Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལེན་རྒྱུ་སྐྱུར་རྒྱུ་གཉིས་ཀ་ཡོད་པའི་བགྲོ་གླེང་།

Posted on 2014-01-192014-01-20 By ཡེ་ཤེས་ 13 Comments on ལེན་རྒྱུ་སྐྱུར་རྒྱུ་གཉིས་ཀ་ཡོད་པའི་བགྲོ་གླེང་།

རྩོམ་པ་པོ། གུང་ཐང་བསྟན་པའི་སྒྲོན་མེ།

ཟློས་གར་གྱི་བསྟན་བཅོས་ཡང་དག་ལམ་དུ་བཀྲི་བའི་རོལ་རྩེད་ཅེས་བྱ་བ་བཞུགས་སོ།།

ཐོག་མར་དགེ་བ་ཀླད་ཀྱི་དོན།

ཚིག་དོན་སྤོབས་པ་ངེས་པའི་ཚིག། སོ་སོ་རིག་པས་འགྲོ་དོན་མཛད།། ཐུབ་པའི་དབང་བོ་ལ་བཏུད་ནས།། རྗེས་མཐུན་རྒྱུ་ལ་འཇུག་པར་འོས།།

བར་དུ་དགེ་བ་གཞུང་གི་དོན།

༼དེ་ཡང་རྒྱ་གར་གྱི་སློབ་དཔོན་པྲཛྙཱ། བོད་ཀྱི་བཙུན་པ་ཤེས་རབ། སོག་པོའི་བཙུན་པ་བི་ལིག རྒྱའི་བཙུན་པ་ཚཻ་དཔཱེ་རྣམས་ལྷན་ཅིག་ཏུ་ཚོགས་སོ།།༽ ༼དེ་ནས། ༽
ཚཻ་དཔེ་ན་རེ། རྒྱ་གར་ཆོས་ཀྱི་འབྱུང་ཁུངས་ཡིན། དེང་སང་ཆོས་དར་ས་བོད་དང་སོག་པོ་གཉིས་བཟང་བས། རྒྱ་གར་བླ་མས་འདི་གཉིས་ལ་ཆོས་ཀྱི་དྲི་བ་གནང་སྟེ་ཐུགས་ལ་གང་འབབ་བལྟ་དགོས།
པྲཛྙཱ་ན་རེ། དམ་པའི་ཆོས་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་ཞིག་ཡིན་པས། འཇུག་ཚུལ་ཡང་དེ་དང་མཐུན་པ་ཞིག་དགོས། 
ཤེས་རབ་ན་རེ། དམ་པའི་ཆོས་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་ཞིག་ཡིན་པས་འཇུག་ཚུལ་ཡང་དེ་དང་མཐུན་པ་ཞིག་དགོས་གསུངས་པ་ཤིན་ཏུ་ཐུགས་བདེན། 
བི་ལིག་ན་རེ། དམ་པའི་ཆོས་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་ཞིག་ཡིན་པས། འཇུག་ཚུལ་ཡང་དེ་དང་མཐུན་པ་ཞིག་དགོས་པ་ངས་ཀྱང་གོ་ལགས། 
ཚཻ་དཔཱེ་ན་རེ། བཟང་བཟང་། ཆོས་ཀྱི་མགོ་ནས་ཁྱེད་རྣམས་ཐུགས་མཐུན་བྱུང་བ་རྟེན་འབྲེལ་བཟང་། ཡིན་ཀྱང་ད་དུང་དྲི་བ་ཞིབ་མོ་མང་བོ་གནང་སྟེ་སངས་རྒྱས་ཀྱི་བསྟན་པའི་དག་ཐེར་བྱེད་དགོས། 
པྲཛྙཱ་ན་རེ། བོད་དང་སོག་པོའི་བཙུན་གཉིས་ལེགས་པར་ཉོན།

ངའི་དྲི་བ་འདི་ལ་ལན་ལེགས་པར་འདེབས་དགོས། ཐོག་མར་ཆོས་ཀྱི་རྩ་བ་གང་ཡིན། 
ཤེས་རབ་ན་རེ། ཆོས་ཀྱི་རྩ་བ་སེམས་ཡིན། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་ནི་ཆོས་ལ་རག་ལས། ཆོས་ནི་སེམས་ལ་རག་ལས་ཞེས་གསུངས་པ་ལྟར་ཡིན། 
བི་ལིག་ན་རེ། སེམས་ལ་ཆོས་ཀྱི་རྩ་བར་འགྲོ་མི་འགྲོ་སྣ་ཚོགས་ཡོད་པས། ཁྱོད་ཀྱི་དེ་བཤད་པ་ཞིབ་ཆ་མ་ཐོན་པར་འདུག དཀོན་མཆོག་ཏ་ལ་ལ་ལས། དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ།། ཞེས་སོགས་དང་། འདུན་པའི་རྩ་ལ་རབ་ཏུ་གནས།། ཞེས་གསུངས་པ་ལྟར་ཆོས་ཀྱི་རྩ་བ་དད་པ་ཡིན། 
ཤེས་རབ་ན་རེ། ཁྱོད་ཀྱིས་ཞིབ་ཆ་ཐོན་པ་བྱས་ཏེ། ནས་ལའང་ས་བོན་རུང་མི་རུང་སྣ་ཚོགས་ཡོད་པས་ནས་མྱུག་གི་ས་བོན་ལ་ནས་མི་འཇོག་པར། ནས་ལས་གཞན་ཞིག་འཇོག་རྒྱུ་ཡིན་ནམ།
 བི་ལིག་ན་རེ། ནས་ཀྱི་ས་བོན་ནས་ལས་གཞན་ཞིག་འཇོག་རྒྱུ་མེད་ཀྱང་། ནས་ཡིན་ཚད་ས་བོན་དུ་འཇོག་མི་དགོས་མོད། 
ཚེེ་དཔཱེ་ན་རེ། ནས་རུལ་བ་དང་ཚིག་པས་ས་བོན་མི་རུང་བ་ངས་ཀྱང་ཤེས། ཡིན་ནའང་ནས་སྐྱེ་བ་ལ། ནས་འདེབས་དགོས། གྲོ། སྲན་མ། ཁྲེ། སོ་བ་སོགས་འབྲུ་གང་འདེབས་འདོད་ནའང་ས་བོན་ལ་འབྲུ་རང་རང་འདེབས་དགོས།

ཤེས་རབ་ན་རེ། ངས་ཀྱང་སེམས་ཡིན་ཚད་ཆོས་ཀྱི་རྩ་བར་བཞག་པ་མིན། འགྲོ་བ་བཞིའི་ཆོས་ལས་མི་འདའ་བའི་སེམས་ཤིག་འཇོག་རྒྱུ་ཡིན། ཁྱོད་ཀྱིས་ཟེར་བའི་དད་པ་ཅན་གྱི་མཚམས་ཀྱང་དེ་འདྲ་ཞིག་དགོས་པར་རིན་ཆེན་ཕྲེང་བ་ལས་གསུངས་ཡོད། 
པྲཛྙཱ་ན་རེ། ཁྱེད་གཉིས་ཚིག་གི་ཟེར་ལུགས་མ་འདྲ་བ་ཙམ་མ་གཏོགས་དོན་ལ་མཐུན་པར་སྣང་། ངའི་ཡིད་ལའང་འཐད་པ་བྱུང་། 
བི་ལིག་ན་རེ། འགྲོ་བ་བཞིའི་ཆོས་ལས་མི་འདའ་ཚུལ་སོགས་དྲི་རྒྱུ་འདུག་སྟེ། དོན་གྱི་རྩ་བ་བློ་རྩེ་མཐུན་ཡོད་ན་དེས་ཆོག ཚིག་གི་སྤྲོས་པའི་མཐའ་མི་ཆོད། 
ཚེེ་དཔཱེ་ན་རེ། ཆོས་ཀྱི་རྩ་བ་གང་ཡིན་ལ། ཁྱོད་བླ་མ་དང་བཙུན་པ་རྣམས་མི་མཐུན་པ་མེད་པ་དེ་ཤིན་ཏུ་ལེགས། ད་དུང་ཡང་ཆོས་འདི་རྒྱ་ཆེ་གཏིང་ཟབ་པས་འཕྲོས་པ་དོན་ཅན་མང་དུ་གནང་དགོས། 
པྲཛྙཱ་ན་རེ། ཆོས་ཀྱི་འཇུག་སྒོ་གང་ཡིན། 
ཤེས་རབ་ན་རེ། ཆོས་ཀྱི་འཇུག་སྒོ་སྐྱབས་འགྲོ་ཡིན་ཏེ། ཕྱི་ནང་གི་ཁྱད་པར་ཡང་སྐྱབས་འགྲོའི་སྟེང་ནས་འཇོག་པ་མཉམ་མེད་ཇོ་བོ་ཆེན་པོའི་དགོངས་པ་ཡིན། 
བི་ལིག་ན་རེ། ཆོས་སམ་བསྟན་པ་སྤྱིའི་འཇུག་སྒོ་སྐྱབས་འགྲོ། ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད། སྔགས་ཀྱི་འཇུག་སྒོ་དབང་ཡིན་པར་ཡོངས་སུ་གྲགས་མོད། འདི་ལའང་དཔྱད་རྒྱུ་ཞིག་ཡོད་དེ། སྐྱབས་འགྲོ་ལས་ལོགས་སུ་གྱུར་བའི་བསྟན་པ་ཞིག་མེད་ན་འདི་དེའི་སྒོར་འཇོག་ལུགས་མེད། སྐྱབས་འགྲོ་ལས་ལོགས་སུ་གྱུར་བ་ཞིག་ཡིན་ན་དེ་ནང་བའི་ཆོས་མ་ཡིན་པའི་སྐྱོན་དུ་མི་འགྱུར་རམ། 
ཚེེ་དཔཱེ་ན་རེ། སོག་པོའི་བཙུན་པས་ཟེར་བ་འདི་བདེན་པ་འདྲ་མོ་ཞིག་འདུག མཁར་གྱི་སྒོ་དང་མཁར་གཉི་ག་མི་གཅིག་པ་བཞིན་ཆོས་ཀྱི་སྒོ་དང་ཆོས་གཉི་ག་སོ་སོར་ཡོད་དགོས་རྒྱུ་ཨེ་ཡིན། 
ཤེས་རབ་ན་རེ། དེ་ཁྱེད་གཉིས་ཀས་མ་གོ་བར་སྣང་། སྒོའང་ཕོ་བྲང་གི་ཁོངས་སུ་འདུ་དགོས་པ་མ་གཏོགས། དེ་ཕོ་བྲང་ལས་ལོགས་སུ་ཡོད། ཕོ་བྲང་གི་རྩིག་པའང་ཕོ་བྲང་ལས་ལོགས་སུ་ཡོད། ཀ་བ་གདུང་མ་སོགས་ཀྱང་ཕོ་བྲང་ལས་ལོགས་སུ་ཡོད་ན་དེ་ཚོ་བསལ་ཤུལ་ནས་ཕོ་བྲང་ཞིག་སྟོན་རྒྱུ་ཡོད་དགོས་ཀྱང་དེ་སྟོན་རྒྱུ་མི་རྙེད། དེ་ཐམས་ཅད་ཚོགས་ཙམ་ལ་ཕོ་བྲང་ཞེས་ཕར་བཏགས་པ་ཙམ་ཞིག་ཡིན། དེ་བཞིན་དུ་སྐྱབས་འགྲོའང་བསྟན་པ་ལ་སློབ་པའི་ཐོག་མ་ནས་འཇུག་པ་ཡིན་པས་ན་སྒོ་དང་། ཞུགས་ནས་ཉམས་སུ་ལེན་རྒྱུའི་གཙོ་བ་ཡིན་པས་ན་གཞུང་ཤིང་སོགས་སུ་བཏགས་པ་མ་གཏོགས། བསྟན་པ་ལས་ལོགས་སུ་གྱུར་བའི་དེའི་འཇུག་སྒོ་ཞིག་འཇོག་མི་དགོས། 
པྲཛྙཱ་ན་རེ། དེ་ཤིན་ཏུ་ལེགས། སེམས་བསྐྱེད་ཐེག་ཆེན་གྱི་འཇུག་སྒོར་བཤད་ཀྱང་། ཐེག་ཆེན་གྱི་ལམ་ཐམས་ཅད་སེམས་བསྐྱེད་ཀྱི་ཡན་ལག་ཏུ་འདུ་དགོས། གསང་སྔགས་ཀྱི་འཇུག་སྒོ་དབང་ཞེས་བཤད་པའང་དང་བོར་འཇུག་པའི་ཚེ་སྔོན་འགྲོར་བྱས་པ་གཅིག་པུ་མ་ཡིན་པར། སྨིན་བྱེད་ཀྱི་རྒྱུ། གྲོལ་བྱེད་ཀྱི་ལམ། གྲོལ་བ་འབྲས་བུ་སྟེ་སྔགས་ཀྱི་ལམ་འབྲས་ཐམས་ཅད་དབང་གི་ཁོངས་སུ་འདུས་པ་ཡིན། 
བི་ལིག་ན་རེ། བསྟན་པའི་འཇུག་སྒོ་སྐྱབས་འགྲོ་ཡིན་པ་ཁྱོད་བདེན་པའི་དབུང་དུ་བྱས་ཀྱང་དེ་ཙམ་གྱིས་གོ་མི་ཆོད། སྐྱབས་སུ་འགྲོ་བའི་རྒྱུད། སྐྱབས་སུ་སོང་བའི་ཚད། སྐྱབས་འགྲོའི་ངོ་བོ། དེའང་ཐུན་མོང་བའི་དབང་དུ་བྱས་ན་ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་ལེན་པ། གཞན་དུ་མི་སྨྲ་བ་བཞི་དང་། ཐུན་མོང་མ་ཡིན་པ་ཀུན་ཏུ་འགྲོ་བའི་ཁྱད་པར། ཁས་ལེན་པའི་ཁྱད་པར། རྟོགས་པའི་ཁྱད་པར། ཟིན་གནོན་གྱི་ཁྱད་པར་བཞི། སྐྱབས་སུ་སོང་བའི་ཕན་ཡོན་སོགས་ལེགས་པར་བཤད་དགོས། 
ཤེས་རབ་ན་རེ། ཁྱོད་ཀྱིས་སྐྱབས་སུ་འགྲོ་བའི་རྒྱུ། སྐྱབས་སུ་སོང་བའི་ཚད། སྐྱབས་འགྲོའི་ངོ་བོ་དེའང་ཐུན་མོང་བའི་དབང་དུ་བྱས་ན་ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་ལེན་པ་བཞིན་དུ་མི་སྨྲ་བ་བཞི་དང་། ཐུན་མོང་མ་ཡིན་པ་ཀུན་ཏུ་འགྲོ་བའི་ཁྱད་པར། ཁས་ལེན་པའི་ཁྱད་པར། རྟོགས་པའི་ཁྱད་པར། ཟིལ་གནོན་གྱི་ཁྱད་པར་བཞི། སྐྱབས་སུ་སོང་བའི་ཕན་ཡོན་སོགས་གང་ཡིན་ཞེས་དྲིས་པ་དེ་རྒྱ་ཆེ་མདོག་ཁ་པོ་འདུག ཡིན་ཀྱང་དྲི་རྒྱུའི་གཙོ་བོ་ལུས་སྣང་། རང་ཅག་ཐམས་ཅད་སྐྱབས་འགྲོའི་སྡོམ་པ་ཡང་ཡང་ཁས་བླངས་ཡོད་པ་ཤ་སྟག་ཡིན་པས། ངེས་པར་རྩད་གཅོད་རྒྱུ་ཡིན་ན་ཁ་ནང་དུ་བསྐོར་ཏེ་སྐྱབས་འགྲོའི་བསླབ་བྱ་གཙོ་བོར་འདྲི་དགོས། སྐྱབས་འགྲོའི་ཁོངས་འདིར་གསུང་རབ་ཐམས་ཅད་འདུ་བས། སླར་འཕྲོས་པ་རིམ་པ་བཞིན་བྱས་ཆོག 
པྲཛྙཱ་ན་རེ། ཆོས་ཀྱི་གནས་ལུགས་གང་ཡིན་རིགས་པ་ཕྲ་མོས་དཔྱོད་ལ་ལན་ཐོབས། 
བི་ལིག་ན་རེ། ཆོས་ཀྱི་གནས་ལུགས་ནི་ཟབ་མོ་སྟོང་བ་ཉིད་ཡིན། དེ་ལས་གཞན་དུ་འདའ་ས་མེད་པས་ཆོས་ཀྱི་ཕྱག་རྒྱ་ཟེར་བ་ཡིན་ལགས། 
ཤེས་རབ་ན་རེ། གནས་ལུགས་སྟོང་བ་ཉིད་ཅེས་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཟེར་ཡང་སྟོང་ཉིད་ཀྱི་འཇོག་མཚམས་མི་འདྲ། ཁྱོད་ཀྱིས་ཅི་འདྲ་ཞིག་ལ་བསམས་ནས་སྨྲས་པ་ཡིན། 
པྲཛྙཱ་ན་རེ། སྟོང་ཉིད་ལེགས་པར་གོ་བ་ལ་དགག་བྱ་ངོས་ཟིན་དགོས། དེ་ཤེས་ན་དེ་བཀག་པའི་སྟོང་བ་ཤེས་སླ། ཁྱེད་གཉིས་དགག་བྱ་ཇི་ལྟ་བུ་འགོག་དགོས་པར་འདོད་པ་ཡིན། 
བི་ལིག་ན་རེ། དགག་བྱ་ཕྱི་དོན་བཀག་པའོ།། སྟོང་ཉིད་སེམས་ཙམ་པས་འདོད་པ་ལྟ་བུས་གོ་མི་ཆོད། དབུ་མ་བའི་ལུགས་འདིར་དགག་བྱ་བདེན་གྲུབ་འགོག་དགོས། མདོར་བསྡུས་ན་ཆོས་གང་ལའང་རྣམ་རྟོག་གིས་ཕར་བཏགས་པ་ཙམ་ཞིག་མིན་པ་ཁོང་རང་གི་ངོས་ནས་གྲུབ་རྒྱུ་མེད་པ་ཡིན། 
ཤེས་རབ་ན་རེ། ཐག་རིང་ནས་མི་ཞིག་དང་ཐོ་ཡོར་ཞིག་གཤིགས་ཡོད་པ་ལ་མི་གཉིས་འདུག་བསམ་པའི་ཚེ། ཐོ་ཡོར་གྱི་ངོས་ནས་མི་མ་གྲུབ་པས་རྣམ་རྟོག་གི་ཕར་བཏགས་པ་ཙམ་ཡིན་མོད། མི་དེའི་ངོས་ནས་ཀྱང་མིར་གྲུབ་པ་མེད་པས་ཕར་བཏགས་ཙམ་ཡིན་ནམ། 
བི་ལིག་ན་རེ། ཐག་རིང་ནས་མི་ཞིག་དང་ཐོ་ཡོར་ཞིག་གཤིབས་ཡོད་པ་ལ་མི་གཉིས་འདུག་བསམ་པའི་ཚེ། ཐོ་ཡོར་གྱི་ངོས་ནས་མི་མ་གྲུབ་པས་རྣམ་རྟོག་གིས་ཕར་བཏགས་པ་ཙམ་ཡིན་མོད། མི་དེའི་ངོས་ནས་ཀྱང་མི་གྲུབ་པ་མེད་པས་ཕར་བཏགས་ཙམ་ཡིན། དེ་གཉིས་རང་ངོས་ནས་མིར་གྲུབ་མ་གྲུབ་ཀྱི་ཁྱད་བྱུང་ན་དངོས་སྨྲ་བ་དང་ཁྱད་ཅི་ཡོད། 
པྲཛྙཱ་ན་རེ། དེ་གཉིས་དོན་དམ་པར་རང་རང་གི་ངོ་བོས་གྲུབ་མ་གྲུབ་ཀྱི་ཁྱད་པར་མེད་ཀྱང་། ཐ་སྙད་དུ་མིར་གྲུབ་མ་གྲུབ་མིའི་བྱ་བ་བྱེད་ནུས་མི་ནུས་ཀྱི་ཁྱད་ཡོད་པས་ཐ་སྙད་ཀྱི་འཇོག་མཚམས་འདི་ནས་གོ་དཀའ། དེ་གཉིས་ཀ་ཡིད་ངོར་འགལ་མེད་གྲོགས་སུ་སོང་བ་ཞིག་བྱུང་ན་རྒྱལ་བའི་དགོངས་པ་མཐར་ཐུག་རྙེད་པ་ཡིན་པས་ངོ་མཚར་ཆེ། 
ཚེེ་དཔཱེ་ན་རེ། དེ་གོ་བ་དཀའ་མོ་འདུག ཡིན་ཀྱང་ཚིག་ཙམ་རྣ་བས་ཐོས་ནའང་གསེར་དངུལ་སྲང་ཁྲི་ཚོ་རྙེད་པ་ལས་དོན་ཆེན་པོ་ཡོད་པས་བཀའ་དྲིན་ཆེ། 
ཤེས་རབ་ན་རེ། འདི་གོ་དཀའ་བས་མིང་སྣ་ཚོགས་བཏགས་ཀྱང་དོན་ཐོག་ཏུ་འབབ་དཀའ། མཁས་གྲུབ་ཐམས་ཅད་མཁྱེན་པའི་ཞལ་ནས། ཇི་སྲིད་མིག་ལྡན་སྐྱེ་བོས་མ་དཔྱད་པ།། དེ་སྲིད་དམུས་ལོང་བརྒྱ་ཡིས་རབ་དཔྱད་ཀྱང་།། གླང་ཆེན་གཟུགས་ལ་ལོག་པའི་ཐ་སྙད་བརྒྱ།། ཀུན་ནས་འདོགས་པའི་མུ་ཅོར་འཕེལ་བ་ཙམ།། ཞེས་གསུངས་ལ། དེ་ཉིད་ཀྱིས་སྟོང་ཐུན་སྐལ་བཟང་མིག་འབྱེད་ནའང་དེ་འདྲ་ཞིག་གསུངས་ཡོད། ལྕང་སྐྱ་ཐམས་ཅད་མཁྱེན་པས། ཨ་མ་ཐལ་དཀར་གྱི་གླང་ཆེན་གཟུགས།། གསུངས་པའང་འདི་ཚོ་དང་སྒོ་བསྟུན་ནས་གསུངས་པ་རེད། སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱིས་ཀྱང་། དམུས་ལོང་གླང་ཆེན་ཞིབ་ཕྱགས་བཞིན།། ཞེས་སོགས་རྩ་འགྲེལ་ཐམས་ཅད་ན་དཔེ་འདི་ཡང་ཡང་གསུང་འདུག 
བི་ལིག་ན་རེ། དཔེ་འདིའི་ཁུངས་རྒྱས་པ་ཐེག་བསྡུས་ན་ཡོད། འདི་གླང་བོ་ཆེ་ཤེད་ཆེ་བ་དཔེར་བྱས་པ་ལ་འབྲེལ་བ་ཅི་ཡང་མེད། གཟུགས་ཆེ་སོང་བ་མིག་ཅན་གྱིས་བལྟས་ཙམ་ནས་མགོ་མཇུག་ཚང་མ་མཐོང་ཐུབ་ཀྱང་། དམུས་ལོང་གིས་ལག་མྱོང་བྱས་ན་ཚོད་མི་ཟིན་པས་མིང་སྣ་ཚོགས་འདོགས་པ་རེད། ཤིང་རྟ་ཆེན་པོ་ཚོས་དཔེ་སྦྱོར་ཚུལ་འདི་ཙམ་གོ་བའང་གཞུང་ཆེན་མོ་རྣམས་ཀྱི་རྒྱུས་ཡོད་དགོས། སྔོན་བོད་བསྟན་པའི་འབྱུང་ཁུངས་ཟེར་ཡང་། དེང་སང་གཞུང་ལུགས་ཐམས་ཅད་ལ་རྒྱུས་ཡོད་པ། དབང་ལུང་མན་ངག་གི་རྒྱུན་ཡོད་པ་ང་ཚོ་སོག་པོ་བཟང་བར་འདུག
པྲཛྙཱ་ན་རེ། བསྟན་པའི་འབྱུང་ཁུངས་དང་ཡུལ་དབུས་ཟེར་བ་དེ་ངེད་རྒྱ་གར་འཕགས་པའི་ཡུལ་ཡིན། ཁྱེད་ཚོ་ལ་མཐའ་འཁོབ་ཟེར་བ་ཡིན་ཡང་། ད་སུ་ལ་མཐའ་འཁོབ་ཟེར་དགོས་མི་ཤེས་པར་འདུག ཡུལ་དབུས་དང་མཐའ་འཁོབ་ཀྱང་རང་བཞིན་གྱིས་གྲུབ་པ་མེད་པར་བསྟན་པ་འཕེལ་འགྲིབ་ལ་ལྟོས་ཏེ་ཕར་བཏགས་པ་ཙམ་ཡིན། 
ཤེས་རབ་ན་རེ། དོན་དམ་རྟོགས་པ་ལ་སྔོན་དུ་ཀུན་རྫོབ་པའི་རྣམ་གཞག་གཏན་ལ་ཕབ་སྟེ་ཐ་སྙད་ཚད་གྲུབ་ལ་མཁས་དགོས། རེ་ཞིག་ཀུན་རྫོབ་ཀྱི་རྣམ་གཞག་ཅིག་ཁྱོད་ལ་དྲི་དགོས། བདེན་པ་བཞི་ལ་གང་འདྲེན། 
བི་ལིག་ན་རེ། བདེན་པ་བཞི་ནི། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་བདེན། ལམ་བདེན་དང་བཞི་ཡིན། 
ཤེས་རབ་ན་རེ། ཕུང་བོ་ལྔ་གང་འདྲེན། 
བི་ལིག་ན་རེ། གཟུགས་ཀྱི་ཕུང་བོ། ཚོར་བའི་ཕུང་བོ། འདུ་ཤེས་ཀྱི་ཕུང་བོ། འདུ་བྱེད་ཀྱི་ཕུང་བོ། རྣམ་པར་ཤེས་པའི་ཕུང་བོ་དང་ལྔ་ཡིན། 
ཤེས་རབ་ན་རེ། རྟེན་འབྲེལ་ཡན་ཡག་བཅུ་གཉིས་ལ་གང་འདྲེན། 
བི་ལིག་ན་རེ། ཡན་ལག་དང་བོ་མ་རིག་པ། གཉིས་པ་འདུ་བྱེད། གསུམ་པ་རྣམ་ཤེས། བཞི་བ་མིང་གཟུགས། ལྔ་བ་སྐྱེ་མཆེད། དྲུག་པ་རེག་པ། བདུན་པ་ཚོར་བ། བརྒྱད་པ་སྲེད་པ། དགུ་བ་ལེན་པ། བཅུ་བ་སྲིད་པ། བཅུ་གཅིག་པ་སྐྱེ་བ། བཅུ་གཉིས་པ་རྒ་ཤིའི་རྟེན་འབྲེལ་རྣམས་ཡིན། 
ཤེས་རབ་ན་རེ། ཁམས་བཅོ་བརྒྱད་ལ་གང་འདྲེན། 
བི་ལིག་ན་རེ། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཏེ་ཡུལ་གྱི་ཁམས་དྲུག མིག་རྣ་སྣ་ལྕེ་ལུས་ཡིད་དེ་དབང་བོའི་ཁམས་དྲུག མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་བར་རྣམ་ཤེས་ཀྱི་ཁམས་དྲུག་སྟེ་བཅོ་བརྒྱད་ཡོད། འདི་གྲངས་འདྲེན་ཙམ་ཡིན། དེ་དག་སོ་སོའི་ངོ་བོ། བྱེད་ལས། མཚན་ཉིད། དབྱེ་བ། བསྡུ་བ། གྲངས་ངེས། གོ་རིམ་སོགས་དཔྱིས་ཕྱིན་པར་ཤེས་པ་ལ། མངོན་པ་ཀུན་བཏུས་ལྟར་གཏན་ལ་འབེབས་དགོས། 
ཚེེ་དཔཱེ་ན་རེ། རི་མཐོན་པོའི་རྩེར་འགྲོ་བ་ལའང་རྩ་བ་ནས་ཡར་ག་ལེ་ག་ལེར་འགྲོ་དགོས། ཁང་སྟེང་དུ་འགྲོ་བ་ལའང་སྐས་ཚིགས་འོག་མ་ནས་རིམ་གྱིས་འགྲོ་དགོས་པ་བཞིན་ཆོས་ཀྱང་གོ་དགའ་བ་རྣམས་ཤེས་པ་ལ་གང་སླ་བ་དེ་སྔོན་དུ་བསླབས་ནས་རིམ་པ་བཞིན་བྱེད་དགོས་་པ་དེ་ངའི་བློ་ལའང་ཤིན་ཏུ་འབབ་པ་བྱུང་། པྲཛྙཱ་ན་རེ། ཆོས་ཀྱི་སྙིང་བོ་གང་ཡིན། 
ཤེས་རབ་ན་རེ། ཆོས་ཀྱི་སྙིང་བོ་སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་ཡིན་ལགས། 
བི་ལིག་ན་རེ། ཆོས་སྐད་ཐུན་མོང་བ་ཙམ་ལ་དེ་བྱས་ཆོག་ཀྱང་། ཟབ་གནད་མཐར་ཐུག་གི་དབང་དུ་བྱས་ན་དེས་གོ་མི་ཆོད། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལ་བྱེད་དགོས། 
ཤེས་རབ་ན་རེ། ཁྱོད་ཀྱི་གཏམ་དེ་ངའི་ཕ་མི་མིན་སོག་པོ་ཡིན་ཞེས་པ་ལྟར་འབྲེལ་མེད་ཀྱི་ཅལ་ཅོལ་དུ་སྣང་། སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་ཞེས་པ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་རྒྱུ་ཐབས་ཤེས་ཡ་མ་བྲལ་བ་དེའི་མིང་རེད། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱང་དེའི་ཁོངས་སུ་འདུ་བ་མ་གཏོགས་དེ་ལས་གཞན་དུ་གོ་ན་སངས་རྒྱས་ཀྱི་རྒྱུར་མི་འགྲོ་བའི་སྐྱོན་ཡོད། ལར་ཁྱེད་རྣམས་ཆོས་ལ་དོན་གཉེར་ཆེ་བ་རྗེས་སུ་ཡི་རང་ལགས་ཀྱང་། དང་བོ་ནས་ཟབ་མོ་ཟབ་མོ་དང་། གང་མཐོ་གང་མྱུར་གྱི་མན་ངག་ཁོ་ན་ཞིག་དགོས་པ་འདིས་ཁ་གང་ལ་འཁོར་འགྲོ་མི་ཤེས་པར་འདུག ད་ལྟ་རྙིང་ཆོས་ཕལ་ཆེར་ཡང་སོག་ཡུལ་དུ་བསླེབས་འདུག་མོད། རྒྱལ་དབང་ལྔ་བ་ཆེན་པོས་ཀྱང་བོད་ཀྱི་སྲིད་སྐྱོང་གི་དོན་དུ་གཏེར་ཁ་བརྒྱ་ལྷག་གི་ཆོས་གསན་ནས་རྙིང་ཆོས་ས་སྤེལ་རྡོ་སྤེལ་གནང་འདུག་ནའང་། སོག་པོའི་ཕྱོགས་སུ་རྙིང་མ་བཀྲ་མི་ཤིས་གསུངས་ནས་བཀག་ཆ་ཁོ་ན་མཛད་པ་རྣམ་ཐར་དང་ཁོང་གིས་གསུངས་པའི་བསླབ་བྱ་རྣམས་སུ་བལྟས་བས་གསལ། དེའི་རྒྱུ་མཚན་ཡང་སྔོན་སོག་པོའི་དམག་ཡང་ཡང་སོང་སྟེ་རྙིང་མ་ལ་གནོད་འཚེ་བྱས་པས། རྙིང་མའི་བླ་མ་ཆོས་སྐྱོང་ཐམས་ཅད་ཁོན་ཞུགས་ཏེ་ཧ་ཅང་དམ་སེལ་ཆེ་བ་དེའི་སྟོབས་ཀྱིས་ཡིན་པར་འདུག 
བི་ལིག་ན་རེ། ཟབ་མོ་དབུ་མའི་ལྟ་བ་སོགས་བྱང་ཆུབ་སྒྲུབ་པའི་ལམ་གྱི་གནད་མཐར་ཐུག་དང་། སངས་རྒྱས་ཀྱི་བསྟན་པའི་འགངས་ཆེ་བ་རྣམས་འཇམ་མགོན་ཙོང་ཁ་བའི་བཞེད་སྲོལ་རི་བོ་དགེ་ལྡན་པའི་ལུགས་འདི་བཞིན་བྱེད་དགོས་མོད། གནས་སྐབས་ཀྱི་འགལ་རྐྱེན་སེལ་བ་དང་། ཟས་ནོར་ལོངས་སྤྱོད་སྤེལ་བ། དབང་སྡུད་གཏོང་བ། མ་མཐའ་ཐུན་རེ་རེ་གཡུག་རྒྱུ་ལའང་རྙིང་མ་འདི་ཉེ་བར་མཁོ་ཞིང་རྟགས་ཐོན་སླ་བ་ཞིག་འདུག་པས་དེ་འདྲའི་དོན་དུ་ཅུང་ཟད་རེ་ཉམས་སུ་བླངས་ཀྱང་འགལ་བ་ཅི་ཡོད། 
ཤེས་རབ་ན་རེ། དེ་འདྲ་ཟེར་བ་དེ་ཆོས་ལུགས་གཉི་ག་ལ་བློ་མ་ཁེལ་བའི་སྐྱོན་ཡིན། སྔོན་ཡང་གཅིག་གིས་ཕུགས་དཀོན་མཆོག་ལ་རེ། འཕྲལ་པེ་དཀར་ལ་རེ་ཞེས་ཕྱོགས་གཉིས་ཀ་གནོན་རྒྱུའི་ཁུལ་བྱས་ཀྱང་བློ་རྩེ་གཅིག་དྲིལ་གྱིས་སུ་ལའང་གཏོད་མ་ཐུབ་པས་སྲུང་བ་བྱས་ཚད་གནད་དུ་མ་སོང་བ་དང་འདྲ། 
ཚེེ་དཔཱེ་ན་རེ། དེ་བདེན་པར་འདུག བྱ་བ་གང་བྱེད་ཀྱང་སེམས་ལ་འཛིན་རྒྱུ་གཅིག་ཡོད་པ་དགོས། གཞན་དུ་འགྲོ་ནའང་རྟ་གཅིག་ཞོན་པ་མ་གཏོགས་གཉིས་ཞོན་རྒྱུ་ཡིན་བྱས་ན་བར་དུ་ལྷུང་ཡོང་། བཟོ་བྱེད་ནའང་ཁབ་རྩེ་གཅིག་གིས་བཟོ་བ་མ་གཏོགས་རྩེ་གཉིས་ཀྱིས་བཟོ་ལུགས་མེད། བྱ་བ་ཐམས་ཅད་དེ་འདྲ་ཡིན་དུས་ཆོས་ཀྱང་དེ་དང་འདྲ་ཡོད། 
ཤེས་རབ་ན་རེ། མངོན་ཤེས་རྫུ་འཕྲུལ་ཕྲན་ཚེགས་དང་ཉམས་སྣང་བན་བུན་འབྱུང་སླ་བས། དེ་འདྲ་ལ་མགོ་འཁོར་ནས་བསྟན་པའི་གནད་མ་ནོར་བ་བསྐྱུར་ཏེ་སོང་ན་ཕན་ཆུང་ལ་གནོད་པ་ཤིན་ཏུ་ཆེན་པོ་འབྱུང་སྟེ། སྡོམ་གསུམ་རབ་དབྱེ་ལས། ལ་ལ་ལུས་དང་སེམས་ལ་ནི།། ཏིང་འཛིན་ཅུང་ཟད་བསྐྱེད་ནས་ཀྱང་།། དེ་ལ་ཡིད་ཆེས་སྐྱེས་པ་དང་། ལོག་པའི་ཆོས་རྣམས་བསྟན་ནས་སླུ།། ལ་ལ་མངོན་པར་ཤེས་པ་དང་།། རྫུ་འཕྲུལ་ཅུང་ཟད་བསྟན་ནས་ཀྱང་།། བླུན་པོ་ཡིད་ཆེས་བསྐྱེད་ནས་ནི།། ཕྱི་ནས་ཆོས་ལོག་སྟོན་པར་བྱེད།། ཆོས་གཞན་ལེགས་པར་སྟོན་ན་ཡང་།། ཆོས་ཀྱི་གནས་རྣམས་བཅོས་པ་ནི།། ཤིན་ཏུ་འཇིགས་པ་ཆེན་པོར་འགྲོ།། དེ་འདྲ་བ་ལས་སྐྱོན་བྱུང་མང་།། དཔེར་ན་ཁ་ཟས་བཟང་བོ་ལ།། སྦྱར་བའི་དུག་གིས་ཕལ་ཆེར་གསོད།། དུག་རྐྱང་ཡིན་པར་ཤེས་ན་ནི།། འགའ་ཡང་གསད་པར་ནུས་མ་ཡིན།། དེ་བཞིན་ཆོས་བཟང་འགའ་ཞིག་ལ།། ཆོས་ལོག་བསླད་པས་ཕ་རོལ་སླུ།། ཞེས་གསུངས། གཏན་གྱི་མདུན་མའི་རྩ་བ་ཡིན་པས་ཁེ་ཉེན་ལ་རྟོག་དཔྱོད་ཞིབ་མོ་བྱེད་དགོས་སོ།། 
བི་ལིག་ན་རེ། སྡོམ་གསུམ་རབ་དབྱེའི་ལུང་ཁྱོད་ཀྱིས་འདྲེན་མི་དགོས། ཁྱོད་ཀྱིས་དྲངས་པ་དེ་ལས་ཀྱང་གསལ་བོ་དཔེ་དང་བཅས་ནས་གསུངས་ཡོད་པ་ངེད་ཀྱིས་མཐོང་སྟེ། དེ་ཉིད་ལས། མདོར་ན་སངས་རྒྱས་གསུང་རབ་དང་། ཕལ་ཆེར་མཐུན་པར་སྟོན་བྱེད་ཅིང་།། གནད་རྣམས་ལོག་པར་སྟོན་པའི་ཆོས།། ལེགས་ལེགས་འདྲ་བར་སྟོན་ན་ཡང་།། བདུད་ཀྱི་བྱིན་རླབས་ཡིན་ནོ་ཞེས།། མདོ་རྒྱུད་ཀུན་ལས་གསལ་བར་གསུངས་།། འདི་དག་ཇི་ལྟར་བྱུང་བའི་ཚུལ།། མདོ་ཙམ་པ་ཡིས་བཤད་ཀྱིས་ཉོན།། རིན་ཆེན་བཟང་བོ་བཞུགས་པའི་ཚེ།། སངས་རྒྱས་སྐར་རྒྱལ་ཞེས་བྱ་བ།། དཔྲལ་བ་ན་ནི་འོད་འབྱིན་ཞིང་།། བར་སྣང་ལ་ནི་སྐྱིལ་ཀྲུང་འཆའ།། རེ་འགའ་འཇག་མའི་ཁྲི་ལ་སྡོད།། སྟོང་བ་ཉིད་ཀྱི་ཆོས་རྣམས་སྟོན།། བྱམས་དང་སྙིང་རྗེ་ཆེ་བར་སྣང་།། དེ་ཡི་ཆོས་ཀྱིས་གཞན་དག་ལ།། ཏིང་ངེ་འཛིན་ཡང་སྐྱེ་བར་བྱེད།། དེ་ལ་འཇིག་རྟེན་ཐམས་ཅད་མོས།། ཤཱཀྱ་རྒྱལ་བོའི་བསྟན་པ་དང་།། འདྲ་མིན་ཅུང་ཟད་བཅོས་པར་འཆད།། དེ་ཡི་བསྟན་པ་ཤིན་ཏུ་འཕེལ།། དེ་ཚེ་རིན་ཆེན་བཟང་བོ་ཡིས།། སྒྲུབ་པ་ཟླ་བ་དྲུག་མཛད་ནས།། ཏིང་འཛིན་བརྟན་པས་དེ་དྲུང་བྱོན།། སངས་རྒྱས་སྐར་རྒྱལ་བར་སྣང་ལ།། སྐྱིལ་ཀྲུང་བཅས་ནས་ཆོས་འཆད་ཚེ།། རིན་ཆེན་བཟང་བོས་གཟིགས་ཙམ་གྱིས།། ས་ལ་ལྷུང་ནས་བརྒྱལ་ཞེས་གྲགས།། གལ་ཏེ་རིན་བཟང་ཞེས་བྱ་བ།། སྐྱེས་མཆོག་དེ་ཚེ་མི་བཞུགས་ན།། སངས་རྒྱས་སྐར་རྒྱལ་ཞེས་བྱ་བའི།། ཆོས་ལོག་བསྟན་པ་འབྱུང་ཞེས་གསུངས།། ནག་པོའི་ཕྱོགས་ལ་དགའ་བ་ཡི།། སྐར་རྒྱལ་ཞེས་བྱའི་ཀླུ་ཆེན་ཞིག། སྐྱེས་ངན་ཞིག་ལ་ཞུགས་ནས་ནི།། སངས་རྒྱས་གཟུགས་སུ་བརྫུས་ཞེས་གསུངས།། འདི་འདྲའི་རིགས་ཀྱི་བདུད་རིགས་འགའ།། མིའམ་འཕགས་པའི་གཟུགས་བཟུང་ནས།། ལོག་པའི་བསྟན་པ་སྤེལ་བའི་ཕྱིར།། ཆོས་དང་བསྲེས་ནས་གནད་རྣམས་སུ།། ལོག་ཆོས་བསྲེས་ནས་འཆད་པ་སྲིད།། ཅེས་གསུངས་ཡོད་ཅིང་དེ་ལྟར་དུ་ངེད་རང་གིས་ཀྱང་ཁས་ལེན་པས། མདོ་སྔགས་གང་གི་ཡིན་ཀྱང་བསྟན་པའི་གནད་རྣམས་རྗེ་བླ་མའི་ལུགས་འདི་ལས་གཞན་ཞིག་བཙལ་དགོས་དོན་ཡང་མེད་ལ། བསྲེས་ཀྱང་མི་ཆོག འཕྲལ་གྱི་རྐྱེན་སེལ་ཙམ་དུ་རྨ་ཕབ་མནམ་གྱི་ཆོལ་མང་བསྟེན་ཆོག་དུས། རྙིང་མའི་ཆོས་ཀྱང་དེ་ཡང་མཐུ་ཞིག་མིན་འགྲོ། 
པྲཛྙཱ་ན་རེ། ཆོས་ཀྱི་འབྲས་བུ་གང་ཡིན། 
ཤེས་རབ་ན་རེ། ཆོས་ཉམས་སུ་བླངས་པའི་འབྲས་བུ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཡིན་པ་ཡོངས་སུ་གྲགས་པ་ལྟར་ཡིན་པས། བླ་མས་ཀྱང་དྲི་བ་གནང་བ་མིན་པར་འདུག གནས་སྐབས་ཀྱི་དབང་དུ་བཏང་ནས་ཆོས་ཉམས་སུ་བླངས་པའི་ལག་རྗེས་ཞོག་ཚད་གང་ཡིན་གསུངས་པར་འདུག དེ་ངས་ཞིབ་ཏུ་བརྟག་ན་ཚེ་འདི་སྣང་གི་བྱ་བ་སོགས་ཆོས་མིན་ལ་རྒྱབ་ཀྱིས་ཕྱོགས་ནས་བློ་ཁ་ཆོས་ཀྱི་ཕྱོགས་ཁོ་ནར་འཁོར་ཞིང་སྒོ་གསུམ་གྱིས་བྱ་བ་གང་བྱས་ཆོས་ཀྱི་ཕྱོགས་སུ་འགྲོ་བ་ཞིག་བྱུང་ན་ཆོས་ཐོས་བསམ་སྒོམ་གསུམ་བྱས་པའི་ལག་རྗེས་ཞོག་པ་ཡིན་པ་འདྲ་སྙམ། 
བི་ལིག་ན་རེ། ཁྱོད་ཀྱི་དེ་ཆོས་བྱས་པ་དང་ཆོས་བྱས་པའི་ལག་རྗེས་གཉིས་པོ་རྒྱུ་འབྲས་གོ་ཟློག་པར་སྣང་། བློ་ཁ་ཆོས་ཕྱོགས་སུ་འཁོར་བ་ཞིག་སྔོན་དུ་མ་བྱུང་བར་ཆོས་བྱེད་པ་ཞིག་གཏན་མི་ཡོང་བས། དེ་ཆོས་བྱེད་པའི་རྒྱུ་ཡིན་པ་མ་གཏོགས་ཆོས་བྱས་པའི་འབྲས་བུར་འགྲོ་ལུགས་མེད། ཆོས་མིན་གྱི་ཕྱོགས་ལ་བློ་ལོག་པ་དང་། ཆོས་ཀྱི་ཕྱོགས་ལ་བློ་འཁོར་བ་གཉིས་ཀྱང་སྲང་མདའི་མགོ་མཇུག་གི་མཐོ་དམན་བཞིན་དུས་མཉམ་དུ་ཡོང་དགོས་པས། དེའང་ཆོས་བྱེད་པ་ལ་སྔོན་དུ་འགྲོ་དགོས་པ་ཞིག་ཡིན་གྱི། ཆོས་བྱས་པའི་འཕྲོར་ཡོང་རྒྱུ་ཞིག་མིན། ཆོས་ཉམས་སུ་བླངས་པའི་ལག་རྗེས་ཞོག་ཚད་ལ་ཐག་མི་ཆོད་རྒྱུ་དེ་ཙམ་ཅི་དགོས། ཐོས་པ་བྱས་པའི་ལག་རྗེས་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པ་ཞིག་བྱུང་ན་དེ་ཡིན། སྒོམ་སྒྲུབ་བྱས་པའི་ལག་རྗེས་ཡི་དམ་ལྷའི་ཞལ་གཟིགས་མངོན་ཤེས་དང་རྫུ་འཕྲུལ་ཐོགས་པ་མེད་པས་ལེགས་ཉེས་འབྱུང་འགྱུར་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཤེས་ཤིང་། ནད་རིམས་གདོན་བགེགས་ལ་སོགས་པའི་ཉེར་འཚེ་ཐམས་ཅད་བསལ་ནས་རང་གཞན་གྱི་དོན་རླབས་པོ་ཆེ་སྒྲུབ་ནུས་པ་ཞིག་བྱུང་ན་ཆོས་ཀྱི་ལག་རྗེས་ཞོག་པ་ཡིན་པ་མངོན་སུམ་གྱིས་གྲུབ་པས་དེ་ལ་དོགས་པ་བྱེད་ཅི་དགོས། 
ཚེེ་དཔཱེ་ན་རེ། ཁྱེད་མཁས་པ་རྣམས་ཀྱིས་བཤད་ན། གཅིག་གིས་བཤད་ཚེ་གཅིག་བདེན།། གཉིས་ཀྱིས་བཤད་ཚེ་གཉིས་བདེན་པ་ལྟ་བུར་འདུག་པས། ད་རེས་ཁོང་རྣམ་གཉིས་ཀྱིས་བཤད་པ་དེ་ཡང་གང་བདེན་རྒྱ་གར་གྱི་བླ་མས་ཐག་གཅོད་དགོས། 
པྲཛྙཱ་ན་རེ། འཇིག་རྟེན་གྱི་གྲགས་ཚོད་དང་བསྟུན་ན་སོག་པོའི་བཙུན་པས་ཟེར་བ་དེའང་མི་བདེན་རྒྱུ་མེད་རུང་། བོད་ཀྱི་བཙུན་པ་ཁྱོད་རང་གིས་ཟེར་བ་དེ་ལ་ལུང་རིགས་ཀྱི་ཁུངས་སྟོན་རྒྱུ་ཡོད་ན་སྨྲོས་ཤིག ཤེས་རབ་ན་རེ། སོག་པོའི་བཙུན་པ་ཁྱོད་ཀྱིས་ཐོས་པའི་འབྲས་བུ་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པ་ཟེར་བ་དེའང་གཅིག་ཤེས་གཉིས་ཤེས་ཐམས་ཅད་གཞན་ཞིག་ལ་བཤད་རྒྱུའི་འཕེན་པ་བཏང་སྟེ་ཁ་ཕྱིར་བལྟས་སུ་སོང་པའི་རྟགས་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ།། ལང་ཚོ་ཡོལ་བ་རྣམས་ཀྱིས་གནས་པ་བདེ།། ཞེས་ཐོས་དོན་དབེན་པར་ཉམས་སུ་ལེན་དགོས་པར་གསུངས། སྐྱེས་རབས་ལས་ཀྱང་། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་བོར་བྱེད།། ཅེས་ཐོས་པའི་འབྲས་བུ་སྒྲུབ་པ་ལ་བརྩོན་དགོས་པར་གསུངས་པ་རེད། ཡང་ཁྱོད་ཀྱིས་སྒྲུབ་པའི་འབྲས་བུ་མངོན་ཤེས་དང་གྲུབ་རྟགས་སོགས་ལ་གཙོ་བོར་ངོས་བཟུང་བ་དེ། ཆོས་བྱས་ཚད་ཚེ་འདིའི་ལག་ཆར་སོང་བའི་ནང་རྟགས་ཕྱིར་བསྟན་པར་སྣང་། ཐོས་བསམ་སྒོམ་གསུམ་ཇི་ཙམ་བྱས་ཀྱང་བློ་ཕུགས་ཚེ་འདིའི་མདུན་མ་དང་འཁོར་བའི་ཕུན་ཚོགས་ལ་ཤི་སྤར་འཐམས་ནས་བསྡད་ན་བློ་ཁ་ཆོས་ལ་མ་ཕྱོགས་པ་ཡིན་པས་མཚམས་འདི་ཤེས་མཁན་དཀོན་པར་སྣང་། ཁྱོད་རང་གིས་བློ་ཁ་ཆོས་ལ་ཕྱོགས་པ་དེ་ཆོས་བྱེད་པའི་སྔོན་དུ་འགྲོ་དགོས་པའི་སྒྲུབ་བྱེད་གཏོང་གི་འདུག་མོད་ཀྱང་། མི་ཚེ་ཆོས་ལ་བསྐྱལ་བའི་ལག་རྗེས་ཀྱི་ཐད་ཀ་ན་ད་དུང་བློ་ཁ་མ་ཕྱོགས་པའི་ནང་རྟགས་བསྟན་འདུག་པ་རྒྱབ་འགལ་ཆེན་པོ་ཡིན། དེང་དུས་ཀྱི་ཆོས་བྱས་ཟེར་མཁན་ཕལ་མོ་ཆེ་ཁས་ཟེར་ལུགས་དང་ཕུགས་ཀྱི་ཞེ་འདོད་མ་མཚུངས་པ་འདི་འདྲའི་དབང་གིས་འབད་པ་ཆུད་ཟོས་སུ་སོང་བ་མང་བར་སྣང་། ཆོས་ཀྱི་འབྲས་བུ་ངེད་ཀྱིས་བཤད་པ་དེ་བཞིན་ལོས་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་གསུངས་པའི་དགོས་པ་གནས་སྐབས་ཀྱི་རྐྱེན་སེལ་ཙམ་དང་། མངོན་ཤེས་རྫུ་འཕྲུལ་ཕྲན་ཚེགས་སྒྱུ་མ་མཁན་གྱི་ཟློས་གར་ལྟ་བུ་ཞིག་གི་ཕྱིར་དུ་གསུངས་པ་མིན། འཆིང་གྲོལ་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་ལ་ཐུག་པས་བློ་སྣ་འདི་སྒྱུར་ཐབས་འབའ་ཞིག་ལ་གསུངས་པ་རེད། དེའི་གནད་ཀྱིས་འདི་ཅུང་ཟད་ཅིག་ཁ་ཡར་སྐོར་ཐུབ་ན་སངས་རྒྱས་ཀྱི་བཞེད་པ་བསྐངས་པ་དང་ཆོས་ཀྱི་ལག་རྗེས་ཞོག་པར་འགྲོ། མཉམ་མེད་ཇོ་བོ་ཆེན་པོས་ཀྱང་། དངོས་གྲུབ་ཀྱི་མཆོག་ཉོན་མོངས་པ་ཇེ་ཆུང་ལ་སོང་བ་ཡིན། གྲུབ་རྟགས་ཀྱི་མཆོག་འདོད་པ་ཇེ་ཆུང་ལ་སོང་བ་ཡིན་གསུངས་ཤིང་། དགོན་པ་བའི་ཞལ་ནས་ཀྱང་། མན་ངག་གི་མཐིལ་གང་ལ་བྱེད་ཟེར་ན། མངོན་པར་ཤེས་པའམ་ཡི་དམ་གྱི་ལྷ་ཞལ་མཐོང་བ་ལ་བྱེད་ཟེར་མི་ཉན་པས། ལས་འབྲས་ངེས་པ་ཇེ་ཆེར་སོང་ན་དམ་སྡོམ་ཚུལ་བཞིན་དུ་བསྲུང་བ་ལ་བྱེད་དགོས་པར་གསུངས། ཇོ་བོ་བཀའ་གདམས་པ་རྣམས་ཀྱི་གསུང་ཚུལ་འདི་དུས་ཀྱི་སྙིགས་མ་དང་བསྟན་པའི་ཐ་མ་འདི་འདྲ་བའི་སྐབས་སུ་ཕན་ཤིན་ཏུ་ཆེ་བས། རང་ཅག་རྣམས་ཀྱིས་ཀྱང་དེ་འདྲ་རེ་ལ་བློ་རྩེ་གཏད་ན་ཉེན་ཆུང་ལ་མཁོ་ཆེ་བ་ཞིག་ཡོང་། 
བི་ལིག་ན་རེ། ཁྱོད་ཀྱི་གོ་ལུགས་དེ་ང་ལའང་མ་ཤར་བ་མིན། སྙིགས་དུས་ཀྱི་སྐྱེ་བོ་ཅོལ་ཆུང་རྣམས་ཀྱི་ལོག་རྟོག་གི་མཐའ་ཁེགས་པའི་ཕྱིར་དོགས་པ་སློང་ཐབས་བྱས་པ་ཡིན། ཁྱོད་ཀྱིས་བཤད་པ་དེ་བཀའ་གདམས་གོང་མ་རྣམས་སུ་མ་ཟད་མདོ་བསྟན་བཅོས་ཐམས་ཅད་ནས་གསུངས་ཤིང་། རྗེ་བླ་མའི་བྱང་ཆུབ་ལམ་གྱི་རིམ་པའི་ནང་དུའང་། བསྒོམ་པ་བའི་དངོས་གྲུབ་ཀྱང་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་ཇེ་ཆུང་དུ་སོང་བ་ལ་བྱ་གསུངས་པ་ལྟར་གོ་དགོས་སོ།། ཞེས་ནན་ཏན་དུ་གསུངས་པའི་རྒྱུ་མཚན། ཆོས་ཅི་འདྲ་ཞིག་བྱས་ཀྱང་དེ་དང་རང་གི་སེམས་གཉིས་པོ་སྦྱར་ནས་ཞུ་དག་བཏང་སྟེ་ཉོན་མོངས་པའི་གཉེན་པོར་ཨེ་འགྲོ། ཐར་བ་དང་ཐམས་ཅད་མཁྱེན་པའི་རྒྱུར་ཨེ་འགྲོ་ལྟ་བུ་ཞིག་བྱུང་ན་ཐོས་བསམ་སྒོམ་གསུམ་པོ་གཅིག་གྲོགས་སུ་གཅིག་འགྲོ་བ་ཞིག་བྱུང་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་རང་གཞན་གྱི་རྒྱུད་ལ་ངེས་པར་སྤེལ་ནུས་པ་ཞིག་ཡོང་བ་ཡིན་པར་འདུག 
པྲཛྙཱ་ན་རེ། ཤིན་ཏུ་ལེགས། ཆོས་ཀྱི་གཏམ་བྱས་པ་ཐམས་ཅད་དོན་ཟབ་ལ་གོ་བདེ་བ་སྙིང་བོའི་གནད་མཐུན་པར་བྱུང་བས་འབེལ་གཏམ་རྒྱས་པ་སླར་རིམ་གྱིས་བྱས་ཆོག་ཅིང་། ད་རེས་ཅུང་ཟད་བྱས་པའི་དགེ་བ་འདི་ཡང་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་འགྲོའི་དོན་དུ་བསྔོ་བའི་མཚམས་སྦྱོར་གནང་བར་ཞུ། 
ཤེས་རབ་ན་རེ། ཆོས་ཀྱི་རྒྱལ་བོ་ཙོང་ཁ་བའི།། ཆོས་ཚུལ་རྣམ་པར་འཕེལ་བ་དང་།། གེགས་ཀྱི་མཚན་མ་ཞི་བ་དང་།། མཐུན་རྐྱེན་མ་ལུས་ཚང་བར་ཤོག། བདག་དང་གཞན་གྱི་དུས་གསུམ་དང་།། འབྲེལ་བའི་ཚོགས་གཉིས་ལ་བརྟེན་ནས།། རྒྱལ་བ་བློ་བཟང་གྲགས་པ་ཡི།། བསྟན་པ་ཡུན་རིང་འབར་གྱུར་ཅིག། 
བི་ལིག་ན་རེ། ངེད་རང་གིས་ངེད་རང་གི་སྐད་ཀྱི་བསྔོ་བ་ཞིག་བྱེད་དགོས། ཆོས་ཀྱི་རྒྱལ་བོ་ཙོང་ཁ་བའི།། ཆོས་ཚུལ་རྣམ་པར་འཕེལ་བ་དང་།། གེགས་ཀྱི་མཚན་མ་ཞི་བ་དང་།། མཐུན་རྐྱེན་མ་ལུས་ཚང་བར་ཤོག། བདག་དང་གཞན་གྱི་དུས་གསུམ་དང་།། འབྲེལ་བའི་ཚོགས་གཉིས་ལ་བརྟེན་ནས།། རྒྱལ་བ་བློ་བཟང་གྲགས་པ་ཡི།། བསྟན་པ་ཡུན་རིང་འབར་གྱུར་ཅིག། 
ཚེེ་དཔཱེ་ན་རེ། ངེད་རང་གིས་ཀྱང་ངེད་རང་གི་སྐད་ཀྱིས་བསྔོ་བ་ཞིག་བྱེད་དགོས། ཆོས་ཀྱི་རྒྱལ་བོ་ཙོང་ཁ་བའི།། ཆོས་ཚུལ་རྣམ་པར་འཕེལ་བ་དང་།། གེགས་ཀྱི་མཚན་མ་ཞི་བ་དང་།། མཐུན་རྐྱེན་མ་ལུས་ཚང་བར་ཤོག། བདག་དང་གཞན་གྱི་དུས་གསུམ་དང་།། འབྲེལ་བའི་ཚོགས་གཉིས་ལ་བརྟེན་ནས།། རྒྱལ་བ་བློ་བཟང་གྲགས་པ་ཡི།། བསྟན་པ་ཡུན་རིང་འབར་གྱུར་ཅིག། 
པྲཛྙཱ་ན་རེ། (मयायवतसंभृतेदंशुभेन, शासनश्चसर्वव्रजयहितञ्च। ववीभटराकस्यसुमतिकिर्ति་शीष्टह्रदंदिर्घहसितकर्ययन्तु।।)བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས།། བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང་།། ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི།། བསྟན་པའི་སྙིང་བོ་རིང་དུ་གསལ་བྱེད་ཤོག། ཐ་མར་དགེ་བ་མཇུག་གི་དོན། སྐད་རིགས་རྣམ་བཞིའི་རིན་ཆེན་ཁམས་ལས་གྲུབ།། ལུང་རིགས་ཉི་ཟླའི་རྣ་ཆ་ཟུང་གིས་མཛེས།། སྔོན་མེད་ལེགས་པར་བཤད་པའི་ལྷུན་པོ་འདི།། ཐུབ་བསྟན་གླིང་བཞིའི་རྒྱན་དུ་གནས་གྱུར་ཅིག། དེའང་རིག་གནས་ཆུང་བ་ལྔའི་ཡ་གྱལ་ཟློས་གར་ཞེས་པ་རྒྱ་གར་ན་སྐད་རིགས་བཞིའི་སྒོ་ནས་སོ་སོར་འདོན་པའི་དབང་གིས་ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་ཟེར་བ་ཡིན་ཞིང་། བོད་ལ་སྐད་རིགས་གཅིག་ལས་མེད་པས་ཟློས་གར་མཚན་ཉིད་པ་མི་འོང་བར་གསུངས། འོན་ཀྱང་དེང་དུས་རྒྱ་བོད་ཧོར་གསུམ་ཐམས་ཅད་དུ་བསྟན་པ་དར་ཡོད་པས་དེ་དག་སོ་སོར་སྐད་ཀྱིས་བྱས་ན་སྐད་རིགས་སོ་སོའི་ཕྱོགས་གོ་ཞིང་། འདི་འདྲའི་རྐྱེན་གྱིས་ཆོས་ཀྱི་གནད་འགག་གལ་ཆེ་བ་རྣམས་ལ་བློ་ཁ་ཕྱོགས་མཁན་འབྱུང་སྲིད་དམ་སྙམ་པ་དང་རང་ཉིད་སོ་སོ་ཡང་དག་པར་རིགས་པ་བཞི་འགྲུབ་པའི་རྒྱུ་མཐུན་དུ་བསམས་ཏེ། བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རབ་བྱུང་བཅུ་བཞི་བའི་བགྲང་བྱ་བརྒྱད་པ་དངོས་པོ་ཞེས་པ་ཤིང་ཕོ་ཁྱིའི་ལོ་རྒྱལ་གྱི་ཟླ་བའི་ཡར་ཚེས་ལ་སྦྱར་བའི་ཡི་གེ་བ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགས་བགྱིས་པ་འདིས་ཀྱང་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་པར་གྱུར་ཅིག བཀྲ་ཤིས།

ཞུ་སྒྲིག་པའི་ཆེད་ཞུ
། 
སྤྱིར་ཟློས་གར་འདིའི་སྣོད་སོ་སོ་བོད་པ་ཤེས་རབ་དང་། རྒྱ་ནག་པ་ཚེེ་དཔཱེ། སོག་པོ་བི་ལིག རྒྱ་གར་བ་པྲཛྙཱ་བཅས་མི་རིགས་གང་ཡིན་པ་དེ་དག་སོ་སོའི་སྐད་དུ་བོད་ཡིག་གི་གྲིབ་མས་ལྗགས་རྩོམ་མཛད་ཡོད་ཀྱང་། གཅིག་ནས་དྲ་ངོས་ལ་ཡིག་ཚོགས་མང་བར་དོགས་པ་དང་། གཉིས་ནས་ཀློག་མཁན་སྒྱིད་ལུག་པའི་རྒྱུར་འགྲོ་བར་སྙམ་སྟེ་བོད་ཡིག་འབའ་ཞིག་འདིར་གཏགས་པའོ།། དེ་ཡང་ཟློས་གར་འདི་ཉིད་ཀྱི་འདུ་བྱེད་མཁན་པོས་ཇི་སྐད་དུ། དེང་དུས་རྒྱ་བོད་ཧོར་གསུམ་ཐམས་ཅད་དུ་བསྟན་པ་དར་ཡོད་པས་དེ་དག་སོ་སོར་སྐད་ཀྱིས་བྱས་ན་སྐད་རིགས་སོ་སོའི་ཕྱོགས་གོ་ཞིང་། འདི་འདྲའི་རྐྱེན་གྱིས་ཆོས་ཀྱི་གནད་འགག་གལ་ཆེ་བ་རྣམས་ལ་བློ་ཁ་ཕྱོགས་མཁན་འབྱུང་སྲིད་དམ་སྙམ་པ་དང་རང་ཉིད་སོ་སོ་ཡང་དག་པར་རིགས་པ་བཞི་འགྲུབ་པའི་རྒྱུ་མཐུན་དུ་བསམས་ཞེས་གསུངས་པ་ལྟར། རིག་པ་གཉེར་བའི་དུས་ཡུན་རིང་མོའི་ཁྲོད་དུ་ཟློས་གར་གྱི་བསྟན་བཅོས་འདི་ཀློག་སྐལ་བྱུང་ཞིང་ཟློས་གར་འདིའི་དམིགས་དགོངས་འདི་ཉིད་འགྲུབ་ན་ཅི་མ་རུང་སྙམ་པའི་དྲན་འདུན་ཏུ་རེ་བ་སེམས་ཀྱི་ཡོལ་གོར་དུས་དང་རྣམ་པ་ཀུན་ཏུ་འཁྱིལ་ནས་ཡོང་བ་དང་། རང་དང་སྐལ་བ་མཉམ་པ་དག་གི་མིག་གི་དགའ་སྟོན་དུ་གྱུར་ཞིང་བློ་སྣ་ཆོས་ལ་ཕྱོགས་མཁན་འབྱུང་ཡང་སྲིད་བསམས་པའི་ཀུན་སློང་དྲག་པོ་དང་། ཟློས་གར་གྱི་བསྟན་བཅོས་ཡང་དག་ལམ་དུ་བཀྲི་བའི་རོལ་རྩེད་འདི་ཉིད་ལ་བརྟེན་ཏེ་སྐྱེ་བོ་གང་མང་ཞིག་ཡང་དག་པའི་ལམ་དུ་འཇུག་པའི་སྨོན་འདུན་དང་བཅས་ཏེ། རབ་བྱུང་བཅུ་བདུན་པའི་བགྲང་བྱ་ཉེར་དྲུག་པ་དགའ་བ་ཞེས་པ་ཆུ་ཕོ་འབྲུག་གི་ལོ་མཆུ་ཟླ་བའི་དཀར་ཕྱོགས་རྫོགས་པ་གསུམ་པ། རི་བོ་དགེ་ལྡན་པའི་བཀྲ་ཤིས་རྟེན་འབྲེལ་གྱི་ཉིན་མོ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་སངས་རྒྱས་བསྟན་པ་བཀའ་དྲིན་རབ་ཏུ་ཆེ་བའི་ལོ་ཙཱ་བ་ཆེན་མོ་སྒྲ་སྒྱུར་མར་པའི་དགོངས་རྫོགས་དུས་དྲན་ལ་འཁེལ་བའི་ཉིན་མོར་མཉམ་མེད་ཤཱཀྱའི་རྒྱལ་བོས་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་སའི་གནས་ཁྱད་པར་ཅན་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཀྱི་འདབས་སུ་བརྗིད་ཀྱིས་ཆགས་པའི་བྷོ་ཊའི་གཙུག་ལག་ཁང་ཆེན་དུ་ཟླ་བ་གཞོན་ནུར་འབོད་པས་བགྱི་བ་ཡོངས་སུ་རྫོགས་པར་བྱས་པ་ཀུན་ལ་ཀུན་ཏུ་ཕན་ཐོགས་པར་གྱུར་ཅིག།

བགྲོ་གླེང་།

Post navigation

Previous Post: གནམ་ནས་བརྐྱངས་པའི་སྐས་གདངས།
Next Post: སྒོ་ཤེར་གྱི་འགྱོད་གདུང་ལ་ལྟ་བ།

Comments (13) on “ལེན་རྒྱུ་སྐྱུར་རྒྱུ་གཉིས་ཀ་ཡོད་པའི་བགྲོ་གླེང་།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-01-19 at 10:26 pm

    སྔར་བོད་ཀྱི་སྐད་དུ་སྒྲོན་མེ་ལ་སྒྲོན་མ་ཟེར། དེའི་ཕྱིར་ན། ཉེ་དུས་ཀྱི་སེམས་དཔའ་ཆེན་པོ། བདག་ཅག་གི་སྐྱབས་མགོན་སོགས་རྒྱ་བོད་ཀྱི་སྐྱེས་བུ་མང་པོས་ཚད་ལྡན་གྱི་སྐྱེས་བུ་དམ་པར་ངོས་བཟུང་བ། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་ཞབས་ཀྱིས། ལྗགས་རྩོམ། (ཉིན་རེ་བཞིན་ཚིགས་བཅད་རེ་གཉིས་སྡེབས་པ་ཡིན་གསུངས་པ་ངོས་སུ་ཐོས་པ་སྐལ་བ་བཟང་། ) བྱང་ཆུབ་སེམས་ཀྱི་བསྟོད་པ་རིན་ཆེན་སྒྲོན་མ། ཞེས་སྔར་གྱི་བོད་ཀྱི་སྐད་ལ་ཆ་འཇོག་ཆེན་པོ་མཛད་ཡོད། དེ་ཡང་གྲོང་ཁྱེར་ཝཱ་ན་སཱིར་བཞུགས་དུས་བརྩམས། བདག་ཅག་སློབ་གྲྭ་པ་ཁ་ཤས་ཀྱིས་ལུང་ཞུས། བསྟན་བཅོས་འདི་ལ་ཤཱོ་ཀ་སུམ་བརྒྱ་ང་དྲུག་མཆིས། ཐོག་མཐའ་བར་གསུམ་གྱི་རེ་བཀོད་པ་ནི།
    ༡
    བདག་ནི་སངས་རྒྱས་དེ་ཡི་ཆོས།
    དེ་ཡི་རྗེས་སུ་འཇུག་རྣམས་ལ།
    མི་ཕྱེད་པ་ཡི་དད་པས་བལྟ།
    སྐྱབས་སུ་འགྲོ་ཞིང་སྨོན་པའང་བགྱིད།།
    ༢༥༣
    མཁྱེན་པ་ཤེས་བྱའི་མཐའ་ལ་རེག
    བརྩེ་བ་ལུས་ཅན་ཀུན་ལ་ཁྱབ།
    ནུས་པ་གློག་གི་རྗེས་སུ་འགྲོ།
    འདི་དག་བྱང་ཆུབ་སེམས་ལས་འབྱུང་།།
    ༣༥༦
    བྱང་ཆུབ་སེམས་མཆོག་ལས་བརྩམས་ཏེ།
    ཅུང་ཟད་བརྗོད་པའི་དགེ་སྲིད་ན།
    མཁའ་དང་མཉམ་པའི་མ་རྣམས་ཀྱི།
    རྒྱུད་ལ་བྱང་སེམས་སྐྱེ་བར་སྨོན།།
    ་
    བསྟན་བཅོས་འདི་ཉིད་ཐུབ་བསྟན་ཐར་འདོད་(Gareth Sparham) ཀྱིས་ཨིན་སྐད་དུ་བསྒྱུར།

    ད་ལྟའི་བོད་ཀྱི་འབྲི་བ་པོ་དག་གིས་སྔར་གྱི་མཁས་པའི་སྐད་ལ་རྩིས་མེད་པར་རང་རང་གི་ལུང་པའི་ཁ་སྐད་བཅུག་པ་དང་། འཇུག་བཞིན་པ་ནི། གོང་གསལ། ལེན་རྒྱུ་བསྐྱུར་རྒྱུ་གཉིས་ཀ་ཡོད་པའི་བགྲོ་གླེང་། ཞེས་པའི་རྩོམ་ཡིག་ལས་ཤེས་ཐུབ། རྩོམ་ཡིག་འབྲི་བ་པོ་མཁས་དབང་འདི་ཉིད་ཀྱིས་བོད་ཀྱི་རིག་གཞུང་སྐད་ལེགས་པར་སྦྱངས་པར་རྗེས་སུ་ཡི་རང་། བདག་ལྟ་བུས་འདི་ལྟར་གོ་བདེ་བ་འབྲི་མི་ཐུབ་པ་ཡིན། འོན་ཀྱང་མཁས་པའི་བྲིས་ལ་བརྟེན་ནས། སླད་ཞུགས་འགའ་རེ་མངོན་པ་འདྲི་བར་བྱ་སྟེ། ལེན་རྒྱུ་བསྐྱུར་རྒྱུ། ཞེས་པ་ན། ལེན། ད་ལྟ་བ་དང་། བསྐྱུར། ཞེས་པ་དེ། འདས་ཚིག་གམ་མ་འོངས་པ་གང་ཡིན་ནའང་། དུས་ཀྱི་ཆ་ནས་མི་འདྲ་བ་བཀོད་དགོས་པའི་རྒྱུ་མཚན་ཅི་ནམ། ཞེས་དྲིས་སོ།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-01-19 at 10:34 pm

    ཐོག་མཐའ་བར་གསུམ་གྱི་རེ་བཀོད་པ་ནི། ཞེས་པ། ཐོག་མཐའ་བར་གསུམ་གྱི་ཚིགས་བཅད་རེ་བཀོད་པ་ནི།
    ཞེས་ཀློག་པར་མཛོད།

  3. ཅོག་མྱི། says:
    2014-01-19 at 10:39 pm

    གུང་ཐང་ཚང་གིས་བགྲོ་གླེང་དང་ཟློས་གར་གྱི་དབྱེ་བ་ཧ་གོ་མེད་པ་འདྲ། ན་རེ་རྐྱང་རྐྱང་བྱས་ནས་བསྡད་ན་བགྲོ་གླེང་ཙམ་མ་གཏོགས་ཟློས་གར་དུ་མི་འགྲོ ལུས་ངག་ཡིད་གསུམ་གྱི་གཡོ་བ་ཕྱིའི་སྣོད་ཀྱི་འཇིག་རྟེན་གྱི་འགྱུར་བ་དང་བསྟུན་ནས་བྲིས་ན་ད་གདོད་ཟློས་གར་ཟེར། དཔེ་མཚོན་གཤམ་གསལ།

    རབ་བྱུང་བཅུ་གསུམ་པའི་ཆུ་རྟ་ལོར་རྒྱ་གར་གྱི་སློབ་དཔོན་པྲཛྙཱ།༼ཕོ་ལོ་༦༠༽ བོད་ཀྱི་བཙུན་པ་ཤེས་རབ།༼ཕོ་ལོ་༥༠༽ སོག་པོའི་བཙུན་པ་བི་ལིག༼ཕོ་ལོ་༤༥༽ རྒྱའི་བཙུན་པ་ཚཻ་དཔཱེ་༼ཕོ་ལོ་༥༤༽རྣམས་ལྷན་ཅིག་ཏུ་བླ་བྲང་བཀྲ་ཤིས་འཁྱིལ་ཀྱི་གསུང་ཆོས་ར་བའི་ཆོས་རྡོ་གཅལ་མཐིལ་དུ་ཚོགས་སོ། དེ་ནས་ཚི་དཔཱེ་ཡར་ལངས་ཏེ་གུས་བས་ན་རེ། རྒྱ་གར་ཆོས་ཀྱི་འབྱུང་ཁུངས་ཡིན། དེང་སང་ཆོས་དར་ས་བོད་དང་སོག་པོ་གཉིས་བཟང་བས། རྒྱ་གར་བླ་མས་འདི་གཉིས་ལ་ཆོས་ཀྱི་དྲི་བ་གནང་སྟེ་ཐུགས་ལ་གང་འབབ་བལྟ་དགོས།
 པྲཛྙཱ་ཡིས་རྡོ་གཅལ་སྟེང་དཀྱིལ་མོ་ཀྲུང་གི་ཚུལ་དུ་བཞུགས་ཏེ་བཞིན་ལ་ཅི་མི་སྙམ་པའི་ང་རྒྱལ་གྱི་རྣམ་འགྱུར་ཞིག་ཤར་ནས་ལུ་ཞིག་བརྒྱབ་སྟེ་ན་རེ། དམ་པའི་ཆོས་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་ཞིག་ཡིན་པས། འཇུག་ཚུལ་ཡང་དེ་དང་མཐུན་པ་ཞིག་དགོས། ༼རྒྱབ་ལྗོངས།༽ཁ་བའི་འདབ་མ་ལྷབ་ལྷེབ་དུ་བཀྲ་ཤིས་འཁྱིལ་གྱི་འཁོར་ཡུག་དང་རྡོ་གཅལ་སྔོན་པོ་དང་ཁོང་རྣམ་པ་ཚོའི་གཟན་ངུར་སྨུག་གི་སྟེང་དུ་བབས།

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-01-19 at 10:41 pm

    སླད། ཅེས་པ་ཡང་དག་པར་འབྲི་ན། ལྷད། ཅེས་དགོས་པར་མཐོང་།

  5. ལྷ་མོ། says:
    2014-01-20 at 12:51 am

    གུང་ཐང་རིན་པོ་ཆེས་མཛད་པའི་ཟློས་གར་གྱི་བསྟན་བཅོས་འདིར་གཅིག་མཇལ་ཐུབ་པ་བྱེད་རྒྱུ་ཡིན། ངོ་སྤྲོད་གནང་བ་ཐུགས་རྗེ་ཆེ།

  6. ཀརྡོ་གཉེར་ཕྱག་པ་ says:
    2014-01-20 at 6:55 am

    བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས།། བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང་།། ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི།། བསྟན་པའི་སྙིང་བོ་རིང་དུ་གསལ་བྱེད་ཤོག།

    मयायवतसंभृतेदंशुभेन, शासनश्चसर्वव्रजयहितञ्च। ववीभटराकस्यसुमतिकिर्ति་शीष्टह्रदंदिर्घहसितकर्ययन्तु।।

    བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས།། मयायवतसंभृतेदंशुभेन,
    བསྟན་དང་འགྲོ་བ་ शासनश्चཀུན་ལ་གང་ཕན་དང་།།सर्वव्रजयहितञ्च। ཁྱད་པར་རྗེ་བཙུན་ववीभटराकस्यབློ་བཟང་གྲགས་པ་ཡི།།सुमतिकिर्ति་ བསྟན་པའི་སྙིང་བོ་शीष्टह्रदंརིང་དུ་གསལ་བྱེད་ཤོག། दिर्घहसितकर्ययन्तु।।
    ལེགས་སྦྱར་རང་སྦྱོང་བྱས་པ།

  7. ཀརྡོ་གཉེར་ཕྱག་པ་ says:
    2014-01-20 at 8:37 am

    ་་་་་་ ཤེས་རབ་ན་རེ། དོན་དམ་རྟོགས་པ་ལ་སྔོན་དུ་ཀུན་རྫོབ་པའི་རྣམ་གཞག་གཏན་ལ་ཕབ་སྟེ་ཐ་སྙད་ཚད་གྲུབ་ལ་མཁས་དགོས། ་་་་་་

  8. ཀརྡོ་གཉེར་ཕྱག་པ་ says:
    2014-01-20 at 8:42 am

    ་་་་་ མཉམ་མེད་ཇོ་བོ་ཆེན་པོས་ཀྱང་། དངོས་གྲུབ་ཀྱི་མཆོག་ཉོན་མོངས་པ་ཇེ་ཆུང་ལ་སོང་བ་ཡིན། གྲུབ་རྟགས་ཀྱི་མཆོག་འདོད་པ་ཇེ་ཆུང་ལ་སོང་བ་ཡིན་གསུངས་ཤིང་། ་་་་་་

  9. ཆབ་བྲག་ལྷ་མོ་སྐྱབས། says:
    2014-01-20 at 9:16 am

    འདི་འདྲ་མཇལ་བ་སྐལ་བ་བཟང་ངོ། ཟླ་བ་གཞོན་ནུ་ལགས་ངོ་མ་བཀའ་དྲིན་ཆེའོ། དགེ་བ་བསགས་སོ།

  10. ཀརྡོ་གཉེར་ཕྱག་པ་ says:
    2014-01-20 at 3:16 pm

    ཐ་སྙད་ཚད་གྲུབ་མེད་ལྟ་ཆད་མཐར་ལྷུང་། །
    ཐ་སྙད་ཙམ་དུ་མེད་ལྟ་རྟག་མཐར་ལྷུང་། །
    རྟག་ཆད་མཐའ་གཉིས་བྲལ་བའི་དབུ་མའི་ལམ། །
    ཀླུ་སྒྲུབ་བློ་གྲགས་ཞལ་ལས་ཡང་ཡང་ཐོན། །

  11. ཀརྡོ་གཉེར་ཕྱག་པ་ says:
    2014-01-21 at 4:00 am

    ༣༥༦
    བྱང་ཆུབ་སེམས་མཆོག་ལས་བརྩམས་ཏེ།
    ཅུང་ཟད་བརྗོད་པའི་དགེ་སྲིད་ན།
    མཁའ་དང་མཉམ་པའི་མ་རྣམས་ཀྱི།
    རྒྱུད་ལ་བྱང་སེམས་སྐྱེ་བར་སྨོན།།
    ་
    བསྟན་བཅོས་འདི་ཉིད་༼ངའི་ཕར་ཕྱིན་འཛིན་གྲོགས་༽ཐུབ་བསྟན་ཐར་འདོད་(Gareth Sparham) ཀྱིས་ཨིན་སྐད་དུ་བསྒྱུར་བ་ཐོས་པར་དགའ་བ་བརྟས།

  12. ཀརྡོ་གཉེར་ཕྱག་པ་ says:
    2014-01-21 at 4:08 am

    ངས་ན་ནིང་ A SANSKRIT- ENGLISH DICTIONARY འདི་མཁོ་གྲུབ་བྱ་ཐུབ་ཙམ་བྱུང་སོང་། ཟླ་བ་གཞོན་ནུ་ལགས་ཀྱི་ལེགས་སྦྱར་གྱི་མཁྱེན་རྒྱ་ལ་རྗེས་སུ་ཡི་རང་ངོ་།།

  13. ཀརྡོ་གཉེར་ཕྱག་པ་ says:
    2014-01-21 at 4:23 am

    དངོས་གྲུབ།
    རྡོ་རྗེ་འཆང་གིས་དངོས་གྲུབ་མཆོག་གཉིས་དང་། །
    ཞི་རྒྱས་དབང་དྲག་ལས་བཞི་གསུངས་པའི་ནང་། །
    ཉོན་ཆུང་།
    ཉོན་མོངས་ཇེ་ཆུང་དངོས་གྲུབ་མཆོག་ཡིན་ཏེ། །
    དྲག་རྒྱས་དབང་ལས་ཞི་བ་མཆོག་ཡིན་ཕྱིར། །
    འདོད་ཆུང་།
    འདོད་པ་ཇེ་ཆུང་གྲུབ་རྟགས་མཆོག་ཡིན་ཏེ། །
    གྲུབ་རྟགས་འདི་ཡིས་གཞན་གྱི་རྒྱུད་ཀྱང་བཏུལ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme