Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེབ་འདི་སྙན་པོ་བྱུང་།

Posted on 2014-03-162014-03-16 By དགེ་རབ་ 5 Comments on དེབ་འདི་སྙན་པོ་བྱུང་།

photoབདུན་ཕྲག་གཅིག་ཙམ་གྱི་སྔོན་དུ་དེབ་རྙིང་བཙོང་ས་ཞིག་ནས་ཕྲན་ལ་བོད་སྐོར་གྱི་དེབ་ཅིག་ཐོབ། མགོ་བརྗོད་དུ་ “༧རྒྱལ་བ་རིན་པོ་ཆེའི་རྒྱལ་ཁབ་ཏུ། (In The Kingdom of The Dalai Lama)” ཞེས་བྲིས་འདུག དེབ་འདི་རྩོམ་པ་པོ་ནི་ ཨར་ཆི་བྷོལ་ཌི་ སིཊིལ་ (Archibald T. Steele) ཞེས་པ་རེད་འདུག དེབ་འདིའི་མགོ་ནས་ཚིག་ཕྲེང་འགའ་བཀླགས་སྐབས་ཀློག་འདོད་ཀྱི་འདུན་པ་འཕེལ་ཏེ་མཚན་གྱི་ཆུ་ཚོད་གཉིས་པ་ཙམ་ལ་དེབ་འདིའི་བོད་ནང་གི་གནས་ཚུལ་རྣམས་རྫོགས་པར་བཀླགས། དེ་རིང་འདིར་ཚིག་ཐོ་འགའ་བྲིས་ན་བསམས་བྱུང་།

རྩོམ་པ་པོ་འདི་ཉིད་རྒྱ་ནག་དང་སྐུ་འབུམ་ཁུལ་དུ་སླེབས་ཡོད་འདུག་ལ། ༧གོང་ས་མཆོག་དགུང་ལོ་བཞི་ཡི་སྐབས་སུ་སྐུ་འབུམ་ནས་འདྲ་པར་ཀྱང་བླངས་འདུག ད་དུང་མའོ་ཙེ་ཏུང་དང་གཱན་དི་ལའང་བཅར་འདྲི་ཞུས་འདུག ༡༩༤༤ ལོར་ལོ་ངོ་བཅུ་གཉིས་རིང་ཐབས་ཤེས་བྱས་པའི་འབྲས་བུར་བོད་གཞུང་ནས་བོད་དུ་སྐྱོད་ཆོག་པའི་ཐོངས་མཆན་སྤྲད་འདུག མཐོང་མཆན་དེ་བོད་ཤོག་གྲུ་བཞི་མ་ཁྲུ་གཉིས་ཅན་ཞིག་རེད་ཟེར། དེ་ནས་སྒང་ཏོག་བརྒྱུད་དེ་རྒྱང་རྩེ་དང་། དེ་ནས་ལྷ་སར་ཕྱིན་ཡོད་པ་དང་། ལྷ་ས་ནས་གནས་སྐོར་བྱས་པ་མ་ཟད། སྐབས་དེའི་བཀའ་ཤག་དང་གདན་ས་ཁག་གི་འཐུས་ཚབ། རྒྱལ་ཚབ། མཐར་༧གོང་ས་མཆོག་བཅས་ལ་མཇལ་ཁ་ཞུས་འདུག

ཁོང་གིས་ཡང་ཡང་བོད་ནང་དུ་རླངས་འཁོར་མེད་པ་སོགས་ཀྱི་སྐོར་གླེང་བ་དང་། བོད་མིའི་འཚོ་བ་དང་ཆོས་ཀྱི་སྐོར་སོགས་བྲིས་འདུག ཁོ་ལ་ཞབས་ཞུ་བ་པ་སངས་ཟེར་བ་ཞིག་ཡོད་པ་དེ་ནི་ཡུ་རོབ་ཀྱི་རྒྱལ་ཁབ་འགའ་འགྲོ་མྱོང་མཁན་ཞིག་ཡིན་པ་དང་། ཁོང་ཚོས་ལམ་བར་བྱ་ཕུག་རོན་བསད་དེ་ཟས་པའི་སྐོར་བྲིས་འདུག བོད་ཀྱི་མི་རྣམས་ནི་ཚེ་འདི་དང་ཕྱི་མ་གཉིས་ལས་ཕྱི་མ་གཙོ་བོར་འཛིན་པའི་རྒྱུ་མཚན་གྱིས་དེང་རབས་ཀྱི་འཛུགས་སྐྲུན་ལ་འདོད་པ་མ་འཕེལ་བ་རེད་སོགས་ཀྱི་གནས་ཚུལ་ཡང་གླེང་འདུག རྒྱལ་ཚབ་ཀྱིས་མགྲོན་འབོད་བྱས་པའི་སྐབས་སུ་ཟས་སྟོན་ཆེན་པོ་བཤམས་པའི་ཁོངས་སུ་རྒྱ་མཚོའི་མཚོ་རྩྭ་དང་ཉ་ཆེན་ཤཱཀ་ཅེས་པའི་གཤོག་པ་ཚུན་ནས་འདུག་ཅེས་ཧོན་འཐོར་འདུག

དེ་དག་ལ་སོགས་པའི་གནས་ཚུལ་ཡིད་དུ་འོང་བ་མང་པོ་འདུག་སྟབས། ༡༩༥༩ གོང་རོལ་གྱི་བོད་ཀྱི་ལོ་རྒྱུས་ཤེས་རྒྱུར་ཕན་བྱུང་། དེབ་འདིའི་སྔོན་བརྗོདམདོར་བསྡུས་ཤིག་ཡོད་པ་དེ་འདིར་བསྒྱུར་ཏེ་ཕུལ་ཡོད་ལགས།
—————————
སྔོན་བརྗོད།

1939 ལོའི་༧གོང་ས་མཆོག་གི་སྐུ་པར་ཞིག
1939 ལོའི་༧གོང་ས་མཆོག་གི་སྐུ་པར་ཞིག
རྒྱལ་སྤྱིའི་གསར་འགོད་པ་ཞིག་ལས་གནས་ལས་འཁྱུར་རྗེས། ཡང་ཡང་དྲིས་པའི་དྲི་བ་ཞིག་ནི། “ཁྱེད་ཀྱི་ལས་ཡུན་རིང་བྱུང་བའི་ཆེས་མཚར་སྣང་འཕེལ་ཤོས་དེ་གང་རེད།” ཅེས་པ་འདི་རེད་ལ། མ་མཐའ་ལའང་ང་ལ་མཚོན་ན་དྲི་བ་འདི་རེད། དྲི་བ་འདི་ནི་ལན་འདེབས་དཀའ་བའི་དྲི་བ་ཞིག་ཆགས་བྱུང་།
ངས་གྲུབ་འབྲས་ཅན་གྱི་ལོ་ཟླ་མང་པོ་ཞིག་ནི་གནས་ཚུལ་ཚ་བོ་ཡོད་པའི་ས་ཁུལ་ཁག་ཏུ་བསྐྱལ་ཏེ། དམག་འཁྲུག་དང་གོད་ཆག འཛམ་གླིང་འགྱུར་བ་འགྲོ་བའི་གནས་ཚུལ་དག་གི་སྐོར་བྲིས་ཤིང་། ད་ལྟ་ངས་རང་གི་མི་ཚེའི་བཤུལ་ལམ་རིང་མོ་ལ་ཕྱི་མིག་ཅིག་བལྟས་སྐབས། དེ་དག་ནི་མཚར་སྣང་འཕེལ་བའི་བྱུང་བ་མང་པོའི་སྣེ་འཛིང་ཞིག་རེད་ལ། བདག་གིས་ལོ་རྒྱུས་བསྐྲུན་པའི་བྱུང་བ་དེ་དག་གི་ཆ་ཤས་ལེན་ཐུབ་པར་གྱུར་བ་ནི་སྐལ་བ་བཟང་པོ་ཡིན་བསམས་པ་ཞིག་འདུག
ང་ཐོག་མར་འཛམ་གླིང་གི་མཚར་སྣང་ཆེ་བའི་གྲོང་ཁྱེར་ཅིག་སྟེ། རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་རུ་རྒྱ་ནག་དང་ཉི་ཧོང་བར་གྱི་ཁྲག་དྲི་བྲོ་བའི་དམག་འཁྲུག་ལངས་བཞིན་པའི་སྐབས་དེར་འབྱོར་བྱུང་། སྦྱོང་བརྡར་མེད་པའི་རྒྱ་དམག་སྲུང་སྐྱོབ་པ་རྣམས་ཀྱིས་གྲོང་ཁྱེར་གཡུགས་ནས་འབྲོ་དགོས་མ་བཟོས་གོང་དེར་ཁོང་ཚོར་ཡ་ང་བའི་སྲོག་སྐྱོན་ཕོག་ཡོད་པ་རེད། གདུག་རྩུབ་ཆེ་ཞིང་ངོས་མི་མཉམ་པའི་འགྲན་རྩོད་འདི་ནི་ང་ལ་དམག་འཁྲུག་གི་གོད་ཆག་སྐྱི་གཡའ་བ་དེའི་ངོ་སྤྲོད་དེ་རེད།
འབྱུང་འགྱུར་གྱི་ལོ་ཟླ་དག་གི་ནང་དུ་དབང་ཆ་ལ་རྔམས་པ་དག་གིས་དྲངས་པའི་གཏོར་བཤིག་དང་ཟུག་གཟེར་རྣམས་ལ་ང་རང་རྒྱུས་མངའ་ཆེ་བར་གྱུར།
སྤྱི་མཐུན་རྒྱལ་ཁབ་ཀྱིས་དེད་མ་ཡོང་གོང་ལ་རྒྱའི་དམག་དཔོན་མཱ་ཆན་ཧྲན་ (马占山)ལ་དངོས་ཐུག་གིས་བཅར་འདྲི་ཞིག་བྱེད་ཐུབ་པའི་ཆེད་དུ་ངས་ཁོ་མཱན་ཇུ་ཡུལ་དུ་བཙལ་བ་ཡིན། དཀའ་སྡུག་ཅན་གྱི་འགྲུལ་བཞུད་འདིའི་སྐབས་སུ་ང་རྟ་དང་ཤིང་རྟ། རྐང་ཐང་བཅས་ཀྱི་ཐོག་ནས་རྩུབ་ཅིང་འདམ་ཉོག་ཅན་གྱི་རི་རྒྱུད་དག་བརྒྱུད་དེ་བསྐྱོད་པ་ཡིན།
རྒྱ་ནག་ལྷོ་བྱང་ཁུལ་ན་ཡོད་པའི་ཡཱན་ཨན་གྱི་ས་ཁུལ་ཞིག་ཏུ་དབུས་ལས་ཁུངས་ཀྱི་ཚུལ་དུ་སྤྱོད་པའི་བྲག་ཕུག་ཅིག་ཏུ་ངས་རྒྱ་ནག་དམར་ཤོག་གསར་བརྗེའི་མགོ་འཁྲིད་མའོ་ཙེ་ཏུང་རྙེད་བྱུང་། ང་ཚོས་རྒྱུན་རིང་ཞིང་མཚར་སྣང་འཕེལ་བའི་བཅར་འདྲི་ཞིག་བྱས་པ་ཡིན། དམག་སྤྱི་འདི་ནི་རྙོག་འཛིང་ཅན་དང་ལྷག་བསམ་ཟོལ་མེད་ཅན་གྱི་དམར་ཤོག་པ་ཞིག་རེད།
སྟབས་ཉེས་པ་ཞིག་ལ་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ཁོ་ནི་རྒྱུ་མཚན་མི་ལྡན་པ་དང་གདུག་རྩུབ་ཅན་ཞིག་ཏུ་གྱུར་པ་རེད། རིག་གནས་གསར་བརྗེའི་སྐབས་སུ་རྒན་གཞོན་ཁྱད་མེད་ཀྱི་མཁས་པ་དང་སློབ་ཕྲུག་སྟོང་ཕྲག་མང་པོ་ཤི་བའི་འགན་དེ་ཁོ་ལ་ཡོད་པ་རེད།
འཇར་མཱན་དང་དམག་འཁྲུག་མགོ་བཙུགས་པའི་རྗེས་སུ་སི་ཏ་ལེན་གྱི་མོ་སི་ཁོ་ལ་ང་རང་ག་ལེར་ཡིད་ཐང་ཆད་བཞིན་ལོ་ངོ་གཅིག་མ་ཟིན་ཙམ་གྱི་དུས་ཚོད་བསྐྱལ་པ་ཡིན། ངས་ཕྱིར་གཏོང་བྱེད་པའི་གསར་འགྱུར་དེ་དག་ལ་ཨུ་རུ་སུའི་རྟོག་ཞིབ་པས་སྔོག་བཤེར་འགོག་སྡོམ་བྱེད་པ་དེ་ལ་རྒོལ་ཆེད་ངས་ཉིན་ལྟར་འཐབ་འཛིང་བྱས་པ་རེད། ང་ལ་དུས་ཚོད་འདི་ལ་དམིགས་པའི་ཉམས་སྣང་སྤྲོ་པོ་ཞིག་མེད་དོ།།
ངས་ རྒྱ་གར་གྱི་གྲོང་ཁྱེར་བྷོམ་བྷེ་རུ་དངོས་གནས་སྐྱེས་བུ་དམ་པ་དང་། མཁྱེན་ཡོན་གཉིས་འཛོམས་ཀྱི་མ་ཧཱ་ཏི་མ་ གཱན་དི་ལ་བཅར་འདྲི་ཞུས་པ་ཡིན། གཱན་དི་ཡིས་བོད་ཀྱི་༧རྒྱལ་བ་རིན་པོ་ཆེ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅིང་། ཁོང་གིས་གཱན་དི་ནི་ངའི་སློབ་སྟོན་པ་ཞིག་ཡིན་པར་གསུངས་ཡོད།
འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་བའི་སྐབས་སུ་མཚོ་དམག་གི་གྲུ་གཟིངས་མཱི་ཟུ་རི་ཞེས་པའི་སྟེང་དུ་ཉི་ཧོང་གིས་མགོ་སྒུར་བའི་མིང་རྟགས་བཀོད་པ་ལ་ངས་བལྟས་པ་ཡིན། ཕམ་ཟིན་པའི་ཉི་ཧོང་གི་དམག་སྤྱི་དང་དཔོན་རིགས་ཚོའི་རྣམ་འགྱུར་གྱི་ཁྲོད་དུ་མགོ་སྒུར་བའི་ཆིངས་ཡིག་ལ་མིང་རྟགས་བཀོད་བཅུག་པ་དེས་ངོ་ཚ་ཆེན་པོ་ཕོག་ཡོད་པ་མངོན་ལ། དེས་ཡིད་སྐྱོ་བའི་དུས་སྐབས་འདིའི་གལ་ཆེའི་རང་བཞིན་དེ་ཇེ་ཆེར་བཏང་འདུག
ཨི་ཇིབ་ཀྱི་རྒྱལ་ས་ཁཱ་རོ་ཞེས་པར་ང་དང་ངའི་ཆུང་མ་ཨི་སེ་ཐེར་གཉིས་སྡོད་སའི་མགྲོན་ཁང་དེ་མར་བསྲེགས་ནས་ཐལ་བར་བཏང་བ་མཐོང་ཞིང་། དེ་ནི་ཡུལ་འདིའི་ཆུ་རྐ་ཆེན་པོ་ The Suez Canal ཟེར་བ་ལ་འཛིན་པའི་ཨིན་ཇིའི་ཆབ་སྲིད་ལ་ངོ་རྒོལ་བྱེད་ཆེད་ཨ་རབ་པ་ཚོས་མེ་སྦར་བ་ཞིག་རེད། ང་ཚོ་ནི་རང་གི་ཚེ་སྲོག་ལས་ཐར་ཐུབ་མོད་གཞན་རྣམས་ནི་དེ་འདྲའི་བསོད་ནམས་ཅན་ཞིག་མ་རེད།
ཏན་ཏན་གོང་གི་འགྲུལ་བཞུད་འདི་དག་ནི་མཚར་སྣང་འཕེལ་བའི་ཉམས་མྱོང་ཞེས་པའི་གྲས་སུ་བགྲངས་རུང་བ་རེད། འོན་ཀྱང་ང་ལ་ཧ་ཅང་གཏིང་ཟབ་ཅིང་མཐར་འཁྱོལ་བའི་ཉམས་མྱོང་ཞིག་བྱུང་བ་ནི་ང་ཧི་མ་ལ་ཡའི་རི་བརྒྱུད་བརྒལ་ཏེ་སྦས་ཡུལ་བོད་ལ་ཕྱིན་པ་དེ་ཡིན།
༡༩༤༤ ལོར་ང་བོད་ལ་ཕྱིན་པའི་སྐབས་སུ་མཐོང་བ་ནི་འཛུགས་སྐྲུན་བྱས་མེད་པའི་ཤཱང་གི་རི་ལ་ (shangri la)དེས་རང་ཉིད་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ལ་འཛམ་གླིང་གིས་ངོས་འཛིན་ངོས་འཛིན་ཡོང་རྒྱུ་ཙམ་ཞིག་ལ་སྒུག་བསྡད་ཡོད་པ་དེ་རེད། ལུང་པ་ཆུང་ཆུང་འདི་འཛམ་གླིང་དང་ལྷན་ཞི་བར་གནས་ཡོད།
ཡིད་ཕམ་པ་ཞིག་ལ་དེ་ཚང་མ་འགྱུར་ཚར་སོང་། shangri la ཞེས་པའི་གཏམ་དེ་ཡལ་སོང་། བོད་རང་བཙན་ཡིན་པའི་རེ་འདུན་དེ་བརྗེད་ཟིན་པ་ཁོ་ན་རེད། བོད་ཀྱིས་བོད་ལ་རང་སྐྱོང་བྱེད་པའི་ལས་དབང་དེ་ད་ནི་ཧ་ཅང་ཛ་དྲག་པོའི་ཉེན་ཁའི་ཁྲོད་ཡོད།
ངའི་ལས་ཡུན་ཁྲོད་ཀྱི་ཆེས་མཐོ་སའི་སྐབས་ལ་ཡིན་ངེས་པའི་འགྲུལ་བཞུད་འདིའི་གནས་ཚུལ་རྣམས་ ༡༩༤༤ ལོར་ ཆི་ཁ་གོའི་ཉིན་རེའི་ཚགས་པར་ཞེས་པའི་ཐོག་རྒྱུན་འགོད་བྱས་པ་རེད། ངའི་འགྲུལ་བཞུད་དེ་ནི་ཞི་བདེ་བག་ཕེབས་ཕྱིར་དྲན་གྱི་སྐབས་ཤིག་དང་། ཆོས་ལུགས་དད་མོས་དང་ཆོས་དད་བྱེད་ཕྱོགས་ཁྲོད་དུ་མི་འདྲ་བ་ཡོད་པ་རྣམས་ངོས་ལེན་བྱས་པ་ཞིག་རེད། ལུང་པ་ཚང་མ་དང་མི་ཚང་མས་ཚེ་འདི་དང་ཚེ་ཕྱི་མ་ཇེ་བཟང་ལ་འགྲོ་བའི་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད། འདི་ནི་འཛམ་གླིང་སྟེང་གི་མི་ཚང་མའི་ཕུགས་ཀྱི་རེ་འདུན་དེ་རེད།
ངས་ལོ་རྒྱུས་འདི་དག་བསྐྱར་དུ་པར་སྐྲུན་དང་འགྲེམས་སྤེལ་བྱེད་པའི་དམིགས་ཡུལ་ནི། མཛེས་སྡུག་ལྡན་ཅིང་རབ་ཏུ་བརྗིད་པའི་ལུང་པ་འདིའི་མུ་མཐུད་བཞིན་པའི་དཀའ་ངལ་སེལ་ཐབས་བྱེད་པའི་དོ་སྣང་འདི་བསྐྱར་གསོ་བྱེད་རྒྱུའི་ཆེད་དུ་ཡིན་ནོ།།
འདི་ལ་བརྟེན་ནས་བདེ་སྐྱིད་དང་ཐམས་ཅད་མཁྱེད་པ་བརྙེས་གྱུར་ཅིག

ཨར་ཆི་ སིཊིལ།

དེབ་ཐེར།, རྩོམ་རིག

Post navigation

Previous Post: ཉི་མ་དང་མུན་པ།
Next Post: དེ་རིང་བོད་མདོ་སྨད་རྔ་བར་བྱུང་བའི་རང་ལུས་མེར་སྲེག་གི་གནས་ཚུལ།

Comments (5) on “དེབ་འདི་སྙན་པོ་བྱུང་།”

  1. ནམ་མཁའ says:
    2014-03-16 at 4:16 am

    རབ་གསལ་ལགས་དེབ་འདི་བོད་བསྒྱུར་རེ་གནང་ཐུབ་ན་ལེགས་པོ་འདུག་སྙམ་སོང་།དེ་རིང་འདིར་ཚིག་འགའ་བོད་བསྒྱུར་གནང་སྟེ་དྲ་ཐོག་ཏུ་བཀོད་པ་ཐུགས་རྗེ་ཆེ། ཕལ་ཆེར་རྩོམ་པ་པོ་འདིའི་མཉམ་དུ་སྐུ་མདུན་སྟག་འཚེར་བཞུགས་དུས་པར་ཞིག་ཀྱང་མཐོང་མྱོང་།ཕལ་ཆེར་མི་དེ་ཡིན་ངེས་ཆེ།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-03-16 at 4:52 am

    ་་་་་་བྲག་ཕུག་ཅིག་ཏུ་ངས་རྒྱ་ནག་དམར་ཤོག་གསར་བརྗེའི་མགོ་འཁྲིད་མའོ་ཙེ་ཏུང་རྙེད་བྱུང་། ང་ཚོས་རྒྱུན་རིང་ཞིང་མཚར་སྣང་འཕེལ་བའི་བཅར་འདྲི་ཞིག་བྱས་པ་ཡིན། དམག་སྤྱི་འདི་ནི་རྙོག་འཛིང་ཅན་དང་ལྷག་བསམ་ཟོལ་མེད་ཅན་གྱི་དམར་ཤོག་པ་ཞིག་རེད།
    སྟབས་ཉེས་པ་ཞིག་ལ་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ཁོ་ནི་རྒྱུ་མཚན་མི་ལྡན་པ་དང་གདུག་རྩུབ་ཅན་ཞིག་ཏུ་གྱུར་པ་རེད། རིག་གནས་གསར་བརྗེའི་སྐབས་སུ་རྒན་གཞོན་ཁྱད་མེད་ཀྱི་མཁས་པ་དང་སློབ་ཕྲུག་སྟོང་ཕྲག་མང་པོ་ཤི་བའི་འགན་དེ་ཁོ་ལ་ཡོད་པ་རེད། ་་་་་་་

  3. རུ་ཤུལ་བུ་ says:
    2014-03-16 at 8:13 am

    བོད་བསྒྱུར་བྱེད་ཐུབ་ན་ང་དང་ང་འདྲ་བའི་མིག་གཅིག་མེད་པ་དག་ལ་ཧ་ཅང་ཕན།

  4. རྨ་ཆུ་སྐལ་བཟང་། says:
    2014-03-16 at 6:46 pm

    འེ་མ་འཇལ་ཡིན་རིང་རྒན་རབས་གསལ་ལགས་བདེ་བོ་་ཀློག་འདོད་ཧ་ཅང་ཆེ་བའི་ཁྱེད་བྲིས་བའི་རྩོམ་ཞིག་མ་མཐོང་པར་ཡུན་རིང་སོང་བཀའ་དྲིན་ཆེ།།

  5. གཡུ་འབྲུག་ says:
    2014-03-18 at 2:18 am

    བོད་བསྒྱུར་གནང་བར་ཐུགས་རྗེ་ཆེ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme