལ་ཆེ་ཆུང་དང་ཡང་ལྕི་ཡོད་པ་བདེན་ཡང་། དོན་དམ་རྫུན་འདི་སྤངས་བྱ་ཡིན་པ་སངས་ཆོས་ཀྱི་དགོངས་བ་ཡིན་པ་འགལ་མེད་ཡིན་པས་གནམ་ལོ་ཡག་ལ་མཐའ་གཅིག་ཏུ་ནོར་མི་འདུག

    ༣༽མུན་ནག་མདུང་ཐུང་བསད་པའི་གཏམ་རྒྱུད་དང་ཆེན་པོའི་ཆེད་དུ་ཆུང་ངུ་བཏང་དགོས་རྒྱུའི་བསླབ་བྱ། དྲག་པོའི་ལྷ་སྐུ་དང་སྲུང་མ་བཞེངས་ནས་མི་མང་ལ་འཇིགས་སྐུལ་བྱེད་པའི་ཆོ་ག་དང་ཕྱག་ལེན་འདི་དག་དྲག་པོའི་ཁོངས་སུ་འགྲོ་བ་མ་ཟད། གཏོར་མའི་འཕྲུལ་འཁོར་སོགས་ཀྱིས་མི་མང་ལ་འཇིགས་སྣང་སྐུལ་ནས་སངས་ཆོས་ལ་སྒྱུར་བ་ཉུང་ཉུང་མིན་ལ། དེ་དག་གིས་མ་འདང་སར་དེ་སྔོན་དམག་མི་ཡོད་ན་དམག་མི་བཏང་བའི་ལོ་རྒྱུས་ཡོད། དེ་བརྟེན། ཉམས་ཞིབ་པ་མང་པོས་སངས་ཆོས་འདི་ཞི་བའི་ཆོས་ལུགས་ཁོ་ན་མིན་པ་ངོས་འཛིན་བྱེད་ཀྱིན་ཡོད། ལྷག་པར་དུ་འབར་མ་དང་སེང་ག་ལ། ཐ་ལེན་དྲ་སོགས་སུ་སངས་རྒྱས་ཆོས་ལུགས་པས་ཆོས་ལུགས་གཞན་ལ་དེ་ཙམ་གུ་ཡང་བྱེད་ཀྱིན་མེད་པས་རེད། འོན་ཀྱང་། དེ་དག་ལ་མ་ལྟོས་བ་ཆོས་ལུགས་གཞན་མང་པོ་དང་བསྡུར་ན་སངས་ཆོས་འདི་ཞི་བའི་ཆོས་ལུགས་ཤིག་ཡིན་པ་མ་ཟད། གང་ཐུབ་ཀྱིས་མི་མང་གྲྭ་བ་བཟོས་ཤིང་རིགས་རྒྱུད་བཀག་པས། ཕུགས་རྒྱང་རིང་པོ་ཆོས་ལུགས་རང་ཉིད་དང་དེའ་ིའཇུག་པ་ཚོ་ནུས་མེད་ནས་ཉམ་ཆུང་དུ་སྒྱུར་བྱེད་ཀྱི་ཆོས་ལུགས་ཤིག་ཀྱང་ཡིན།

    ༤༽སངས་ཀྱི་ཁྲོད་དུ་མི་རྣམས་ལ་ཞི་བར་འདུལ་བྱེད་ལས་དྲག་པོ་སྒྱུར་བྱེད་ཀྱི་ཐབས་ལམ་དང་རིག་པ། ལམ་སྟོན་སོགས་ཁ་གསལ་ཅི་ཡང་མེད་ཅིང་། ཡོད་པ་ནི་མི་ནག་མདུང་ཐུང་ལྟ་བུ་གཏམ་རྒྱུད་རེ་ཟུང་དང་། དྲག་སྔགས། དྲག་པོའི་ཆོ་ག་ཕྱག་ལེན་ལས་ཅི་ཡང་མེད། དེ་ནི་དུས་དང་མི་མཚམས་ཤིང་ནུས་བ་མེད་པ་རྒྱ་དམག་བོད་དུ་ཡོང་དུས་གསལ་བོ་ཆགས་ཟིན་ཡོད། བོད་པ་རྣམས་ཀྱིས་རྒྱ་དམག་ཟློག་ཆེད་དུ་གཏོར་མ་འཕངས་བ་དེ། ལྟོག་ཤི་ཉེ་བའི་རྒྱ་དམག་གིས་ཟོས་ཤིང་། དམག་བརྒྱབས་ནས་བོད་པ་ཕམ་པའི་ལོ་རྒྱུས་ཡོད་པ་བཞིན་རེད། ལྷག་པར་དུ་དྲག་སྔགས་དེ་དག་གི་འབྱུང་ཁུངས་སངས་ཆོས་ཡིན་མིན་རྩོད་གཞི་དང་ཞིབ་འཇུག་གི་གནས་ཤིག་རེད།

    མདོར་ན། སངས་ཆོས་དར་སྤེལ་བཏང་མཁན་མང་པོ་གཡོ་སྒྱུ་ཅན་ཞིག་རེད་ཅེས་ངས་སྔོན་ཆད་ནས་ངོས་འཛིན་བྱས་ཡོད་ལ། དེ་དག་གི་སྐོར་ལ་རྩོམ་ཡིག་ཅིག་བྲིས་ཁུལ་བྱས་མྱངས་ཡོད། མགོ་བདེ་ཡི་ཆོས་བྱེད་མི་སྣ་ཁག་གིས་ཞི་བ་མཁོ་སྐབས་སངས་ཆོས་ཀྱི་ཞི་བ་ཡིན་ཚུལ་གྱི་སྒྲུབ་བྱེད་སྣ་ཚོགས་བསྒྲིགས་ལ། དྲག་པོ་མཁོ་ས་ལ་དྲག་པོའི་ཆོས་ལུགས་སམ་ཞི་དྲག་གཉིས་ལྡན་ཡིན་ཚུལ་གྱི་སྒྲུབ་བྱེད་སྣ་ཚོགས་བཀོོད་ཀྱིན་ཡོད། གལ་སྲིད་སངས་ཆོས་ནི་དྲག་ཆོས་ཡིན་ན་དེའི་ཁྲོད་ནས་མི་རྣམས་ལ་དྲག་པོའི་སྦྱང་བརྡར་སྤྲད་བྱེད་ཀྱི་བསྟན་བཅོས་ག་ཚོད་ཅིག་འདུག སྟོན་དང་ཀྱེ། མི་ནག་མདུང་ཐུང་དང་དྲག་སྔགས་ལྟ་བུ་གཏམ་རྒྱུད་མིན་པ། དོན་དངོས་མི་སེམས་ལ་དྲག་ཤུགས་ཐེབས་བྱེེད་དང་། དམག་འཁྲུག་གི་མྱོང་བ་ཐོབ་བྱེད་ཀྱིན་བསྟན་བཅོས་ག་ཚོད་འདུག དེ་དག་ནི་ཞི་བར་སྒྱུར་བྱེད་དང་བསྡུར་ན་ཉི་མ་དང་མེ་སྟག་བསྡུར་བ་ཞིག་མ་ཡིན་ནམ།

    ༥༽དུང་དཀར་གྱིས་རྒྱ་ནག་གི་གདོང་ལ་ལྟོས་ནས་ཆོས་སྲིད་ཟུང་འབྲེལ་མི་བཟང་ཚུལ་སྒྲུབ་པ་ལས། དོན་དངོས་ཆོས་སྲིད་ཟུང་འབྲེལ་ལེགས་ཚུལ་གསུངས་བ་འདི་ནི་ཆེད་མངགས་ཀྱིས་རྩོད་པ་བྱེད་འདོད་ཀྱི་བརྡ་རྟགས་དང་། སྒྲུབ་བྱེད་མེད་ཀྱང་ཨུ་ཚུགས་མཐའ་སྐྱེལ་གྱིས་ལངས་ཕྱོགས་བརྟན་པོ་བཟུང་བ་ལས་ཅི་ཡང་མི་འདུག དེ་ནི་མངོན་སུམ་ལ་སྙོན་པའི་རྒོལ་བ་ལས་གཞན་དུ་མེད་པས། རྩོད་པ་བྱས་ཀྱང་དོན་མེད་རེད། རྒྱུ་མཚན་ནི། དོན་དངོས་དེ་ལྟར་བསམ་ན་ལོ་ངོ་བརྒྱ་དང་གཉིས་བརྒྱའི་གོང་གི་འཇིག་རྟེན་ལྟ་ལྟངས་ལས་དེང་མི་མཐུན་པས་ཡིན།

  14. ཨ་ནུ་ཐང་བསོད་ནམས། says:
    2014-05-11 at 2:51 pm

    གང་ལྟར་བཀྲ་ཤིས་དོན་འགྲུབ་ཀྱིས་ཐུགས་བསམ་མང་དུ་བཏང་ནས་བྲིས་བའི་རྩོལ་ཡིག་ལ་དགའ་བསུ་ལས་དགག་བྱ་ཅི་ཡང་མེད། གོང་བཀོད་པའི་གནད་དོན་དེ་དག་ནི་ཕྲན་གྱི་བསམ་ཚུལ་ཁག་དྲང་མོ་ཞུས་བ་ལས་ཅི་ཡང་མིན་པས། ཐུགས་ལ་ཕོགས་ན་དགོངས་དག་ཡོད། དགེ་འདུན་བཟོད་པའི་རང་བཞིན་རེད།། ཐུགས་ཁྲོ་བ་ཡོད་ཀྱང་འཛིན་པ་མེད།། ཅེས་བའི་དོན་ལ་གནས་བ་ཤོག

  15. བསམ་ཤེས། says:
    2014-05-11 at 4:17 pm

    ཆོས་ཁས་ལེན་ཡོད་མེད་ཁྱད་པར་མིན་འདུག་རྒྱལ་བ་རིན་པོ་ཆེར་གུས་ཞབས་བྱེད་མིན་ཡང་ཁྱད་པར་མིན་འདུག གཙོ་བོ་མི་དྲང་པོ་ཞིག་བྱེད་དགོས། སྤོབས་པ་དེ་བོད་མི་རིགས་ཀྱིས་བྱམས་དང་སྙིང་རྗེས་གསོ་སྐྱོང་བྱས།

    ཆོས་དང་རིག་གཞུང་གི་ཡོན་ཏན་ཏིལ་འབྲུ་ཙམ་ཤེས་པ་འདི་ཡང་བོད་མི་རིགས་ཀྱིས་གྲོགས་བྱས། ད་ལྟ་འགྲོ་ས་དང་སྡོད་ས་ཚུན་བྱས་བོད་མི་རིགས་ཀྱིས་དྲིན་བྱས་པའི་གནས་སྟངས་ལ་བལྟོས་ནས། བོད་མི་རིགས་ཀྱི་བཀའ་དྲིན་ལ་དྲིན་ལན་ལོག་འཇལ་གྱིས། བོད་མི་རིགས་ཀྱི་སྙིང་ལྟ་བུའི་རྒྱལ་བ་རིན་པོ་ཆེས། བོད་མི་རིགས་དཀའ་ངལ་ཆེ་ཤོས་ཀྱི་དུས་ཚོད་ལ། དཀའ་ངལ་ལྷུར་ལེན་གྱིས་བོད་མིའི་སྡུག་བསྔལ་ཟད་ཐབས་མཛད་བཞིན་པའི་སྐབས་ལ།

    རང་གིས་ཤེས་པའི་ཡི་གེ་ཚིག་འབྲུ་རེ་རེ་བཞིན་བཀོལ་ནས་ཁོང་ལ་མཐོང་ཆུང་དང་འགོག་རྐྱེན་བྱེད་པ་འདི་ལ་ང་དགའ་མ་སོང་། འདི་ལ་བདེན་པ་དང་རྫུན་དང་། ཆོས་པ་དང་ཆོས་མེད་དང་། ཁམས་པ་དང་ཨ་མདོའི་འབྲེལ་བ་མེད།

  16. ལྷ་སྡེ་གནམ་ལོ་ཡག says:
    2014-05-11 at 8:18 pm

    ཨ་ནུ་ཐང་ལགས་ཕེབས་ནས་ཡང་འགྲེལ་རྒྱས་པོ་ཞིག་གནང་བར་ཐུགས་རྗེ་ཆེ། ད་འདི་ལྟར་ངོ་མ་འཕྲོད་ཚེ་སྟོན་པ་ཤཀྱཱ་ཐུབ་པ་ཕེབས་ནའང་ཕན་ཐོགས་ཡོད་ས་མ་རེད། ད་དུང་བསྲེག་བཅད་བརྡར་གསུམ་བླ་མའི་དགོངས་པར་འགལ་རྐྱེན་བཟོ་བྱེད་རེད་ཅེས་རྩོད་པ་རྒྱག་ས་རེད།

  17. ཀརྡོ་གཉེར་ཕྱག་པ་ says:
    2014-05-12 at 1:29 am

    ་་་་་་ དཔའ་བོ་ཁོང་རྣམས་ཀྱིས་ང་ཚོར། ༸རྒྱལ་བ་རིན་པ་ཆེ་མེད་ན་བོད་མེད་ལ། རྒྱལ་བ་རིན་པོ་ཆེ་ཡོད་ན་བོད་ཡོད་ཅེས་པའི་སྡོམ་ཚིག་འདི་འདྲ་ཞིག་བཞག་པ་རེད། ་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme