Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲག་ཏུ་མྱོས་པ།

Posted on 2010-01-20 By དབང་ཕྱུག་ 3 Comments on དྲག་ཏུ་མྱོས་པ།

རྫ་ཚེ་རིང་བཀྲ་ཤིས་ནས།

ཨོྂ་ཆོས་མཆོག་མ་ཎི་པདྨེ་ཧཱུྃ། །
ཡང་དག་གི་ཆོས་ལ་གསོལ་བ་འདེབས། །
སེམས་དུང་དུང་གཉོམ་གཉོམ་གྱི་དྭ་ཕྲུག་གི །
ངག་སྐྱོ་གདུང་གི་གླུ་སྣ་དྲང་རོགས་མཛོད། །
དགུང་སྔོན་མོ་ན་ཉི་ཟླ་ཀྱི་ལི་ལི།
ས་དོག་མོ་ན་རྒྱ་མཚོ་མེ་རེ་རེ།
རི་འདབ་དྲུག་ན་སྤང་ཐང་རྒྱ་ཆེ་ཆེ། །
ཕྱོགས་མཐའ་བརྒྱད་གྱི་གངས་རི་དཔང་རེ་མཐོ། །
འབྲུ་ལོ་ཡག་གི་ཞིང་ས་ཐེམ་སྐས་བཞིན། །
སྨན་ཡར་སྐྱེས་ཀྱི་མགོ་ལྕོག་ལྡེམས་སེ་ལྡེམ། །
རྫིང་ཡུལ་ཆུ་དང་འབབ་ཆུ་གྱ་མ་གྱུ། །
མཐོ་ཉི་ཟེར་གྱི་འོད་སྣང་ས་ལ་དྲོ། །
ཕྱུགས་བེའུ་ལུག་གི་རྩེད་དྲོ་བག་རེ་དྲོ། །
འབྲོང་འབྲི་གཡག་གི་ངུར་སྒྲ་དི་རི་རི། །
ལུག་གཡང་དཀར་གྱི་འབའ་སྒྲ་འུ་རུ་རུ། །
རྟ་མདོ་དྲུག་གི་མཚེར་སྐད་ལྷང་སེ་ལྷང༌། །
སྟག་ཕོ་ཤར་གྱི་བློ་རྩ་བརྟན་ལ་བརྗིད། །
སྨན་མོ་སྐྱེས་ཀྱི་ཤ་རྩ་དཀར་ལ་དམར། །
གདོང་ཕ་ཁུ་ཡི་ངག་ལ་བུ་ཚས་ཉན། །
ལྷ་བླ་མ་ཡི་བཀའ་ལ་འབངས་མིས་བརྩི། །
ས་སྐོར་གསུམ་དང་རུ་བཞི་སྒང་དྲུག་སྟེ། །
ཡུལ་གཉན་པོ་འདི་འཛམ་གླིང་གི་ཡང་རྩེ་ཡིན། །
ཆོས་ཆེན་པོ་མ་ཎི་པདྨེ་ལ། །
བྱམས་བརྩེ་ཡི་བདུད་རྩི་རང་འཛགས་ཡིན། །
སྡེ་བུ་རྟ་རྩི་རྩི་གྲངས་མེད་ལ། །
བློ་ཤེས་ཆེན་དང་དཔྱོད་ཆེན་མང་པོ་ཡོད། །
ལྷ་བླ་མ་ཡར་འདྲེན་གྱི་སྐྱབས་གནས་ལ། །
ནང་སེམས་རྒྱུད་དག་པའི་ཡོན་ཏན་ཡོད། །
ས་དེ་ན་ང་ཡི་སྐྱབས་གནས་ཏེ།
རྗེ་ྋརྒྱལ་བ་དང་པན་ཆེན་རྣམ་གཉིས་བཞུགས། །
འདི་ཡ་ཐོག་བསྐལ་པའི་ལོ་རྒྱུས་རེད། །
སྲིད་པ་གནའ་མིའི་གཏམ་དཔེ་རེད། །
ཕ་མེས་པོ་གཉིས་ཀྱི་དུས་སྐབས་རེད། །
བུ་ཚ་བོ་གཉིས་ཀྱི་རྣ་ཐོས་རེད། །
འདི་བཤད་ན་གཞི་བྱེས་སྤུན་ཟླ་ཀུན། །
མིག་ཁྲ་ཆུང་གི་མཆི་མ་ཐ་ར་ར། །
དེ་རིང་དང་སང་གི་མདུང་གང་ལ། །
དཔལ་གྲུ་འཛིན་གསེར་གྱི་བ་གམ་དང༌། །
མཁར་ཕོ་བྲང་རྒྱལ་མཚན་མཐོན་པོ་གཉིས། །
ནང་བདག་པོ་མེད་པའི་ཁང་སྟོང་ཡིན། །
ཡུལ་ཆོལ་གསུམ་བོད་ཀྱི་རྒྱལ་ཁམས་ཀྱི། །
འབངས་དད་ལྡན་གྱི་སྐྱེ་བོ་གྲངས་མེད་ཅིག། །
གོང་དཔོན་པོ་མེད་པའི་གཡོག་པོ་དང༌། །
དྲིན་ཕ་མ་མེད་པའི་དྭ་ཕྲུག་ཡིན། །
རྗེ་ྋརྒྱལ་བ་ལྷོ་ཡི་ཡུལ་དུ་ཕེབས། །
གཙང་པན་ཆེན་ནག་པོའི་བཙོན་དུ་བཅུག །
འབངས་མི་སེམས་ལ་སྡུག་གི་ན་བུན་འཐིབས། །
ཨ་རེ་ཤི་བླ་མ་དཀོན་མཆོག་མཁྱེན། །
ལོ་ཉི་ཤུ་ལྷག་གི་ཡར་སྔོན་དེར། །
སྤྲིན་ནག་པོའི་འཐིབས་དྭངས་རེས་མོས་ཁྲོད། །
གཙང་པན་ཆེན་སྣང་བ་མཐའ་ཡས་དེ། །
བོད་མི་མང་གི་ཐད་ལ་ཐེངས་གཅིག་ཕེབས། །
ཕྱག་དྲོད་འཇམ་གྱི་དབང་བསྐུར་ཐེངས་གཅིག་གནང༌། །ཞལ་དགྱེས་འཛུམ་གྱི་འོད་དཀར་ཐེངས་གཅིག་སྤྲོས། །
ཞབས་གསེར་འཁོར་གྱི་ཁ་ལོ་ཐེངས་གཅིག་བསྒྱུར། །
འདིའདི་དྲན་དུས་ཡ་ཁུང་མཆི་མས་བརྣངས། །
སྐུ་བརྗིད་པ་རི་རྒྱལ་ལྷུན་པོ་དེ། །
ས་བྱང་ལམ་གྱི་མཐའ་ལ་ཐེངས་གཅིག་ཕེབས། །
གསུང་ལྷད་མེད་ཕ་མའི་ཁ་ད་དེས། །
འབངས་སྐྱབས་མེད་ལ་ལམ་སྟོན་ཐེངས་གཅིག་གནང༌། །
ཐུགས་བརྩེ་བ་མཐའ་ཡས་རྒྱ་མཚོ་དེས། །
ཡུལ་གངས་ཅན་གྱི་ས་གཞི་ཐེངས་གཅིག་བརླན། །
བོད་གངས་ཅན་གྱི་སྐད་དང་ཡི་གེ་གཉིས། །
འཇིག་ཉེན་གྱི་གཡང་ལས་ཐེངས་གཅིག་བསྐྱབས། །
དབྱར་མེ་ཏོག་སྨིན་པའི་སྤངས་ཐང་གི །
འབྲོག་སྦྲ་གུར་གྱི་བྲང་ས་ཡངས་པོ་ནས། །
རྟ་མདོ་དྲུག་ལ་སྒ་སྟན་རང་འགྲིག་གིས། །
སྟག་ཤར་བས་དཔའ་ཆས་རང་འགྲིག་གིས། །
སྨན་བུ་མོས་གོས་རྒྱན་རང་འགྲིག་གྀས། །
ཆུང་བྱས་པའི་ལག་ཆུང་རང་འགྲིག་གིས། །
ལག་དར་དཀར་གཡོབ་ཀྱིན་ཁྱེད་ལ་བསུས། །
ཁས་གསོལ་བ་འདེབས་ཀྱིན་ཁྱེད་རང་བསུས། །
བསང་རླུང་རྟའི་དར་མདུང་སྤུངས་སེ་སྤུང༌། །
དབྱངས་ཀི་བསྭོ་ཡི་འབོད་པ་དི་རི་རི། །
གདོང་དགའ་བའི་འཛུམ་མདངས་ཀྱི་ལི་ལི། །
སེམས་མོས་གུས་བརྟན་པོས་ཁྱེད་ལ་བསུས། །
ཁྱེད་ཕེབས་འཁོར་གྱི་ཐོག་ལ་བཞེངས་བཞིན་དུ། །
སྟེང་གདུགས་བསྐོར་གྱི་འདབས་མ་གྱ་གྱུའི་འོག །
སྐུ་ལྟ་བས་ཆོག་མི་ཤེས་པ་དེ། །(མཚམས་འདི་ནས་ང་དངོས་སུ་ངུས་པ་ཡིན)སྤྱན་ཐོ་རངས་གི་དཀར་ཆེན་བཀྲག་འདྲ་དེ། །
ཕྱག་གླང་ཆེན་གྱི་སྣ་ལྟར་རིང་བ་དེ། །
གསུང་གཡུ་འབྲུག་གི་ང་རོ་ལྡིར་འདྲ་དེ། །
དཔལ་ལྷུན་གྲུབ་ཀྱི་ཉི་མ་རང་ཤར་དེས། །
ས་མདོ་དབུས་ཀྱི་རྨི་ལམ་ཐེངས་གཅིག་དཀྲོགས། ། །
བོད་གངས་ཅན་གྱི་སྡུག་བསྔལ་བསལ་བའི་ཆེད། །
སྐུ་སྲོག་ལ་ལྟོས་པ་མ་མཆིས་པར། །
མགོན་མེད་ཀྱི་དྭ་ཕྲུག་ཐང་གང་ལ། །
མགོ་བཅིངས་ཀྱི་ཐེག་པ་ཁྱེད་ཀྱིས་གནང༌། །
འདི་སྡུག་པའི་ནང་གི་སྐྱིད་པ་སྟེ། །
སྐྱིད་རྨི་ལམ་གྱི་ལྟད་མོ་ཐེངས་གཅིག་ཙམ། །
རྨི་ལམ་གྱི་དུས་འདི་ཡུད་ཙམ་ཡང༌། །
ཡིད་དྲན་འཛིན་གྱི་ཀློང་ན་གསལ་ལྷང་ལྷང༌། །
རྗེ་ྋརྒྱལ་བ་ལ་དམ་ཚིག་རི་ལྟར་བརྟན། །
འབངས་མི་མང་ལ་བརྩེ་བ་མཚོ་ལྟར་ཟབ། །
ནང་རིག་གཞུང་ལ་དུང་བ་མེ་ལྟར་འབར། །
འདི་ཁྱེད་ཀྱི་རྣམ་ཐར་གྱི་སྙིང་པོ་ཡིན། །
ཁྱེད་གར་བཞུད་ཀྱི་ཞབས་རྗེས་རེ་རེ་དང༌། །
གར་བཞུགས་ཀྱི་ཞག་མལ་རེ་རེ་ན། །
བོད་གངས་ཅན་ལ་ཕུལ་བའི་ལེགས་སྐྱེས་དང༌། །
བུ་ཚ་རབས་ལ་བཞག་པའི་རེ་བ་རེ། །
དེ་འོན་ཀྱང་དེ་རིང་གི་ཉིན་མོ་འདིར། །
འདི་ཡོད་ཚད་མདང་གི་རྨི་ལམ་བཞིན། །
ཡང་ན་ནམ་ལངས་ཀྱི་སྐར་མ་བཞིན། །
སེམས་དྲན་སྣང་གི་ཡོལ་བར་མཆིས་པ་ཙམ། །
བཟའ་སྒྲ་གཅན་གྱིས་ཟླ་བ་བཟུང་བ་བཞིན། །
སྟོན་ནམ་གཞུག་གི་ཤིང་ལོ་ལྷུང་བ་བཞིན། །
གནས་ལྷ་ས་དང་ཐ་མའི་ཞལ་གྱེས་མཛད། །
ལྷ་ཇོ་བོ་ལ་ཐ་མའི་གྱེས་ཕྱག་གནང༌། །
ཁྱེད་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ཞིག། །
ཁྱེད་རླབས་ཆེན་གྱི་མི་བོ་དམ་པ་ཞིག།།
ས་རྒྱང་བཞུད་ཀྱི་མགྲོན་པོར་ཆས་པ་དེ། །
དུས་ནམ་ཡང་སེམས་ལ་བརྗེད་ཐབས་མེད། །
ཕ་ྋརྒྱལ་མཆོག་དེ་ཁྲི་ལ་མ་ཕེབས་གོང༌། །
བོད་རང་ས་དེ་རང་གིས་མ་ཟིན་གོང། །
སྤུན་གཞི་བྱེས་ཀྱི་ཞལ་ངོ་མ་འཛོམས་གོང༌། །
ཁྱེད་དེ་ལྟར་ཕེབས་པ་ཕོད་ལགས་སམ། །
ངས་དེ་རིང་མི་ལོ་ཉི་ཤུའི་རྗེས། །
ཡུལ་གྱར་གྱི་སྐྱོ་གར་ཐུ་མོའི་ནང། །
རེ་དོགས་ཀྱི་ཚོར་སྣང་སྐྱུར་པོའི་ཁྲོད། །
ཁྱེད་གཤེགས་པའི་དྲན་གདུང་གླུ་རུ་བླངས། །
སེམས་སྙིང་རླུང་སྟོད་ལ་འཚངས་བཞིན་དུ། །
རྗེ་ྋཔན་ཆེན་ཡིད་ལ་འཁོར་བཞིན་དུ། །
མིག་མཆི་མས་མཐོང་ལམ་སྒྲིབ་བཞིན་དུ། །
ཡིད་བཅོས་མིན་གྱི་གླུ་ཆུང་འཕྲུལ་ལ་ཕབ། །
ཅེས་པ་འདིའང༌། ྋཀུན་བཟིགས་པན་ཆེན་ཐམས་ཅད་མཁྱེན་པའི་རྣམ་ཐར་དང་མཛད་པར་བཅོས་མ་མིན་པའི་དད་པ་དང་དྲན་གདུང་ལ་ཡིད་རྩེ་གཅིག་ཏུ་མཉམ་པར་བཞག་པས་ཉེ་བར་བསྐུལ་ཏེ། ྋམགོན་པོ་ཐམས་ཅད་མཁྱེན་པ་གང་ཉིད་ཁ་བ་གངས་ཅན་གྱི་ལྗོངས་དང་གཏན་ཞལ་གྱེས་ནས་མི་ལོ་ཧྲིལ་བོ་ཉི་ཤུ་ཟིན་པའི་ཁྱད་པར་གྱི་དུས་དྲན་ཉིན། སྐུ་ཞབས་བོན་རྒྱ་སོགས་ཀྱི་བཀོད་སྒྲིག་གིས་དུས་བབ་དྲ་ཚིགས་ཀྱི་ཁོང་དག་གི་ཟིན་བྲིས་སུ་རྗེས་དྲན་བགྲོ་གླེང་གི་བྱ་འགུལ་བཀོད་སྒྲིག་གནང་བའི་བརྗོད་གཞིའི་ཁོངས་སུ་རྗེས་དྲན་སྒྱུ་རྩོམ་གྱི་ལེ་ཚན་བཟོས་གནང་བར་མཉམ་ཞུགས་མཚོན་བྱེད་ཙམ་དུ་༢༠༠༩ ༡༢ ༢༦ ལ། རྫ་ཚེ་རིང་བཀྲ་ཤིས་ནས།

(ཕྲལ་དུ་བྲིས་པ་ཡིན་པས་ཡིག་ནོར་དང་རྐང་བ་མི་མཉམ་པ་བརྗོད་བྱའི་གོ་རིམ་པ་ཡ་མ་རླར་གྱུར་པ་སོགས་གཟབ་ནན་མིན་པའི་རྙོགས་པ་ཡོད་ངེས་ལ་བཟོད་གསོལ་ཞུ་)

རྩོམ་རིག

Post navigation

Previous Post: ང་དང་དགུན་ཁའི་སྙན་ངག
Next Post: སྔོན་དང་ད་ལྟའི་གངས་རིན་པོ་ཆེ།

Comments (3) on “དྲག་ཏུ་མྱོས་པ།”

  1. རྡོ་རྗེ་དྲིལ་བུ་པ་ says:
    2010-01-20 at 4:24 pm

    དཔལ་གྲུ་འཛིན་གསེར་གྱི་ཕོ་བྲང་དང་། །
    མཁར་ཕོ་བྲང་རྒྱལ་མཚན་གཉིས་མཐོ་བོར། །
    རྗེ་༸རྒྱལ་དབང་པཎ་ཆེན་རྣམ་གཉིས་བཞུགས། །
    འབངས་དད་ལྡན་སྐྱེ་བོ་གྲངས་མེད་དད། །

    དཔལ་པོ་ཏ་ལ་ཡི་རྟེན་བརྟེན་པར། །
    མགོན་༸བསྟན་འཛིན་རྒྱ་མཚོས་ཞབས་བཅག་རན། །
    མཁར་ཕོ་བྲང་རྒྱལ་མཚན་མཐོར་བརྩེགས་ནང་། །
    སྐྱབས་༸བསྟན་འཛིན་དགེ་འདུན་བསུ་རན་འདུག །

  2. རྡོ་རྗེ་ཧེ་རུ་ཀ། says:
    2010-01-20 at 10:35 pm

    ངོ་མ། ཚོར་བ་ཟབ་པའི་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་མི་སེམས་འགུལ་ཐུབ་པའི་སྙན་ངག་ཞིག་རེད་ཡ། བོད་མི་རིགས་ཀྱི་ལས་དབང་དང་། དུང་སེམས་མཚོན་པའི་སྙན་ངག་དེ་འདྲ་ཇི་ཙམ་མང་བ་དེ་ཙམ་གྱིས་རང་ཉིད་ཀྱི་སེམས་ཚོར་དམར་པོ་སྟོན་པ་དང་། ལུས་སེམས་ལ་ཕན་པའི་བྱ་བ་ཞིག་ཀྱང་རེད་སྙམ། ལྷག་པར་དབྱིན་སྐད་དུ་དེ་འདྲའི་བོད་མིའི་ལས་དབང་མཚོན་པའི་སྙན་ངག་མང་ཙམ་འཐོན་ཐུབ་ན་དགེ་མཚན་ཆེ་སྙམ། བདེ་མོ།

  3. གཅན་བཟོད་རྒྱམ། says:
    2010-01-22 at 12:15 am

    ཁྱོད་ལ་ཁག་མེད་ཀི་ཡ། ཁ་སྔོན་ཞིག་ལ་མཚོ་སྔོན་བརྙན་འཕྲིན་ཁང་གིས་བཟོས་པ་ཡིན་ནམ། ཁོང་གི་མཛད་རྣམ་སྙིང་བསྡུས་ཀྱི་འོད་སྡེར་ཅིག་ལ་ལྟ་རྒྱུ་བྱུང་། དངོས་གནས་མིག་ཆུ་རང་དབང་མེད་ཀི་ཡ། ཁྱོད་ཀྱི་རྩོམ་ཡིག་འདིས་ངའི་སེམས་ཟེར་ནོ་བན་བུན་ཞིག་གི་བཏང་དང་ཐལ། བཀའ་དྲིན་རྒྱུ་བོ་ཁྱོད་བཟང་ཐལ་ཨེ་གོ བྱ་ལམ་ལ་འགྱོ་རྒྱུ་བོ་ཁྱོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme