Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཛའ་མཐུན་ཆིག་སྒྲིལ་སྔར་ལས་དར་འཕེལ་ཡོང་བར་སྨོན་མདུན།

Posted on 2010-01-172010-01-17 By དབང་ཕྱུག་ 10 Comments on མཛའ་མཐུན་ཆིག་སྒྲིལ་སྔར་ལས་དར་འཕེལ་ཡོང་བར་སྨོན་མདུན།

བྲག་མགོ་དཀོན་མཆོག་དར་རྒྱས།

དཔལ་གསང་ཆེན་སྔ་འགྱུར་བའི་སྨོན་ལམ་ཆེན་མོ་སྐབས་་་༢༡་་་པ་འདི་ལོའི་བོད་ཟླ་་་༡༢་་་ཚེས་་་༡་་་དང་་་སྤྱི་ལོ་་༢༠༡༠་་་ཟླ་་༡་་་ཚེས་་༡༦་་ཉིན་གནས་མཆོག་རྡོ་རྗེ་ལྡན་དུ་ད་ལྟའི་ཆར་བདེ་ལེགས་ངང་དབུ་འཛུགས་མཛད་དེ་ཉིན་གཉིས་འདས་པའི་མཚམས་འདིར་གུས་པས་འཚམས་འདྲི་དང་། སྔ་འགྱུར་རྙིང་མའི་སྨོན་ལམ་སྐབས་མང་པོའི་ནང་རང་ཉིད་ཞུགས་པའི་བསྐལ་བཟང་ཐོབ་ཀྱང་། ད་ལོ་རང་འགན་གྱི་བྱ་བཞག་ཕྲན་བུས་དེར་ ཕྱོགས་སུ་གོ་སྐབས་མ་བྱུང་ཡང་དེ་རིང་རྗེས་དྲན་ཞུ་བཞིན་ཡོད།
mo2
༼ལོ་སྔོན་མར་་་༧་་སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་དབུ་བཞུགས་ཐོག་སྨོན་ལམ་ཚོགས་བཞིན་པའི་སྣང་བརྙན།༽
དེ་ཡང་རང་རེ་བསིལ་ལྡན་ཁ་བའི་ལྗོངས་སུ་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་འམ་ལྔའི་ནང་ནས་ཐོག་མར་བྱུང་བའི་སྔ་འགྱུར་རྙིང་མ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ནི། གངས་ཅན་པ་རྣམས་ཀྱིས་མཁྱེན་མངའ་བཞིན། བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་་་སྤྱི་ལོ་་་་༧༥༦་་་ཙམ་ལ་མཁན་སློབས་ཆོས་གསུམ་ཞལ་འཛོམས་པ་ནས། རང་ཅག་རྗེས་རབས་གདོང་དམར་རིགས་སུ་གཏོགས་པ་ཚང་མའི་གཞན་ལ་ངོམ་ཆོག་ཆོག་ཡོད་པའི་ཆོས་དཔལ་རིག་གསུམ་རྩ་ལག་དང་བཅས་པ་མངའ་ཐང་ཁྱབ་རྒྱ་ཆེ་བ་འཛམ་གླིང་སུམ་གཉིས་དབང་དུ་བསྒྱུར་བ་སོགས་ཆོས་སྲིད་གཉིས་ཐད་ངོ་མཚར་འབར་བ་དེ་ཉིད་ཡིན་ནོ།།
དེ་ནས་རིམ་པར་གངས་རིའི་སྨན་ལྗོངས་སུ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་དུ་གྲགས་པ་རྣམས་བྱུང་ཡང་། དེ་དག་ནི་ཕན་ཚུན་ཆོས་ལུགས་ལྟ་བུ་མ་ཡིན་པར། བོད་བརྒྱུད་ནང་བསྟན་ཞེས་མཁས་མཛངས་དུ་མའི་མགྲིན་གཅིག་ཏུ་ཐ་ཚིག་བསྒྲགས་ཤིང་། འཆམ་མཐུན་དང་། ཞི་འཇགས་ངང་རང་ས་རང་ཡུལ་དུ་དགེ་མཚན་གྱི་ལོ་རྒྱུས་ཁྲོད་ལྷིང་འཇགས་སུ་གནས་སོ།།
འོན་ཀྱང་ཕྱིས་སུ་རྒྱ་དམར་གཞུང་ནས་སྤྱི་ལོ་་་༡༩༤༠་་ཡར་མར་ནས་འགོ་བཟུང་སྟེ་ལན་གྲངས་མང་པོར་ཧམ་སེམས་དང་། གཡོ་ཐབས་སྣ་ཚོགས་པས་བོད་འབངས་དབང་དུ་བསྒྱུར་བར་བརྩམ་ཞིང་། རིམ་གྱིས་སྤྱི་ལོ་་་་༡༩༥༩་་ཟིན་པ་དང་བོད་ཀྱི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་་་༧་་གོང་ས་མཆོག་དང་བཅས་པར་བོད་མི་རྒན་རབས་པ་གང་མང་མང་ཞིག་བཙན་བྱོལ་དུ་འབྱོར་དགོས་བྱུང་བས། འཛམ་གླིང་གོ་ལའི་ཁྲོད་བྱུང་མ་མྱོང་བའི་ཧ་ཅང་གི་གནས་སྟངས་ཛ་དྲག་གི་གནས་སུ་ལྷུང་བའོ།།
དེ་ནས་མཁྱེན་རྒྱ་དང་ཕྱི་ཐག་རིང་བའི་བོད་མི་རྣམས་ནས་སླར་ཡང་བཙན་བྱོལ་དུ་དཀའ་བ་བརྒྱ་ཕྲག་ལ་འཛེམ་པ་མེད་པར་ཆོས་བརྒྱུད་རིག་གཞུང་མ་ལག་དང་བཅས་པ་མི་ཉམས་བརྒྱུད་འཛིན་ཡོང་ཐབས་ལ་འབད་པ་ཚད་མེད་གནང་བ་དང་། འཕགས་ཡུལ་འདིར་བོད་མི་རྒན་རབས་རྣམས་བློ་སྟོབས་དང་། ༧་་གོང་ས་མཆོག་གི་སྐུ་དྲིན་སོགས་ལ་བརྟེན་ནས་འཛམ་གླིང་ནང་སྐྱབས་བཅོལ་སྤུས་ཚད་མཐོ་ཤོས་ཀྱི་མཚན་སྙན་ཐོབ་པ་འདིའོ།།
mona-3
༼ལོ་སྔོན་མ་སྔ་འགྱུར་སྨོན་ལམ་ཆེན་མོ་འཚོག་བཞིན་པའི་ཟུར་ཞིག༽
དེ་དག་ལ་བསྟེན་ནས་སྔ་འགྱུར་སྨོན་ལམ་ཆེན་མོ་སྐབས་་དང་པོ་་སྤྱི་ལོ་་་་་༡༩༨༩་་་་་ཙམ་ལ་སྔ་འགྱུར་བའི་བླ་ཆེན་ཁག་དང་མཛད་གཙོ་རྣམས་ནས་ཐུགས་ཁུར་རླབས་པོ་ཆེ་བཞེས་ཏེ་རྒྱ་གར་རྡོ་རྗེ་གདན་དུ་བདག་ཅག་གི་སྟོན་པ་མངོན་པར་རྫོགས་སངས་རྒྱས་སའི་གནས་མཆོག་ཁྱད་པར་ཅན་དེར་ཐོག་མར་ཚུགས་ཤིང་། དེའི་རྒྱུ་མཚན་ཡང་སྤྱིར་སྐྱེ་འགྲོ་ཡོངས་དང་། ལྷག་པར་དུ་རང་རེའི་གངས་ཅན་བོད་མི་ཡོངས་ཀྱི་དབུ་ཁྲིད་༸་གོང་ས་ཡིད་བཞིན་ནོར་བུ་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་པ་དང་་། གཞན་ཡང་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་་གང་དུ་བཞུགས་པ་རྣམས་ཀྱང་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་ཤིང་། བོད་འབངས་ཡོངས་ནས་ཡུན་རིང་སེམས་ལ་རེ་བའི་རང་དབང་གི་བདེན་མཐའ་སེལ་ཞིང་བོད་གཞིས་བྱེས་མཉམ་འཛོམ་ཡོང་བ་སོགས་གཙོས། འཛམ་གླིང་རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུག་རྩོད་ཞི་ཞིང་མི་མཐུན་པའི་ཕྱོགས་ཐམས་ཅད་རྨག་མེད་དུ་ཟད་དེ་ཕུན་ཚོགས་བདེ་དགའི་དཔལ་ལ་རོལ་ཐུབ་པ་བཅས་བཅོས་མིན་གྱི་ལྷག་བསམ་རླབས་ཆེན་གྱི་ཐུགས་མགན་བཞེས་ཏེ། སྔ་འགྱུར་རྙིང་མའི་སྨོན་ལམ་ཐོག་མ་དབུ་འཛུགས་མཛད་དོ།།
molam-4
༼སྔ་འགྱུར་སྨོན་ལམ་ཚོགས་སྐབས་་་ཉ་རིགས་དང་བྱ་བྱེའུ་རིགས་མང་པོ་ཚེ་ཐར་གཏོང་གི་ཡོད།༽
དེ་ལྟར་ད་ལྟའི་བར་བོད་འབངས་ཐུན་མོང་ནས་ཐུགས་ཁུར་རྒྱབ་བསྐྱོར་བསྟུད་མར་གནང་བ་མ་ཟད་། ཕྱོགས་སོ་སོ་ནས་འབྱོར་བའི་ཧི་མ་ལའི་རིགས་རྒྱུད་རྣམས་བོད་བརྒྱུད་ནང་བསྟན་ལ་དད་མོས་འགྱུར་བ་མེད་པར་ལོ་ལྟར་ཡོང་བཞིན་ཡོད་ལ། སྔ་འགྱུར་རྙིང་མའི་བླ་ཆེན་ཁག་གིས་ལོ་ལྟར་དགེ་འདུན་རྣམས་ལ་གསོལ་ཚུགས་་རེ་མོས་ཀྱིས་སྦྱིན་བདག་གནང་བ། སྔ་འགྱུར་རྙིང་མ་གཞུང་ནས་ཀྱང་དགོན་སྡེ་མང་པོའི་གྲྭ་བཙུན་རྣམས་ཀྱིས་ལམ་གྲོན་གནང་དགོས་ཀྱི་ཡོད། དར་ཐང་རིན་པོ་ཆེ་མཆོག་གིས་སྨོན་ལམ་ཚོགས་ཞུགས་པ་ཡོངས་ལ་སྐུ་འགྱེད་ཆད་མེད་དུ་གནང་ཞིང་། ད་དུང་རྒྱལ་བའི་བཀའ་འགྱུར་བསྟན་འགྱུར་བཅས་སྔོན་བྱོན་མཁས་པའི་གཞུང་ལུགས་རབ་འབྱམས་ཁག་མ་ཚང་བ་མེད་པར་དཔར་སྐྲུན་བྱས་ནས་་རིན་མེད་ཐོག་རིས་མེད་དགོན་སྡེ་ཁག་ལ་གནང་བཞིན་པ་སོགས་དང་། ད་ལོ་ཡང་སྔར་བཞིན་སྔ་འགྱུར་རྙིང་མའི་སྨོན་ལམ་སྐབས་་་༢༡་་་པ་དེ་ཚོགས་ཡོད་པ་ལ་ཕྲན་ནས་བརྟེན་འབྲེལ་དང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ཞུ།། །།
སླད་ཀྱི་ཆར་་་འཛམ་གླིང་ཆོས་ལུགས་ཚང་མ་འཆམ་མཐུན་དགོས་པ་སྤྱི་དང་། ལྷག་དོན་དུ་རང་རེ་མེས་མོ་ཤ་ཁྲག་གཅིག་པ་རྣམས་ནས་ཀྱང་། བོད་བསྟན་པ་ཆབ་སྲིད་ལ་བསམ་ནས་ལྷག་ཏུ་བོད་བརྒྱུད་ནང་བསྟན་བར་མཛའ་མཐུན་ཆིག་སྒྲིལ་སྔར་ལས་དར་འཕེལ་ཡོང་བ་སྙིང་ནས་སྨོན་མདུན་ལན་བརྒྱར་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས།།

གསར་འགྱུར།

Post navigation

Previous Post: སྐུ་ཞབས་བྱམས་པ་དང་ཕོ་གསར་ཁེ་ཐི་གཉིས་གཉེན་སྒྲིག་པ།
Next Post: གློག་བརྙན་གསར་བར་བསྒུགས་པ།

Comments (10) on “མཛའ་མཐུན་ཆིག་སྒྲིལ་སྔར་ལས་དར་འཕེལ་ཡོང་བར་སྨོན་མདུན།”

  1. མགོན་པོ་ཕྱག་གཉིས་པ། says:
    2010-01-18 at 12:05 am

    ད་མིའུ་ཕྲུག་ལ་མཚོན་ན་རྙིང་མ་བའི་མཛད་པ་རྒྱ་ཆེན་པོ་འདི་འདྲ་ལ་ཕྲག་དོག་ཟ་ནས་མིག་རྩ་དམར་པོ་ཆགས་མེད་འགྲོ་བསམས། ཁོས་དགེ་ལུགས་པའི་ཞེན་ཁོག་འཛིན་ཁ་བྱས་པ་མ་གཏོགས་ཁོ་དགེ་ལུགས་པ་ཞིག་ཡིན་མིན་སུས་ཤེས། ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་དྲ་ཞིག་མཐོང་དུས་ཁོ་མཛོ་མོ་གཅིན་ཐོག་ལ་ཤོར་བ་ལྟར་རྒྱུག་ཡོང་གི་རེད།

  2. མྱིག་རྫོད་ says:
    2010-01-18 at 12:41 am

    མྱིག་རྫོད་དགྲ་བཅོམ་པའི་གོ་འཕང་ཐོབ་པ།

    རང་ཉིད་མཁས་འདོད་རང་ཉིད་བཟང་འདོད་དང་།།
    རང་ལས་ལྷག་པ་མེད་པར་འདོད་པ་ཡི།།
    རང་ལ་མཆོག་ཏུ་བལྟ་བའི་རྨོངས་པའི་དགྲ།།
    དེ་རིང་བདག་གིས་གཏན་དུ་བཅོམ་ཟིནཏོ།།

    ཕྱི་མའི་ལམ་བུ་ཆོད་པའི་ཉམས་ལེན་མེད།།
    ཚེ་འདིའི་ལྟོ་གོས་འཁྱོལ་བའི་རྒྱུ་ནོར་མེད།།
    རེ་བ་སྣ་གཅིག་འགྲུབ་པའི་བདེ་སྐྱིད་མེད།།
    མེད་པ་གསུམ་གྱི་བདག་མེད་དེ་རིང་རྟོགས།།

    ད་ནི་དྲན་ཤེས་བརྟན་པོའི་ནགས་ཀློང་དུ།།
    རང་ཚུལ་མི་ཤེས་གཞན་ལ་འཕྱས་པ་དང་།།
    དོན་མེད་གཏམ་གྱིས་ཨ་ཐང་ཆད་པ་ཡིས།།
    དུབ་པའི་སེམས་ཉིད་གཏན་ཏུ་ངལ་གསོ་བྱ།།

    ཕྱི་ལོ་༢༠༡༠ཟླ་༠༡ཚེས་༡༧ལ་བྲིས།

  3. མེ་རི་གཏོར་མཁན says:
    2010-01-18 at 1:00 am

    ཁ་སྟོང་ནང་གི་ཚིག་སྟོང་རེ་བཤད་ནས་ཕན་་ཐོག་ནི་མ་རེད།བོད་ལ་ཕན་ཐོགས་བསམ་ན་།དེང་སྐབས་རྒྱ་ནག་གི་མེ་ཡི་ལྕགས་རི་གཏོར་ཐབས་བྱས།ལྷ་ཁང་དང་མཆོད་ཁང་བརྒྱ་ཕྲག་ཁ་ཤས་བཞེངས་བ་ལས་ཀྱང་ཕན་ཐོགས་ཆེ།

  4. ལྷག་བསམ། says:
    2010-01-18 at 1:35 am

    བྲག་མགོ་དཀོན་མཆོག་དར་རྒྱས་ལ་ཐུགས་རྗེ་ཆེ་ཞུ་བ་དང་བཀྲིས་བདེ་ལེགས་ཡོད།

    ཕྲན་ཡང་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོར་ཐེང་བརྒྱད་ཙམ་ཞུགས་མྱོང་། འོན་ཀྱང་ལོ་ཤས་ནས་འགྲོ་རྒྱུ་རེད་མ་སོང་། ཁྱེད་ཀྱིས་བཀོད་པའི་སྨོན་ལམ་ཆེན་མོའི་སྐུ་པར་འདི་མཐོང་ཡོང་དུས་༧སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་དབུ་བཞུགས་ཐོག་དགེ་འདུན་འདུས་སྡེ་རྒྱ་མཚོ་ལྟ་བུ་རྣམས་ཡང་ཡང་དྲན་ཡོང་གི་འདུག

    གུས་པས་དེ་རིང་ཆོས་གྲོགས་ཁ་ཤས་མཉམ་དུ་ཆུ་ཚོད་གཉིས་ཀྱི་རིང་བཟང་སྤྱོད་སྨོན་ལམ་ཚོགས་ཡིན། རང་ཉིད་ད་ལྟ་རྡོ་རྗེ་གདན་དུ་སྨོན་ལམ་ལ་ཞུགས་པའི་གོ་སྐབས་མ་ཐོབ་ནའང་དེར་རྗེས་སུ་ཡི་རང་གི་སྒོ་ནས་སྨོན་ལམ་འདོན་ན་བསོད་ནམ་མཉམ་པར་ཐོབ་པའི་ཡིད་ཆེས་བྱེད་ཀྱི་ཡོད།

  5. ཀརྨ་་རྡོ་རྗེ་ says:
    2010-01-18 at 3:12 am

    ད་ལོའི་ དཔར་གསར་ ཆད་པའི་ སྣང་བ་ ཤར། །

    བོད་བརྒྱུད་ མཐུན་སྒྲིལ་ རྒྱས་འགྱུའ་ ཅིག །

  6. ཁམས་ཕྲུག says:
    2010-01-18 at 3:50 am

    ༧སྐྱབས་རྗེ་པད་ནོར་རིན་པོ་ཆེའི་ཐུགས་ཀྱི་བཞེད་པ་ཡོངས་སུ་གྲུབ་པར་གྱུར་ཅིག་གུ

  7. ལྷགབསམ་རྒྱ་མཚོ། says:
    2010-01-19 at 7:49 am

    ལོ་ཤས་རིང་སྔ་འགྱུར་བའི་བསྟན་བདག་སྨིན་གླིང་ཁྲི་ཆེན་དང་། གྲུབ་དབང་པད་ནོར་རིན་པོ་ཆེ། རྡོ་བྲག་ཆུ་བཟང་རིན་པོ་ཆེ་སོགས་བླ་ཆེན་མང་པོ་ཞིག་སྐུ་གཤེགས་པས་བར་ཆད་དང་ཉེན་ཕྲེང་ཆེ་བའི་སྐབས་ཡིན་པས་དམ་པ་དེ་དག་ལ་རྗེས་དྲན་དང་། ལྷག་ལུས་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ། ད་ལྟ་ཕལ་ཆེར་གསར་བུའི་དུས་རབས་ལ་སླེབས་ཡོད་པས་ཀུན་གྱིས་མཐུན་སྒྲིལ་ལྡོག་རྩ་གཅིག་སྒྲིལ་གྱིས་བོད་སྔ་འགྱུར་པའི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་བའི་ཐབས་ལ་བརྩོན་པ་བསྐྱེད་འཚལ།

  8. རྡོ་རྗེ་དྲིལ་བུ་པ་ says:
    2010-01-19 at 8:03 am

    ཀྱེེ།
    རྙིང་ཆོས་དར་ལ་འགྲོ་གསར་སྐྱོབས་པའི་ཕྱིར། །
    རྙིང་སྲུང་རལ་གཅིག་མ་ཡིས་གྲོགས་གསར་མཛོད། །

    རྙིང་ཆོས་རིས་མེད་དར་རྒྱས་ཤོག །

  9. གཞོན་ནུ་ཟླ་མེད says:
    2010-01-19 at 9:32 am

    སྔོན་མ་ཟིག་ཀ་༢༠༠༤ ལོར་ཡིན་ས་ཡོད་༧ གོང་ས་མཆོག་གི་དུས་དབང་དང་སྟབས་བསྟུན་ཚར་གཅིག་ཟིག་རྡོ་རྗེ་གདན་གྱི་རྙིང་མའི་སྨོན་ལམ་ལ་གཅིག་སོང་བ་ཡིན། འཇམ་དཔལ་མཚན་བརྗོད་ཚོགས་འདོན་དེས་དབྱངས་རྟ་དང་དལ་ལྷོད་བཅས་ཀྱིས་མིག་ཆུ་རང་དབང་མེད་པར་བསླངས་སོང་། མིག་བཙུམས་ནས་དལ་དལ་ལྷོད་ལྷོད་ཀྱི་དབྱངས་རྟ་དེར་ཉན་བསྡད་ན། སངས་རྒྱས་བྱང་སེམས་དང་ཆོས་སྐྱོང་སྲུང་མ་དེ་ཚོ་མིག་ལམ་དུ་ལྷམ་མེ་ལྷན་ནེ་ལྷང་ངེར་ཤར་ཡོང་གི ངོ་ནས་འགྲོ་བའི་རྒྱུད་ལ་བགས་ཆགས་འཇོག་ཟེར་ན་དེ་འདྲ་ལོས་ཡིན།

  10. མིའུ་ཕྲུག says:
    2010-01-19 at 11:08 am

    སྤྱིར་རང་ཉིད་ཀྱི་ངོས་ནས་བཤད་ན་སྔར་ཆོལ་ཁ་དང་ཆོས་ལུགས་ལ་ཞེན་ཁོག་བྱེད་ནས་ལས་དང་བྱ་བ་རྩོམ་མཁན་ཞིག་མིན་ལ་ཁྱད་པར་ཆོས་ལུགས་ཐོག་ལ་ཁྱད་མེད་དུ་འཛིན་པའི་ལྟ་གྲུབ་ཁུར་མཁན་ཞིག་ཀྱང་ཡིན། མགོན་ཕྱག་ཀྱིས་བཤད་པ་ལྟར་ང་དགེ་ལུགས་པ་ཞིག་པ་མིན་མོད་ངས་དེའི་ཆེད་དུ་བཤད་པ་འདི་དག་གཞི་མེད་དང་དོན་མེད་དུ་དགེ་ལུགས་པ་ལ་བརྒོལ་གཏམ་གཏོང་བ་དག་ལ་རྔ་དང་བསྟུན་པའི་འཁྱམས་ཞིག་འཁྲབ་པ་ཡིན། དེ་ལ་གང་བཤད་ཀྱང་ང་ལ་ཁྱད་པར་མེད།
    ཆོལ་ཁའི་ཕྱོགས་ནས་འདི་ལོར་ང་ལ་ངོ་མ་ཞེན་ཁོག་ངེས་ཅན་ཞིག་སླེབས་སོང་། དེ་ནི་མདའ་ཚན་པའམ་མགོན་ཕྱག་ལྟ་བུའི་ཨ་མདོ་བ་མང་པོས་གྲོས་ཚོགས་ཀྱི་གནད་དོན་ཁ་ལ་ཁྱེར་ནས་ཕྱོགས་རིས་ཀྱི་ངོ་གདོང་མས་ང་ཚོས་འབོད་སྐུལ་ཇི་ཙམ་བྱས་ཀྱང་མ་ཕན་པར་ཁམས་རིགས་དག་ལ་ཇི་ཙམ་བཤད་ཡོད་པ་དྲྭ་རྒྱ་འདི་དག་ལས་གསལ་པོ་ཤེས་ནུས་རེད། དེས་ན་ང་ཚོ་ལ་ཞེན་ཁོག་མེད་ན་ག་བར་འགྲིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (28)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (13)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme