Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གདན་ས་གསུམ་དང་ལྷ་རམས་པ།

Posted on 2014-02-212014-02-21 By ཁ་བརྡ་ 25 Comments on གདན་ས་གསུམ་དང་ལྷ་རམས་པ།

ཚེ་རིང་།

སྟོད་འགག་སེར་བོ། ཞྭ་མོ་སེར་བོ། ད་དུང་ཆོས་གོས་སེར་བོ་བཅས་གྱོན་པའི་ལྷ་རམས་པའི་དགེ་བཤེས་ལྔ་བོ་འདིས་གྲྭ་སའི་དཀྱེལ་ཡངས་ཀྱི་རྣམ་པ་གསར་བའི་སློབ་གསོའི་ལམ་ལུགས་ཤིག་མཚོན་གྱི་ཡོད་ལ། འདིའི་ཁྲོད་དུ་ས་སྐྱ་དང་རྙིང་མ། བཀའ་བརྒྱུད་དང་དགེ་ལུགས། གཡུང་དྲུང་བོན་དང་བཅས་པ་འདུས་ཡོད། ཁོང་ཚོའི་ཐོད་པའི་རྒས་གཉེར་གྱི་ཁྲོད་དུ་དཀའ་སྡུག་གི་ལོ་ཟླ་རིང་མོ་ཞིག་གི་མི་ཚེའི་ལོ་རྒྱུས་སྦས་ཡོད་ལ། ཁོང་ཚོའི་འཛུམ་མདངས་ཀྱི་ངོས་སུ་ཕྲག་ལ་ལྕི་བའི་འགན་འཁྲི་ཅི་ཞིག་དང་དུ་ལེན་རྒྱུར་སྤྲོ་བས་བརྟས་ཡོད།

མི་ལོ་ཉེར་གསུམ་ལྷག་གི་སློབ་ཞུགས་ཀྱི་བརྒྱུད་རིམ་རིང་མོའི་ཁྲོད་ཁོང་ཚོ་འདི་ལྟར་གཟི་བརྗིད་ལྡན་པའི་ངང་སློབ་མཐར་ཕྱིན་ཡང་ཕྱི་ཚུལ་ནས་གྲྭ་དམངས་དང་ཁྱད་པར་འབྱེད་པའི་མངོན་མཚན་གྱི་རྟགས་ནི་སྟོད་འགག་སེར་བོ་འདི་ཁོ་ན་ཡིན། འདིས་ནི་གྲྭ་སའི་རྒྱས་སྤྲོས་མེད་པའི་དཔལ་འབྱོར་གྱི་བཀོལ་སྤྱོད་དེ་མཚོན་གྱི་ཡོད། གྲྭ་སའི་གྲྭ་བ་མང་ཆེ་བར་སྒེར་གྱི་ཁང་བ་མེད་ལ་རླངས་འཁོར་གྱི་རིགས་དེ་བས་ཀྱང་མེད། སྣུམ་པོ་མེད་པའི་སྤྱི་ཐབ་ཀྱི་ཟ་མ་ནི་ཐུན་མོང་གི་ལོངས་སུ་སྤྱད་བྱ་དེ་ཡིན།
དེའི་ཕྱིར་གྲྭ་སའི་གྲྭ་བ་དང་གྲྭ་བ་གཞན་དག་བསྡུར་ན་ཁོང་ཚོའི་ངོ་གདོང་ལ་ཅི་ཞིག་མ་ཚང་བ་ལྟ་བུའི་སྐྱ་ཐང་ཐང་ཞིག་དང་གྱོན་གོས་སྲབ་མོ་དེ་ཧ་ཅང་རྙིང་ཧྲུལ་དུ་སོང་བ་ཤ་སྟག་ཡིན། འཛིན་གྲྭ་དམའ་བའི་གྲྭ་བ་ལོ་གཞོན་མང་ཆེ་བའི་སྟོད་འགག་གི་མཆན་གོར་གཤགས་ནས་ལྷབ་ལྷུབ་ཏུ་གཡུགས་ཀྱིན་ཡོད། དེ་ནི་ཆོས་རྭའི་ནང་དུ་དགག་སྒྲུབ་ཀྱི་རྩོད་པ་བྱེད་སྐབས་འཚང་ཁ་བྱས་ནས་གཤགས་རལ་ཏུ་བཏང་བ་ཞིག་རེད། ལྷམ་ནི་ཧ་ཅང་གི་སྟབས་བདེ་ཞིག་སྟེ། དུས་ཚུགས་བཞི་གར་བརྗེ་རེས་མེད་པའི་ཡུལ་མི་ཚོས་གྱོན་བཞིན་པའི་བསིལ་ལྷམ་རྐང་བའི་མཛུབ་བར་དུ་འཛིན་རྒྱུ་འགྱིག་གིས་བཟོས་བ་ཞིག་ཡིན་ལ། འགྲོ་བའི་སྐབས་གོམ་པ་ལེན་མ་ཤེས་ན་ཐག་སྒྲ་བར་མེད་དུ་གྲགས་འོང་།

གྱོན་ཆས་ཕྱོགས་ཡོངས་ནས་གཅིག་པའི་རྐྱེན་གྱིས་ངོ་གདོང་སོགས་ན་དམིགས་བསལ་གྱི་རྟགས་མཚན་མེད་ན་ཡུལ་མི་ཚོ་ཡང་ཡང་ནོར་བཞིན་ཡོད། དེ་ལྟར་ཟས་གོས་དང་ཁོར་ཡུག་ནམ་གཤིས་སོགས་ངན་ངོན་དང་བཟང་རྒྱུ་མེད་ན་ཡང་། ནང་བསྟན་རིག་གནས་ཀྱི་དྲི་མ་ཅུང་ཟད་ཚོར་བ་ནས་བཟུང་ཁོང་ཚོའི་སེམས་ཁམས་དུས་རྟག་ཏུ་དགའ་བདེས་བརྒྱན་ཡོད། ཡུལ་བསྐོར་དུ་ཡོང་བའི་ཕྱི་གླིང་གི་མི་ཚོས། ཁོང་ཚོའི་བག་ཕབ་ཀྱི་སྤྱོད་ལམ་དང་ངོ་གདོང་གི་འཛུམ་མདངས། འཆམ་མཐུན་གྱི་རྣམ་པ་འདི་དག་མཐོང་སྐབས། འདི་དག་གང་ནས་བྱུང་ཞིང་འབྱུང་བའི་རིག་གནས་དེ་ལ་རང་དབང་མེད་པར་ཡིད་སྨོན་དང་སྦྱོང་འདོད་སྐྱེ་གྱིན་ཡོད།
དེའི་ཕྱིར། མི་རིགས་དང་ཆོས་ལུགས་ལ་དབྱེ་བ་མེད་པར་འཚང་ཁ་ཤིག་ཤིག་གིས་ཡུལ་གྲུ་ཀུན་ནས་འདིར་སློབ་སྦྱོང་དུ་ཡོང་བཞིན་ཡོད་ལ། ལ་ལ་ཞིག་སློབ་མཐར་ཕྱིན་ནས་ཕྱིར་སོ་སོའི་ཡུལ་དུ་ལོག་པ་དང་། ཁ་ཤས་འདི་གར་གཏན་བསྡོད་བྱས་ཡོད། དཔེར་ན། ད་ལྟའི་རྭ་སྟོད་གྲྭ་ཚང་གི་མཁན་པོ་དེ་གར་སློབ་མཐར་ཕྱིན་པའི་ཕྱི་གླིང་བའི་དགེ་བཤེས་དབུ་སྐྲ་སེར་བོ་དང་སྤྱན་ལྗང་ཁུ་ཅན་ཞིག་ཡིན་ལ། སྔོན་ལོར་ཝེ་བན་གྱི་གྲྭ་བ་ཞིག་ལྷ་རམས་སློབ་མཐར་ཕྱིན་པ་ལྟ་བུ་རེད།

དཔལ་འབྱོར་ཁོ་ནས་འཇིག་རྟེན་ཁ་ལོ་བསྒྱུར་བའི་སྐབས་འདིར་འགྲོ་བ་མིའི་བཟང་སྤྱོད་ཀྱི་གོམས་གཤིས་ཡོད་ཚད་ཉམས་རྒུད་དུ་འགྲོ་བཞིན་ཡོད་ལ། དེ་མཚུངས་སུ་ནང་བསྟན་སློབ་སྦྱོང་གི་བསྟི་གནས་གཞན་ཁག་ཀྱང་ཉམས་དམས་སུ་འགྲོ་བཞིན་ཡོད། འོན་ཀྱང་གྲྭ་སའི་སློབ་སྦྱོང་གི་མཁའ་དབུགས་སྟུག་པོའི་ཁྲོད་དུས་རབས་རྐྱེན་ངན་གྱི་རླངས་པ་ཅི་ལྟར་འཐིབ་ཀྱང་ནམ་ཡང་ཉམས་པ་མེད་པར་མདུན་ནས་མདུན་དུ་བཞུར་གྱིན་ཡོད། འདི་ནི་ཤེས་རྒྱུད་ཀྱི་ཆོས་གང་ཞིག་ཉམས་དམས་སུ་འགྲོ་བ་དེ་ཕྱིའི་ཁོར་ཡུག་ལས་གཙོ་བོ་ནང་སེམས་ཀྱི་འདུ་ཤེས་ལ་ཐུག་པའི་ནང་བསྟན་ཆོས་ལུགས་ཀྱི་ལྟ་གྲུབ་ཅིག་སྟོན་ཀྱི་ཡོད་ལ། མིའི་སེམས་ཁམས་ལ་ཁྲིམས་ལུགས་ཁོ་ནས་དབང་བསྒྱུར་བྱེད་མི་ནུས་པར་རང་གིས་རང་ལ་དབང་བསྒྱུར་བྱེད་དགོས་པའི་གནས་ལུགས་ཤིག་ཀྱང་སྟོན་གྱི་ཡོད།
ལྷག་པར་ཏུ་གྲྭ་ས་སྤྱིའི་སློབ་སྦྱོང་གི་སྒྲིག་འཛུག་དང་། མི་སྒེར་གྱི་ལྡོག་ཏུ་མེད་པའི་དོན་གཉེར་གྱི་བསམ་བློ་ལས་བྱུང་བ་ཞིག་རེད། ལོ་རེ་བཞིན་སློབ་གཉེར་གྱི་ཆེད་དུ་ཚོགས་འདུ་ཆེ་ཆུང་དུ་མ་འཚོག་གྱིན་ཡོད་ལ་དེ་ལ་ཞུགས་མཁན་ནི་དགེ་བཤེས་རྣམས་དང་འཛིན་གྲྭ་ཐོན་ཟིན་པའི་གྲྭ་བ་ཚོ་ཡིན། ཚོགས་འདུའི་སྟེང་སུས་ཀྱང་རེ་བ་དང་བསམ་འཆར་འདོན་ཆོག་ལ། སྐྱོན་བརྗོད་དང་ཐེར་འདོན་ཡང་བྱེད་ཆོག ཉེས་འགོག་ལེགས་སྤེལ་གྱི་བསླབ་བྱ་སུ་ལ་ཡོད་ན་མཐོ་དམན་དང་ཆེ་ཆུང་གི་དབྱེ་བ་མེད་པར་དེ་ལ་མང་མོས་ཀྱིས་ཐག་གཅོད་གཏན་འབེབ་བྱེད་པ་རེད།

གྲྭ་སའི་སློབ་སྦྱོང་གི་ཐོག་མ་ནི་ཚན་པ་ཉེར་བཞི་ཡོད་པའི་བསྡུས་གྲྭའི་རིགས་ལམ་ཡིན་ལ། འདི་ནི་ནང་བསྟན་གཞུང་ལུགས་ཙམ་དུ་མ་ཟད་ཆབ་སྲིད་དང་དཔལ་འབྱོར་ལོ་རྒྱུས་ལ་སོགས་པའི་རིག་གཞུང་དང་རིག་གནས་སྤྱི་ལ་རྩོད་སྒྲུབ་ཀྱིས་དཔྱོད་ཚུལ་སྟོན་བྱེད་ཅིག་ཡིན་ལ། རིགས་ལམ་དེ་ལ་སྦྱངས་ཏེ་རང་གི་ཤེས་རབ་གྱི་རལ་གྲི་རྣོ་དབལ་ཅན་དུ་གྱུར་བ་ན། དེ་ནས་འཛིན་གྲྭ་གོང་མ་རྣམས་རིམ་གྱིས་བགྲོད་དགོས་པ་ཡིན། རྩྭ་བརྔ་བ་ལ་ཐོག་མར་ཟོར་བ་བརྡར་བའི་དཔེ་ལྟར་རང་གི་དཔྱོད་ཤེས་ཀྱི་ནུས་པ་ཚད་དུ་སྨིན་པར་བྱས་ཏེ་རིགས་ལམ་དེས་གཞུང་ལུགས་གཞན་དང་གཞན་ལ་ཡང་དམིགས་འབྱེད་པ་ནི་བོད་དུ་ལོ་ངོ་སྟོང་ཕྲག་གི་སྔོན་ནས་དར་ཡོད་པས། རྒྱ་ནག་གི་རྩོམ་པ་པོ་ལེས་ཁེ་ཧྥོས། སྔོན་དུ་ཤེས་ཚོར་ཇེ་ཟབ་ཏུ་བཏང་ནས་ཕྱིས་སུ་ཤེས་བྱ་སློབ་པ་ཨ་རིའི་སློབ་གསོ་རྒྱ་ནག་ལས་ཁྱད་པར་འབྱེད་བྱེད་དུ་སྟོན་པ་ནི་གསར་བ་གང་ཡང་མིན།

དེ་ལྟར་ལོ་ངོ་བཅུ་བདུན་གྱི་རིང་ལ་ཕྱི་ཉལ་སྔ་ལངས་ཀྱིས་གདན་ས་སོ་སོའི་སློབ་གཉེར་རིམ་གྱིས་རྫོགས་པ་ན།འཛིན་གྲྭའི་ནང་རྩེ་ཏོག་གིས་སྐད་གྲགས་ཆེ་བའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ལོ་ངོ་དྲུག་གི་རིང་ཞུགས་དགོས་ལ། ལོ་ངོ་དྲུག་གི་རིང་དེ་ནི། ལུས་སེམས་ཀྱི་ངལ་དུལ་དང་། འཇིགས་སྣང་། སེམས་ཁྲལ་གྱིས་ཟིན་པའི་ལོ་ངོ་དྲུག་ཡིན། དེའི་རིང་ལ་སྒྲིག་འཛུགས་ཀྱི་ངོས་ནས་སློབ་ཁྲིད་བྱེད་མཁན་ཅི་ཡང་མེད་པར་རང་གིས་དཔྱོད་ཀྱི་ནུས་པ་བེད་སྤྱོད་གཏོང་བའི་དུས་ཡིན་ལ། དགེ་ལུགས་རྒྱུགས་སྤྲོད་པ་ཞིག་གིས་བཤད་དོན། སྐབས་དེར་ཁོས་ཉིན་རེ་ལ་ཆུ་ཚོད་བཅུ་བདུན་ལ་དཔེ་ལྟོས་བྱས་པ་ཡིན་ཟེར། དེའི་ཁར་ཟས་ཐུན་གསུམ་གྱི་ཆུ་ཚོད་བསྣན་ན་ཤུལ་ཏུ་ངལ་གསོ་དང་གཉིད་ཀྱི་ཆུ་ཚོད་ཅི་ཙམ་ཞིག་ལྷག་འདུག

གྲྭ་སར་སྤྱི་ཡོངས་ཀྱི་གོམས་སྲོལ་ཞིག་ནི་དགོང་མོ་ཆུ་ཚོད་མང་བོ་དཔེ་ཆ་བལྟ་རྒྱུ་དེ་རེད་ལ། མང་ཆེ་བ་ཆུ་ཚོད་དང་བོ་ནས་གཉིས་པའི་བར་འདུག་ཀྱིན་ཡོད། འོན་ཀྱང་དགེ་ལུགས་རྒྱུགས་སྤྲོད་པ་ཚོའི་ཉལ་ཁང་གི་གློག་འོད་ནི་ནམ་ཡང་གཟིམ་རྒྱུ་མེད། མཚན་གུང་ཡོལ་རྗེས་ཐོག་བརྩེགས་ཅན་གྱི་ཉལ་ཁང་དེ་ཚོར་རྒྱང་བལྟ་ཞིག་བྱས་ན། མཚན་མོའི་ལྷང་འཇག་གི་ཁྲོད་ནས་སྒེའུ་ཁུང་ཁ་ཤས་ལས་གློག་འོད་ལམ་ལམ་དུ་འཕྲོ་བཞིན་ཡོད་ལ། དེ་ནི་དགེ་ལུགས་རྒྱུགས་སྤྲོད་པ་ཚོའི་ཉལ་ཁང་ཡིན། ལྷ་རམས་སློབ་ཐོན་ཟིན་པ་ཞིག་གིས། ཁོས་ལོ་ངོ་དྲུག་གི་རིང་ལ་དབྱར་ཁའི་དཔལ་ཡོན་ལ་རོལ་མྱོང་བྱས་པ་མི་དྲན་ཟེར། དེ་ནི་འགྲོ་འཆག་ཉལ་འདུག་གང་གི་སྐབས་སུ་ཡང་དམིགས་བསལ་ཅན་གྱི་ཚོར་ཤེས་ཤིག་གིས་སེམས་ཁམས་ལ་ཡོངས་སུ་དབང་བསྒྱུར་བའི་རྐྱེན་གྱི་རེད་ལ། གྲྭ་སའི་སློབ་གཉེར་བ་ཚོས་སྤྱི་ཡོངས་ཀྱི་འདུ་ཤེས་གཉིས་ཏེ། ཀུན་སྤྱོད་དང་ཆུ་ཚོད་ཀྱི་འདུ་ཤེས་ཤུགས་དྲག་པ་ལས་བྱུང་བ་ཞིག་རེད།

ལོ་ངོ་དྲུག་གི་རིང་ལ་རྒྱུགས་སྤྲོད་སྣ་ཁ་ལྔ་བཅུ་ལྷག་གཏོང་དགོས་ལ། དེ་དག་བརྒལ་རྗེས་ད་དུང་ཁང་ཚན་དང་གྲྭ་ཚང་གདན་ས་སྤྱིའི་སྨོན་ལམ་ཆེན་མོའི་སྐབས་སུ་དམ་བཅལ་ཉིན་གྲངས་མང་བའི་རིང་འཇོག་དགོས། གསེག་བཅད་བརྡར་གསུམ་གྱིས་བཙོ་སྦྱངས་ལེགས་པར་བྱས་བའི་གསེར་ལྟར་ཁོང་ཚོའི་མཚུངས་པ་མེད་པའི་ཤེས་རབ་དང་རྣམ་དཔྱོད་ཀྱི་ནུས་པ་ཡང་དེ་དང་འདྲ།
མདོར་བསྡུས་ནས་བཤད་ན། དེང་གི་དུས་འདིར་གྲྭ་སའི་སློབ་སྦྱོང་ནི་མི་སྒེར་བྱེ་བྲག་པ་ཞིག་གི་དམིགས་འདུན་ཁོ་ནའི་ཕྱིར་མིན་པར་འཇིག་རྟེན་སྤྱི་སྨན་གྱི་འགན་འཁུར་སློབ་གསོ་ཞིག་གི་ངོ་བོར་འགྱུར་བཞིན་ཡོད་ལ། འདི་དག་གིས་མཚོན་པའི་ལྷ་རམས་དགེ་བཤེས་རྣམས་ནི་ནང་བསྟན་ཀུན་སྤྱོད་རིག་པའི་མིག་དཔེར་འོས་པའི་མཚན་གཞི་དང་། ནང་བསྟན་ལྟ་གྲུབ་ཉམས་བཞེས་དང་སྒྲོག་སྦྱངས་བྱེད་པའི་དོན་དམ་པའི་མཁས་དབང་དངོས་མ་རྣམས་ཡིན།

2014/2/20 ཉིན་གུང་བྲིས།

སྣ་ཚོགས།

Post navigation

Previous Post: ༸གོང་ས་མཆོག་གིས་ཨ་རིའི་རྒྱལ་སར་བཀའ་སློབ་བསྩལ་བ།
Next Post: བོད་ཀྱི་མགོ་ཁྲིད་གསར་པ་འདི་རྒྱ་གར་ལ་ཉེན་བརྡ་ཞིག་རེད་དམ།

Comments (25) on “གདན་ས་གསུམ་དང་ལྷ་རམས་པ།”

  1. ངག་དབང་སྟོབས་ལྡན། says:
    2014-02-21 at 12:36 pm

    དོན་དངོས་དང་མཐུན་པ་ཞིག་བྲིས་འདུག ཐུགས་རྗེ་ཆེ་ཞེས་ཞུ་བ་དང་ཆབ་ཅིག
    བརྒྱུད་འགོད་ཆོག་པ་ཞུ།

  2. ཀླུ་སྨྱོན། says:
    2014-02-21 at 2:47 pm

    དགེ་བཤེས་ལྷ་རམས་ཀྱིས་ཚེ་འདི་ཕྱི་གཉིས་ཀྱི་གང་ལ་ཕན། ལྷ་རམས་ཚར་ནས་ཀེ་རོམ་རྩེད་མཁན་ཡོད་དམ། ལྷ་རམས་ཡོན་ཚད་ཡོད་ཀྱང་ལྷ་རམས་གོ་ཐོབ་མི་ལེན་མཁན་ཡོད་དམ།

  3. ཚ་ཕྲུག་རྒྱལ། says:
    2014-02-21 at 3:03 pm

    ེདེ་ཡོད་དང་ཡོད། ལྷ་རམས་ཡོན་ཚད་ཡོད་ཀྱང་ལྷ་རམས་གོ་ཐོབ་མི་ལེན་མཁན་ནི། དཔེར་ན་ཀླུ་སྨྱོན་ལྟ་བུ་རེད།

  4. རིན་ཆེན། says:
    2014-02-21 at 3:14 pm

    དགེ་བཤེས་ལྷ་རམས་ཀྱིས་ཚེ་འདི་ཕྱི་གཉིས་ལ་ཕན།

  5. རིན་ཆེན། says:
    2014-02-21 at 3:38 pm

    དགེ་བཤེས་ལྷ་རམས་ཀྱིས་ཚེ་འདི་ཕྱི་གཉིས་ཀར་ཕན།་ འཆལ་རྩོམ་གྱིས་འདི་ཕྱི་་གཉིས་ཀར་ཕན་ནམ། ལྷ་རམས་ཚར་ནས་ཀེ་རོམ་རྩེད་མཁན་ཡོད་རེད། གྲྭ་སར་ཁོངས་མ་འཁྱོལ་མཁན་གྱི་ནང་ན་ལྷ་རམས་ལ་སྡང་པའི་གྲྭ་བ་འཁྱམས་པོ་ཡོད་དམ། ལྷ་རམས་ཡོན་ཚད་ཡོད་ཀྱང་གོ་ཐོབ་མི་ལེན་མཁན་ཀྱང་ཡོད་རེད། ལྷ་རམས་ཡོན་ཚད་མེད་ཀྱང་ཡོད་མདོག་བསྟན་མཁན་ཡོད་དམ།

  6. ཀླུ་སྨྱོན། says:
    2014-02-21 at 3:50 pm

    ལྷ་རམས་ནི་ཡོན་ཚད་ཅིག་རེད། དེས་མི་ཚེ་ལ་ཕན་དང་མི་ཕན་ནི་རང་ཉིད་ཀྱི་ལག་ལེན་ལ་རག་ལས། ལྷ་རམས་ཀྱི་ཡོན་ཚད་ནི་མིག་མངས་རྩེད་སྟངས་སྦྱངས་པའི་ལག་ཁྱེར་ཚད་མཐོན་པོ་ཅན་ཞིག་རེད། དེ་བེད་སྤྱད་ནས་རང་ཉིད་ཀྱི་ཁ་གཏད་དུ་ཉིན་མཚན་མེད་པར་བསྡད་ཡོད་པའི་ཉོན་མོངས་དུག་གསུམ་ལས་རྒྱལ་བ་ཞིག་བྱེད་དང་མི་བྱེད་ནི་རང་ཉིད་ལ་རག་ལས་པར་འདོད། ང་ལ་ལྷ་རམས་པའི་དགའ་ཞེན་དང་སྡང་ཟུག་གཉིས་ཀ་མེད། དེ་བཞིན་ང་ལ་ལྷ་རམས་པའི་ཡ་མཚན་དང་གུས་ཞབས་ཅི་ཡང་མེད། དེ་ནི་མིག་མངས་རིག་པའི་ལག་ཁྱེར་ཅན་ཞིག་ལས་གཞན་ཅི་ཡང་མ་ཡིན་པར་འདོད། སྤྱིར་ན་ལྷ་རམས་པའི་ཡོན་ཚད་ལེན་པར་ལོ་ངོ་ཉི་ཤུ་ལྷག་གཏོང་མི་དགོས་པར་ལོ་བཅུའི་ནང་ལོན་པ་ཞིག་བཟོ་ཐུབ། དེ་ནི་ནུབ་ཕྱོགས་པའི་འབུམ་རམས་པའི་ལག་ཁྱེར་ལེན་སྟངས་དེ་ཡིན། ལོ་དྲུག་འཕར་མ་དེ་ནི་དོན་ངོ་མར་མི་དགོས་པ་ཞིག་རེད། ནང་བསྟན་ཅི་ཡང་མ་སྦྱངས་པ་ཞིག་གིས་ཀྱང་ལོ་དྲུག་ཉིན་མཚན་མེད་པར་དཀའ་སྤྱད་བྱས་ན་ལྷ་རམས་པའི་ལག་ཁྱེར་དེ་ལེན་ཐུབ། དེ་ནི་ལྷ་རམས་པའི་རྒྱུུགས་གཞིར་བལྟས་ན་ཤེས་ཐུབ།

  7. ཀླུ་སྨྱོན། says:
    2014-02-21 at 3:51 pm

    ལྷ་རམས་པར་ཞེས་པ་ཡིན།

  8. ཀླུ་སྨྱོན། says:
    2014-02-21 at 3:53 pm

    ལྷ་རམས་པའི་ཆེད་དུ་ཁོང་ཁྲོ་ལངས་ནས་གཞན་ལ་ཚིག་ངན་བརྗོད་མཁན་ཞིག་ལྷ་རམས་པ་ཆགས་ཀྱང་དེ་ལ་སྙིང་པོ་ཅང་མེད། དེ་ནི་ལྷ་རམས་པ་ཀེ་རོམ་རྩེད་མཁན་ཞིག་གི་གྲིབ་མ་ལས་གཞན་ཅི་ཡང་མིན།

  9. འཇང་གཡུ་ལྷ་ཐོགས་འགྱུར་ says:
    2014-02-21 at 6:13 pm

    ཨ་རི་གཞུང་ཚབ་ཀྱི་ཤེལ་སྒོ་བཅག་པ་དང་བུ་མོ་ལ་བཙན་གཡེམ་བྱེད་མ་ཐུབ་ནས་བསད་མཁན་ཚོ་ལྷ་རམས་པ་ཚད་ལྡན་གྱི་ལག་ཁྱེར་ཡོད་མཁན་ཚོ་རེད་འདུག ཧཧཧཧཧ

  10. བསམ་ཤེས་ says:
    2014-02-21 at 7:25 pm

    ལྷ་རམས་པའི་སློབ་གསོ་དེ་ཚོ་ཡང་མིག་ལྟ་བུ་རེད། གང་ལ་བཀོལ་མ་བཀོལ་སོ་སོའི་འདོད་པ་དང་ཁམས་མོས་པ་སོགས་རེད། མེད་པ་ལས་ཡོད་པ་དགའ། སྤྱིར་དགེ་ལུགས་པ་མ་གཏོགས་དཔེ་ཆར་གཙིགས་ཆེན་མི་བྱེད་པའི་རྣམ་པ་ཞིག་ཕྱི་རྒྱལ་ལ་ཕེབས་པའི་བོད་པའི་བླ་མ་སྔོན་བྱོན་ཚོས་གསུངས་ཀྱང་། ད་ཆ་ཕྱི་རྒྱལ་ཀླད་པ་དང་རྩ་ཐང་བ་རྣམས་ནང་པའི་ཤེས་བྱར་སྔར་ལས་དོ་སྣང་ཆེ་བར་བྱེད། བཀའ་བརྒྱུད་ཀྱི་བླ་མ་དཔོན་སློབ་རིན་པོ་ཆེ་སོགས་ཀྱིས་ཕྱི་རྒྱལ་ལ་ད་ཆ་བཤད་གྲྭ་གཙོ་བོར་བརྩིས་ནས། དགོན་པའི་མིང་ལ་ཡང་ན་ལེན་ཌ་ཞེས་བཏགས། དེ་བཞིན་རྙིང་མའི་སློབ་མ་ཚོས། པད་མ་ཀ་ར་ཡིག་སྒྱུར་ཚོགས་པ་སོགས་བཙུགས་ནས་གཙོ་བོ་མི་ཕམ་དང་ཀོང་སྤྲུལ་གྱི་མདོ་ཕྱོགས་ཀྱི་དབུ་མ་ཕར་ཕྱིན་དེ་ཚོ་ལས་གཞི་གཙོ་བོར་འཛིན།

    ད་ལྟའི་ནུབ་ཕྱོགས་པའི་ནང་པའི་སློབ་མ་ཚོས་དཔེ་ཆར་གཙིགས་ཆེན་བྱེད་པ་མང་བས། མཁན་པོ་དང་དགེ་བཤེས་ཚོ་ཚོང་རྒྱུག་ཆེ། ནང་ཆོས་ཀྱི་དུས་དེབ་འཁོར་ལོ་གསུམ་པའམ། ཊི་རི་སེ་ཁེལ་ཟེར་བ་འདིས། ༢༠༡༠ནས་བཟུང་ཨ་རིའི་ནང་ལ་དགེ་ལུགས་ཀྱི་ཆོས་ཚོགས་དར་ཁྱབ་ཆེ་ཤོས་དང་གྲངས་ཀྱི་ཆ་ནས་འཕེལ་ཆེ་ཤོས་རེད་ཟེར། རྒྱུ་མཚན་ནི་ན་གཞོན་གྱི་ནང་པའི་སློབ་མ་ཚོ་དབང་གཅིག་པུ་མ་ཡིན་པར། གཞུང་ཆེན་ལ་དོ་སྣང་ཆེ་བ་བྱེད་ཟེར།

    དེ་དང་དུས་མཚུངས། རྫོང་གསར་མཁྱེན་བརྩེ་མཆོག་ནས། དེང་དུས་ཀྱི་འགྲོས་དང་བསྟུན་ནས། བཀའ་འགྱུར་དང་བསྟན་འགྱུར་བོད་ཡིག་ནས་དབྱིན་ཡིག་ལ་སྒྱུར་འགོ་བཙུགས་སོང་། དེ་ཡང་གཞུང་དང་དཔེ་ཆ་ལ་དོ་སྣང་བྱེད་མཁན་མང་དུ་ཕྱིན་པའི་སྟབས་ཀྱིས་ཡིན་པ་གཞུང་འབྲེལ་གྱི་ཡིག་ཆ་ཁག་ཏུ་གསལ།

    ད་སྔོན་མ་ནང་བཞིན་བླ་མ་བྲག་ཕུག་ནས་ཐོན་མ་ཐག་ཞིག་ལ། ཞབས་ཕྱི་དབྱིན་ཇི་ལོ་ཆུང་ཞིག་ཁྲིད་ཡོང་ནས། གཞན་ལ་མེད་པའི་གསང་བའི་དམ་པ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་གདམ་པ་ཞིག་སྟོན་རྒྱུ་ཡོད་ཟེར་མཁན་མཐོང་ཡས་མིན་འདུག ཡོད་ཀྱང་དོ་སྣང་བྱེད་མཁན་ཉུང་། དེ་ནང་པའི་གནས་བབ་ནས་བལྟས་ན་དགའ་འོས་པའི་འགྱུར་བ་ཞིག་རེད་སྙམ།

    ང་རང་ས་དགེ་བཀའ་རྙིང་ཀུན་གྱི་ཁུངས་ལྡན་གྱི་ཡིག་ཆ་དང་གཞུང་། ཁྲིད་སོགས་ལ་དད་མོས་ཆེ། དེ་དག་ཚང་མ་དགྲ་ཉོན་མོངས་ཐོག་ལ་གནད་ལ་འཁེལ་བའི་ལག་ཆ་སྤུས་མ་ཤ་སྟག་རེད། རྗེ་རིན་པོ་ཆེའི་མན་ངག་རྣལ་པོ་ཆེ་སྟེ། “བསྟན་པ་ཐམས་བཅད་འགལ་མེད་རྟོགས་པ་དང་། གསུང་རབ་མ་ལུས་གདམ་པར་འཆར་བ།”ཟེར་བའི་མན་ངག་དེ་བཀོལ་ཤེས་ན། ས་དགེ་བཀའ་རྙིང་གི་གཞུང་ཀུན་ལ་གདམ་ངག་མང་པོ་འདུག

    སེམས་ངོའི་དྲན་པ་སྐྱོང་སྟངས་ལ་རྫོགས་ཆེན་གྱི་གཞུང་དེ་རྫིག་རྫིག་རེད། གསལ་སྟོང་གི་ཟུང་འཇུག་སྐྱོང་སྟངས་ལ་ཕྱག་ཆེན་དེ་རྫིག་རྫིག་རེད། རིགས་པ་དང་སྟོང་ཉིད་འཇོག་སྟངས་ལ་དབུ་མ་དེ་རྫིག་རྫིག་རེད། ཚང་མ་བདག་འཛིན་གྱི་ཁ་གཏད་ལ་བཀོལ་ཤེས་ན་གཅིག་གྲོགས་གཅིག་སྙེད་རེད།

    ཧ་ཧ།

  11. བསམ་ཤེས་ says:
    2014-02-21 at 7:30 pm

    འོ་བཤད་དུ་བརྗེད་འདུག ཕྱི་རྒྱལ་གཅིག་པུ་མ་ཡིན་པར། ཕྱི་རྒྱལ་ལ་ཡོད་པའི་བོད་པ་ཚོའི་ནང་ལ་ནང་ཆོས་སློབ་སྦྱོང་ལ་དོ་སྣང་ཇེ་ཆེ་རེད་འདུག ཨ་ཁུ་ཀླུ་སྨྱོན་གྱི་ཤེས་ཨེ་བྱུང་། ཚེ་རིང་སྐྱིད་ཀྱང་ད་ཆ་དགེ་བཤེས་ག་གེ་མོ་ཞིག་གི་དྲུང་ནས་དབུ་མ་ག་གེ་མོ་ཞིག་སྦྱོང་གི་འདུག་ཟེར།

  12. མྱི་དཀར says:
    2014-02-21 at 8:05 pm

    མི་ཚེ་རྩོད་པ་དང་། ཚིག་ལ་བསྐྱལ་བ་དང་། སྒོམ་པ་ལ་བསྐྱལ་བ་གཉིས་སུ་ཕན་ཡོན་ཆེ།

  13. ཏི་སི། says:
    2014-02-21 at 9:57 pm

    བསམ་ཤེས་ལགས། མཆན་བུ་གནང་བ་ཤིན་ཏུ་བཟང་ངོ།

  14. ལ་སྟོད་སྟོབས་རྒྱས། says:
    2014-02-22 at 12:52 am

    ཧཧ།སྤྲུལ་སྐུ་ཀླུ་སྨྱོན་གྱི་གཤིས་ཀ་དང་ཐུགས་རིག་སོགས་ལ་བལྟས་ན་ཕལ་ཆེར་སྐྱེ་བ་ཁ་ཤས་བརྗེས་ཀྱང་ལྷ་རམས་པ་ཐོབ་ས་མ་རེད།གདན་ས་ནས་ལོ་མང་བསྡད་ཀྱང་དགེ་བཤེས་མ་ཐོབ།ནུབ་ཕྱོགས་ནས་ལོ་མང་བསྡད་ཀྱང་ཨིན་ཡིག་མི་ཤེས།ད་འགྲེལ་བཤད་མང་པོ་དགོས་པ་མེད་རེད།

  15. ཀླུ་སྨྱོན། says:
    2014-02-22 at 1:44 am

    གདན་ས་ནས་ལོ་གཅིག ནུབ་ཕྱོགས་ནས་ལོ་བཅུ།

  16. དྲན་དཀར་དཔལ་ཡོན་ says:
    2014-02-22 at 1:56 am

    ད་གང་ཤེས་གང་ཤེས། གཞུང་ཆེན་བཀའ་བོད་ལྔ་ཚེ་རིང་སྐྱིད་ཀྱི་ཨོང་ཤའི་ངོར་ཨེཔདཌི་ནང་ཤར་བ་བཞིན་འཆར་ཐུབ་ཆུ་ཚོད་དྲུག་ནང་སྐུ་ཞབས་ཀླུ་སྨྱོན་གྱིས་འདོན་ཚར་ཤག་ཤག་རེད། སྐུ་ཞབས་ཀླུ་སྨྱོན་དབང་རྟུལ་རྩ་ནས་མ་རེད་ད།
    དབྱིན་ཡིག་་ནི་ཤེས་བྱ་ཡག་ག་ཅུང་མ་རེད།

  17. དྲན་དཀར་དཔལ་ཡོན་ says:
    2014-02-22 at 2:01 am

    གཅིག་ཆད་འདུག འཆར་ཐུབ་ན་འི་ན་་་་་་

  18. བོད་ཀྱི་བུ་ says:
    2014-02-22 at 5:43 am

    ཐོས་པ་མེད་པའི་སྒོམ་པ་དེ་ལག་ཟླུམ་བྲག་ལ་རྫེགས་པ་འདྲ།།།།།

  19. མེ་ཏོག་དཀར་པོ says:
    2014-02-22 at 7:32 am

    ལྷ་རམས་པ་ཟེར་བ་འདི་དངོས་གནས་ཧ་ལས་ཡ་གི་ཡག་པོ་རེད། ཁྱེད་ཚོས་རང་གི་ཟ་ན་ཁ་ཚ། གཞན་གྱིས་ཟ་ན་མིག་ཚ། མ་ཡིན་པར་རྗེས་སུ་ཡི་རངས་བྱོས། ལྷ་རམས་པས་ཀེ་རེམ་རྒྱབ་ན་སྐྱོན་ག་རེ་འདུག སྐབས་རེ་ཁམས་སངས་ཆེད་ཀེ་རེམ་རྩེས་པ་ཡང་སྤྱོད་པ་མི་དང་བསྟུན་པ་རེད། དེ་ཡང་ཡག་པོ་མཐོང་སོང་།

  20. མེ་ཏོག་དཀར་པོ says:
    2014-02-22 at 7:37 am

    ལྷ་རམས་ཀྱིས་ཚེ་འདི་ཕྱི་གཉིས་ག་རེ་ལ་ཕན་ཟེར་ན། དྲི་བ་སྤྱི་ལྡོག་ནས་རེད་འདུག དེ་ལན་སྤྱི་ལྡོག་ནས་རྒྱབ་ན་ཚེ་འདི་ཕྱི་གཉིས་ཀར་ཕན་ཟེར་རྒྱུ་ཡིན།

    མི་ཚེ་རྩོད་པ་དང་། ཚིག་ལ་བསྐྱལ་བ་དང་། སྒོམ་པ་ལ་བསྐྱལ་བ་གཉིས་སུ་ཕན་ཡོན་ཆེ།ཟེར་བ་ལ་ལན་ཕྱེ་སྟེ་རྒྱབ་དགོས། རྩོད་ཟེར་བ་ཆགས་སྡང་གིས་བསླད་མ་བསླད། ཚིག་ལ་འང་ཀུན་སློང་གང་འདྲ་ཞིག་གི་སྒོ་ནས། སྒོམ་པའང་དེ་དང་དེ་བཞིན་རེད།
    བསམ་ཤེས་ཀྱི་མཆན་བུ་རིང་པོ་དེ་སྣང་བ་འགྲོ་པོ་བྱུང་།

  21. མེ་ཏོག་དཀར་པོ says:
    2014-02-22 at 7:42 am

    སེ་ར་འབྲས་སྤུང་དགའ་ལྡན་གསུམ་ལ་གདན་ས་གསུམ་ཟེར་ན་ཁྱབ་ཆེ་གི་འདུག དགེ་ལུགས་པའི་གདན་ས་གསུམ་ཟེར་ན་ཡག་ས་རེད།

  22. དབྱངས་ཅན་འབངས says:
    2014-02-22 at 9:30 am

    ལྷ་ལྡན་སྨོན་ལམ་རབ་འབྱམས་པ།།
    ལྷ་གྲལ་བསྡད་པ་དཀའ་སྤྱད་འབྲས།།
    ལྷ་རམས་ཐབས་ཆག་རེ་རེ་སྲིད།།
    ལྷ་རམས་བྱིངས་ནི་ལྷ་རང་རེད།།

  23. མྱི་དཀར says:
    2014-02-22 at 8:30 pm

    རྩོད་པ་ཟེར་བ་ནི་གདན་སའི་རྩོད་གྲྭར་འགྲིམས་ཏེ་མི་ཚེ་བསྐྱལ་བ་དང་། དབེན་པའི་གནས་སུ་ཐོས་དོན་རང་རྒྱུད་ལ་བཀལ་ནས་ཉམས་སུ་ལེན་པ་གཉིས་ལ་ཟེར་བ་ཡིན།

  24. མེ་ཏོག་དཀར་པོ says:
    2014-02-22 at 11:29 pm

    ལྟར་སྣང་ལ་སྔ་མ་དེར་ཁ་ཡོད་ལག་ཡོད་དང་ཕྱི་མ་དེ་ཁ་ཡོད་ལག་མེད་རེད་ལགས།

  25. ཀརྡོ་གཉེར་ཕྱག་པ་ says:
    2014-02-22 at 11:46 pm

    གདན་ས་རྒྱ་མཚོའི་ནང་ལ།
    ཉ་སྲིན་སྦལ་པ་མང་ཟེར།
    སེ་འབྲས་དགའ་གསུམ་དེ་ནི།
    ན་ལེན་ཌ་དེ་འདྲ་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme