Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལུགས་ཟུང་གི་བསླབ་བྱ་མུ་ཐི་ལའི་འཕྲེང་བ།

Posted on 2014-01-162014-01-16 By ཁ་བརྡ་ 11 Comments on ལུགས་ཟུང་གི་བསླབ་བྱ་མུ་ཐི་ལའི་འཕྲེང་བ།

ཆོས་ཀྱི་ཉི་མས་མཚམས་སྦྱོར་བྱས།

སྨྲ་བ་ངག་གི་དབང་ཕྱུག་འཇམ་པའི་དབྱངས། །དབྱངས་ཅན་ལྷ་མོའི་གཙུག་ལག་འདོད་འཇོའི་དཔལ། །དཔལ་ལྡན་ཚངས་པ་སྡེ་བཞིའི་བང་མཛོད་འཛིན། །འཛིན་མའི་མངའ་བདག་རྣམས་ཀྱིས་ཤིས་པ་སྩོལ། །ཆོས་དང་སྲིད་ཀྱི་ཚིག་དོན་ཟབ་བརླིང་སྒྲ། །སྙན་ངག་པི་ཝང་རྒྱུད་ཀྱིས་གླུར་བླངས་ན། །རྣམ་དཔྱོད་ལང་ཚོ་རྒྱས་པའི་ཤེས་ལྡན་རྣར། །འཇེབས་ཀྱང་ཕལ་ཆེར་ཐོས་འཛིན་ཚེར་མ་ཉལ། །དེ་ཕྱིར་མཆོག་དམན་ཀུན་གྱིས་ལེགས་རྟོགས་པའི། །འབོལ་རྩོམ་ཚིགས་སུ་བཅད་པའི་མུ་ཐི་ལ། །ཆིང་གིས་གནམ་གྱི་རིགས་ལས་མི་བདག་མགུལ། །མཛེས་བྱེད་དོ་ཤལ་འཕྲེང་བས་རྒྱན་དུ་སྤུད། །དེང་དུས་རྒྱ་གར་རྒྱ་ནག་ཧོར་བོད་སོགས། །སྔོན་བྱུང་ཡ་རབས་ངང་ཚུལ་ལུགས་གཉིས་ཁྲིམས། །ཆེར་ནུབ་ངན་སྤྱོད་ངོ་སོར་ཁྱེར་དུས་འདིར། །ལེགས་པར་བཤད་ཀྱང་ཙཱུ་ཏའི་རྐང་གཉིས་བཞིན། །བྱང་བསྟན་ཕུག་པར་རྟ་ལྗང་ཅན་གྱི་ཟེར། །མི་འཇུག་དངོས་པོའི་གཤིས་ལ་བཅོས་མེད་ཀྱང༌། །ཕྱོགས་གཞན་བུག་པར་ཤར་བའི་སྣང་བ་ཡིས། །འཐིབས་བུའི་སྨག་རུམ་སེལ་བ་འགའ་འབྱུང་སྙམ། །ལྷ་ཆོས་ལྟ་ཞོག་མི་ཆོས་བྱ་བཞག་ཀྱང༌། །ལམ་དུ་རྒྱུག་པ་བསོད་ནམས་ལ་རག་པས། །དཀོན་ཅོག་མཆོད་དང་ངན་སློང་སྦྱིན་གཏོང་སོགས། །ལེགས་བྱས་སྤེལ་བའི་ཚོགས་ཆེན་གསོག་པ་གནད། །མངོན་ཤེས་མེད་ཕྱིར་གྲོས་དང་འདུན་མ་ཀུན། །ཐོག་ཏུ་འཁེལ་དཀའ་ཡུལ་དུས་གནས་སྐབས་དང༌། །དགྲ་གཉེན་བར་མར་བརྟགས་ནས་འཕྲལ་ཚོད་འཕྲལ། །བླངས་ཏེ་འཇུག་པ་ཕོ་ཚོད་ཡང་རྩེ་ཡིན། །སེམས་ཀྱི་འཆར་སྒོ་འབྱུང་ལ་མཐའ་མེད་ཀྱང༌། །གྲེ་བར་བསྐྱིལ་ནས་མི་སྨྲ་བ་དེ་མཁས། །སྙིང་ནའི་དགྲ་ལ་འཕྲལ་དུ་མི་ཁྲོ་བར། །བཅོས་མ་འཛུམ་གྱིས་བསུ་བ་གྲུང་པོ་ཡིན། །
རང་བློར་མི་འབབ་གཏམ་ཚིག་ཅི་བྱུང་ཡང༌། །རྫུ་བཟང་ཁོག་ནས་མི་མངོན་ལེན་པ་ཟབ། །ཟས་ནོར་འདོད་ཀྱང་ངག་མཛངས་གཡོ་ཐབས་ཀྱིས། །མི་མངོན་ཤུགས་ཀྱིས་ལེན་པ་སྤྱང་པོ་ཡིན། །ངན་ལ་མི་འཁང་སླད་ནས་འགྱུར་བ་སྲིད། །བཟང་ལ་མི་བསྟོད་ཅི་འགྱུར་ཤེས་པར་དཀའ། །གང་གི་ཐོག་ཏུ་འབབ་པའི་གནད་མེད་པར། །གཞན་ཟེར་འབྲངས་པའི་ཞལ་ལྕི་གཅད་མི་རུང༌། །བྱ་བ་གང་ཡང་འགྲུབ་པའི་གདེང་མེད་པར། །ཁ་འདོན་མི་སྐྱེན་ཁོང་དུ་སྦེད་པ་གནད། །བུ་སོགས་གཉེན་ལ་བྱམས་དྲག་ངན་སྲོལ་ཡོང༌། །དགྲ་ལ་ཧ་ཅང་སྡང་ན་རང་ལ་མཚུངས། །གཉེན་ལ་རལ་སྤྱོད་ཆེས་ན་ནམ་ཕུགས་འཁོན། །བྲན་ལ་འབར་ཤ་ཆེས་ན་འཁོར་མཁན་དཀོན། །འཁོར་ལ་ཆེས་ཆེར་རྩུབ་ན་སྙིང་སྐྲན་འཇུག །གྲོགས་ལ་རྔན་ཆེན་མང་ན་ཞེ་བཞག་ཡོང༌། །དཔེ་ངན་གཞན་ལ་བཏོད་ན་རང་ལ་འཁོར། །ཁ་དགྲ་མི་གསག་གནག་པ་སེམས་ལ་ཞོག །གཉེན་ལ་མི་བསྟོད་བྱམས་པ་ཡིད་ལ་འཛིན། །ངན་བློ་ཡོད་ཀྱང་ཕྱི་རུ་འཇམ་སྐད་སྙན། །གདོང་ཐུག་དྲག་པོས་དགྲ་བོ་ཐུལ་དཀའ་བས། །སྣ་ཚོགས་ཐབས་ཀྱི་འདུན་མ་རླབས་ཀྱིས་ཆོད། །

གཏམ་མགོ་འཛུམ་བསུ་མཇུག་མ་དལ་གྱིས་ལོངས། །དགོས་དོན་ཕིགས་སྨྲ་འཚམ་ཞིང་མཛེས་པར་བརྗོད། །སེར་སྣ་ཙམ་གྱིས་ཟས་ནོར་གསོག་དཀའ་བས། །བརྒྱ་བཤིག་སྟོང་འགུགས་སྤྱི་བྱམས་བློ་རྒྱ་བསྐྱེད། །བུ་ལ་ཉེས་སྐྱོན་བཤད་ན་རྗེས་སུ་ཕན། །རང་ལ་ཆེ་བསྟོད་སྤངས་ན་ནམ་ཕུགས་བྲིན། །རང་འདོད་ཞེ་བཞག་སྤྱི་གཙིགས་ཕྱིར་བྱས་བཙུན། །བུད་མེད་གྲོས་དབང་མ་གཏོང་རང་ཐག་ཆོད། །རྨོངས་པར་གྲོས་དང་ངན་ལ་དབང་མ་བསྐུར། །གྲོས་ལ་མི་དབང་མི་ལ་གྲོས་མ་འཆད། །དཀྲུག་ཤིང་བྱེད་མཁན་གྲོས་ཀྱི་ཁྱུར་མ་འཇུག །མཁས་དང་རྒན་རབས་ཉམས་ཆེན་ཤ་ཚར་དྲིས། །གྲོས་མཐིལ་རེ་ཞིག་མ་བཤད་བསྒྱུར་དུ་བཏུབ། །གྲོས་ལ་བསམ་གཞིགས་མང་བཏང་ཧང་བུག་ཆུང༌། །མི་དཔེ་རང་ལ་བཀབ་ནས་ཞིབ་མོར་དཔྱོད། །ཕྲན་བུའི་ཁེ་ལ་བལྟས་ནས་ཉེན་བསྡམ་དང༌། །གཏམ་ངན་མི་བསམ་འདོད་ལ་སྲེད་པས་ཕུང༌། །ཡ་རབས་དུས་བསྟུན་དམའ་སར་འབེབས་མི་རུང༌། །མ་རབས་ཆེ་སར་བཏོན་ན་གཉའ་བ་རེངས། །མཁས་པ་རས་བོར་ཡོན་ཏན་ལྡན་པ་དཀོན། །མི་མང་དགྲ་རུ་མི་ལེན་གཉེན་དུ་འགུགས། །མི་འགྲུབ་ཁས་ལེན་མ་ཆེ་དེར་མི་འཇུག །གཅེས་ནོར་འདོད་ཅན་མི་ལ་མི་སྟོན་གསང༌། །ཚོད་མེད་ལ་གྲོས་ངན་སེམས་ཅན་ལ་བློ། །མི་གཏོད་སྙིང་གཏམ་ཁ་མང་ཅན་ལ་གསང༌། །སྣ་ཐུང་ཀུ་རེ་མི་ཐུབ་ལ་བསྡམ་སྤོང༌། །མི་བདེན་པ་ལ་ཡུས་ཀྱིས་ཤགས་མ་གདབ། །

མི་ཉན་གྲོས་འདེབས་མེད་ལ་ཁྱེར་ཤོག་དང༌། །མི་ཡོང་ལས་འཆོལ་མི་ཤེས་ཀོ་ལོང་དོར། །དྲིན་འདྲེན་མངས་ན་དགའ་བའི་གདུང་སེམས་འཆོར། །གྱོང་ཆེན་མངས་ན་གཉེན་ཡང་ཞེན་པ་ལྡོག །གཞན་སྡུག་སྙིང་ཚིམ་མ་བྱེད་རང་ལ་འཁོར། །རང་སྐྱིད་མ་ངོམ་གཞན་གྱིས་དེ་ལན་འཇལ། །གྲོས་ཉེས་འགྱོད་ཐལ་མི་བྱ་ཕྱིན་ཆད་གཟབ། །དགོས་མེད་ཕོག་ཐུག་གཏམ་གྱིས་དགྲ་བོ་འགུགས། །ཕ་རོལ་བསམ་པ་རྟོགས་ཕྱིར་ཡུན་དུ་སེམས། །རང་མགོ་ཐོན་པའི་འཕྲུལ་ཅན་གྲུང་པོ་ཡིན། །ཆེན་པོར་སླེབས་ཚེ་ཁེངས་དང་ང་རྒྱལ་སྨད། །ཀུན་གྱིས་ཁུར་དུས་འོག་འཛུལ་འཇུག་བདེ་བྱེད། །འགྲུབ་ཚད་མི་བྱེད་ཚོད་འཛིན་ཁེ་ཉེན་བསམ། །དཔོན་དུ་གྱུར་ཚེ་འདོད་ཆུང་སྤྱི་གཙིགས་ངོས། །སྒེར་དུ་ལྟོས་རྣམས་མི་མངོན་ཤུགས་ཀྱིས་སྐྱོང༌། །ཤར་ཚད་ལག་ཏུ་མི་ལེན་བླངས་ཕྱིན་ཆད། །ཞི་དྲག་ཐབས་ཀྱིས་བྱ་བ་མཐའ་རུ་ཐོན། །ཟེར་ཚད་བདེན་པར་མི་འཛིན་དཔྱད་དར་གྱིས། །ཟས་ཞིམ་མིར་བྱིན་ནོར་བཟང་རང་གིས་ཆོངས། །མི་སྙིང་གཅོད་པའི་གཏམ་དེ་ལྕེ་ནས་བཟུང༌། །སྡང་དགྲའི་ནོར་ལ་མ་བལྟ་བརྗེད་མ་གཞུག །མ་ཞིམ་སྣ་ཉེར་ཞིམ་ལ་ཧབ་ཤ་དང༌། །མ་མགུར་འཕྲལ་དུ་མཆུ་མུག་མིག་ལྡོག་སྤོང༌། །དོན་མེད་ལས་ལ་བརྩོན་འགྲུས་རང་ངལ་ཡིན། །གསོད་བརྡུང་ངེས་པར་དགོས་ལ་སྙིང་མ་ཆུང༌། །འབབས་ངེས་ཁྲལ་དང་ལག་འདོན་ཡང་མི་འཇུག །དགོས་མེད་འབངས་རྣམས་མནར་བའི་ལས་མི་བྱེད། །

འཕྲད་མ་ཐག་པའི་མི་ལ་ངོ་ཤེས་དང༌། །འདྲིས་མ་ཐག་པའི་མི་ལ་བློ་གཏོད་དང༌། །སེམས་ལ་བབས་འཕྲལ་དགའ་བའི་འཛུམ་སྟོན་དང༌། །མ་བབས་འཕྲལ་བཞིན་སྡུད་རྣམས་ཀླད་ཆུང་ཡིན། །དྲག་པོ་དྲག་ཁྱེར་མ་མཁས་ནམ་ཕུགས་ཕུང༌། །མཛའ་བ་མཛའ་ཁྱེར་མ་མཁས་ནམ་ཕུགས་འཁོན། །མཁས་པ་མཁས་ཁྱེར་མ་མཁས་ནམ་ཕུགས་བླུན། །བཙུན་པ་བཙུན་ཁྱེར་མ་མཁས་ནམ་ཕུགས་འཆལ། །ཆེ་བ་ཆེ་ཁྱེར་མ་མཁས་ནམ་ཕུགས་དམའ། །གཏམ་ལ་རྒྱུ་མཚན་ཡོད་པས་གཞན་ཁ་མྱུལ། །བག་ཕེབས་ངག་འཇམ་སྙན་པོས་བློ་བྲིད་ནས། །གཞན་མཚང་ཐབས་ཀྱིས་བྲུས་ནས་ཆམ་ལ་འབེབས། །མ་བཤད་ཕས་ཀྱང་མི་གོ་ལྷོད་པར་སྨྲ། །མ་འབར་བུས་ཀྱང་མི་ཉན་རན་པར་རྒོལ། །མ་བསླབ་སུས་ཀྱང་མི་གོ་ལེགས་པར་བསླབ། །མ་བྱིན་གཉེན་ཡང་མི་འཁོར་བག་རེ་སྟེར། །ཡང་ཡང་སྦྱིན་སར་རྟག་འགྲོ་བྱམས་པ་ཟད། །དྲིན་ཅན་མི་དེ་སུན་དུ་མ་འཇུག་མཛངས། །གཉའ་བར་འཆོར་བའི་དགྲ་བོ་རེངས་མ་འཇུག །སུས་ཕན་མི་ཤེས་ཉམས་ཆུང་རས་མ་བོར། །གང་བཅོལ་གོ་ཆོད་བྱུང་བ་བྲན་གྱི་རབ། །རྫུན་དང་གཡོ་སྒྱུ་མི་ཤེས་ནམ་ཕུགས་བྲིན། །ཁ་ཉུང་ལག་པ་གཙང་བ་ཡོན་ཏན་མཆོག །བྱས་ཡུས་ཆེས་ན་ལས་ལ་ངོ་སོ་ཆུང༌། །ཁ་གདངས་སྦར་བསྡམས་མི་དང་འབྲེལ་བྱེད་ཕུང༌། །མཐོན་པོ་ང་རྒྱལ་ཅན་གྱི་མཚང་མ་འབྲུ། །བསམ་ངན་ཕྱི་ཐག་ཐུང་དང་གྲོས་མ་བྱེད། །ཞེ་སྡང་ཁ་འཇམ་ཅན་ལ་རང་ཟོན་ཆུག །དོན་མེད་གཏམ་ལ་ཡང་ཡང་སྐྱོར་བཟློས་སྤོང༌། །ཕྱུག་པོ་ནོར་ལ་སྤྱོད་ཤེས་སླད་ནས་འཕེལ། །མི་ལྟོགས་བསྲིས་ཞིབ་བྱས་ན་རང་སྡུག་ཆུང༌། །དབུལ་ཡང་སྡུག་ཐེག་བྱས་ནས་ཕོ་བཟོ་བྱེད། །ནོར་ཡོད་མེད་པོར་མ་བརྫུ་ཀུན་གྱིས་ཤེས། །ངན་པ་ཆེ་སྐད་མ་འདོན་ཁྲེལ་གད་ཡོང༌། །གདོང་པར་ཁྲག་མེད་གཉེན་ལ་རེ་བ་ལས། །ངོ་ཚ་ཁྲེལ་ཡོད་ཤེས་པའི་དགྲ་བོ་དགའ། །བློ་གཏད་མི་ཐུབ་སྤུན་དང་བཟའ་ཚང་ལས། །གསང་ཐུབ་བློ་ལྡན་གྲོགས་དང་གྲོང་པ་བཟང༌། །ཡོན་ཏན་མེད་པའི་ཚོགས་ཀྱི་སློབ་དཔོན་ལས། །ཤེས་རབ་ལྡན་པའི་གྲྭ་སློབ་བྱས་ན་འཚེངས། །

མི་ཉན་ཁ་འདུས་མང་པོའི་དཔོན་པོ་ལས། །ཡ་རབས་བཟང་སྤྱོད་ལྡན་པའི་གཡོག་པོ་སྐྱིད། །ལང་ཤོར་རྐུན་པོ་མི་ཡི་ཁྱུར་མི་ཚུད། །བློ་གྲོས་གཟབ་དང་མགོ་འཐོམས་ནོར་ས་ཡོད། །ཀླད་ཆུང་མི་དང་ཕོ་གྲུང་ནོར་ས་ཡོད། །མ་ནུས་ཇོ་བཟང་རྫུ་ཆེན་ནོར་ས་ཡོད། །བློ་ཤེད་ཅན་དང་དོ་ཐུང་ནོར་ས་ཡོད། །རང་བཞིན་བཟང་དང་འདོ་མེད་ནོར་ས་ཡོད། །དྲང་པོའི་མི་དང་གླེན་པ་ནོར་ས་ཡོད། །ཚུལ་འཆོས་ཅན་དང་བཙུན་པ་ནོར་ས་ཡོད། །ཚེ་བློས་ཐོངས་དང་ཟོག་པོ་ནོར་ས་ཡོད། །བརྫུ་བག་ཅན་དང་མཁས་པ་ནོར་ས་ཡོད། །དེ་ལྟར་ཚེ་འདིའི་འདུན་མ་བསྒྲུབ་པ་ལ། །བླང་དང་དོར་བྱའི་སྐྱོན་ཡོན་ཤེས་བྱས་ནས། །དཔའ་མཛངས་རྟུལ་ཕོད་སྣ་ཚོགས་གཡོ་འཕྲུལ་གྱིས། །རང་ཉིད་རྒྱལ་བའི་སྒྱུ་ཐབས་ལྷུར་ལེན་གཅེས། །འོན་ཏེ་ཚངས་པ་བརྒྱ་བྱིན་འཁོར་ལོས་སྒྱུར། །ལྷ་མིའི་དཔལ་འབྱོར་ཀུན་ལ་ལོངས་སྤྱད་མཐར། །སླར་ཡང་ལྕགས་བསྲེགས་ས་གཞིར་དམྱལ་བའི་མེ། །འབར་བའི་བུད་ཤིང་བྱེད་སྲིད་ཡིད་བརྟན་ཅི། །འཇིག་རྟེན་གསལ་བར་བྱེད་པའི་ཉི་ཟླ་ཡང༌། །སྔོན་བསགས་བཟང་པོའི་འཕེན་པ་རྫོགས་པའི་མཐར། །རང་གི་ལག་པ་བརྐྱང་བསྐུམ་མི་མཐོང་བའི། །མུན་པའི་མལ་དུ་ཉལ་འབྱུང་མཆི་མ་དཀུ། །པདྨའི་འདབ་འདྲའི་གོས་ཀྱི་རེག་བྱས་ཀྱང༌། །ལུས་ལ་རྩུབ་ཉམས་བྱེད་པའི་སྨིན་ལེགས་མ། །བདག་པོའི་རོ་དང་ལྷན་ཅིག་སྲེག་ཁང་དུ། །རབ་འབར་མེ་ཡིས་བསྲེག་པ་སུ་ཡིས་བཟོད། །ནོར་བུའི་གླིང་དུ་བགྲོད་པའི་ཚོང་ཟོག་གིས། །རྣམ་ཐོས་བུ་ལ་འགྲན་པའི་དེད་དཔོན་ཡང༌། །འཇུར་འགེགས་གནས་སུ་སྐྱེས་ནས་ཟས་སྐོམ་གྱིས། །བཀྲེས་ཤིང་སྐོམ་པའི་ངང་ཚུལ་ཀྱེ་མ་ཧུད། །དགྲ་འདུལ་གཉེན་སྐྱོང་མངའ་ཐང་ལོངས་སྤྱོད་སོགས། །བླ་ནས་བླར་འཕེལ་ཕོ་རྒོད་གྲུང་པོ་ཡི། །གྲངས་སུ་ཚུད་ཀྱང་ཚེ་ནི་ནམ་མཁའི་གློག །རྨི་ལམ་ཙམ་གྱི་བདེ་བས་ཅི་ཞིག་བྱ། །བསམ་གྱིན་ནམ་ཡང་རྫུན་ཟོག་མི་གསུང་བ། །འོ་སྐོལ་རྣམ་འདྲེན་ཟས་གཙང་སྲས་པོ་དེས། །འཁོར་བར་གནས་ཕྱིན་སྡུག་བསྔལ་རང་བཞིན་དུ། །བསྟན་ཚུལ་བསམ་ན་སྙིང་ཡང་དུམ་བུར་འགས། །བཟོད་དཀའི་སྡུག་བསྔལ་འདི་ལས་སླན་ཆད་དུ། །མི་ལྡོག་ཐར་བའི་ཁང་པར་འཇུག་པའི་ཐབས། །དཀར་ནག་ལས་འབྲས་བསམས་ནས་བླང་དོར་ངོས། །བསླབ་པ་རྣམ་གསུམ་ཉམས་ལེན་གྲུང་པོ་ཡིན། །སངས་རྒྱས་སྲས་བཅས་མངོན་སུམ་མཐོང་དཀའ་ཡང༌། །དེ་དག་ཞལ་སྐྱིན་གསུང་དང་ཐུགས་རྟེན་ལ། །མེ་ཏོག་བདུག་སྤོས་མར་མེ་ལྷ་བཤོས་སྒྲ། །འཕན་གདུགས་ཕྱེ་ཕུར་ལ་སོགས་མཆོད་སྤྲིན་དབུལ། །བསླབ་གསུམ་ལྡན་པའི་དགེ་འདུན་བསྙེན་བཀུར་ནས། །ཐུབ་གསུང་སྒྲོག་སོགས་ཆོས་སྤྱོད་རྣམ་བཅུའི་ལས། །རྣམ་གསུམ་འཁོར་ལོའི་བྱ་བ་ཆེར་སྤེལ་བའི། །བསོད་ནམས་ཚོགས་ཆེན་གསོག་པ་གནད་དུ་ཆེ། །དབུལ་ཕོངས་སྐྱེ་རྒུ་ཀུན་ལ་སྦྱིན་པ་གཏོང༌། །ཉམ་ཐག་ནད་པར་གོས་ཟས་སྨན་གྱིས་བསྐྱང༌། །འཆི་ངེས་དུད་འགྲོ་གསོད་འོས་ནག་ཆེན་མི། །སྲོག་བླུ་མི་འཇིགས་སྐྱབས་ཀྱི་སྦྱིན་པ་བྱ། །ལྷ་མིའི་རྟེན་བཟང་ཐོབ་པའི་རྒྱུའི་གཙོ་བོ། །བྱ་སླ་ཚེགས་ཆུང་ཡན་ལག་བརྒྱད་པའི་ཁྲིམས། །ཉ་སྟོང་བརྒྱད་གསུམ་རྣམས་ལ་ལེགས་བླངས་ནས། །དམ་བཅའ་སྡོམ་པ་ཚུལ་བཞིན་སྲུང་བར་མཛོད། །ཚིག་རྩུབ་མཚོན་ལ་ཅི་མི་སྙམ་པའི་གོ །བཙན་པོར་གྱོན་ན་རང་རྒྱུད་མི་འཁྲུགས་པས། །རྣམ་པར་དགེ་བའི་སྲོག་རྩ་མི་གཅོད་ཅིང༌། །སྔར་བསགས་འཕེལ་བའི་ཐབས་ཚུལ་འདི་ལ་བརྩོན། །

སྒྱིད་ལུག་ལེ་ལོ་བཏང་སྙོམས་དབང་སོང་ན། །ལེགས་པའི་ཡོན་ཏན་གང་ཡང་འགྲུབ་དཀའ་བས། །དལ་མེད་བརྩོན་པ་ཆེན་པོས་འབད་བྱས་ན། །ཆེས་ཆེར་དཀའ་བའི་ལས་ཀྱང་ལྷུན་གྱིས་འགྲུབ། །དེ་བཞིན་གཤེགས་སྐུ་ལ་སོགས་དམིགས་རྟེན་ལ། །མ་ཡེངས་གཞོལ་བའི་ཏིང་འཛིན་བརྟན་པོའི་རྒྱུན། །ཆད་མེད་བསྟར་ན་ཉོན་མོངས་མངོན་གྱུར་མགོ །ཟིལ་གནོན་ལུས་སེམས་ལས་རུང་བསམ་གཏན་རྙེད། །ཆོས་རྣམས་སོ་སོའི་གདགས་གཞིའི་སྟེང་ཙམ་ན། །རྟོག་པས་བཏགས་པ་ལས་གཞལ་དོན་དམ་དུ། །མ་རྙེད་རྟེན་ཅིང་འབྲེལ་འབྱུང་དབུ་མའི་ལམ། །ཤེས་རབ་མཚོན་གྱིས་འཁོར་བའི་རྩ་བ་གཅོད། །ཡིད་སྲུབ་སྡེ་བཅས་མཐར་བྱེད་གསང་བའི་བདག །བླ་མགོན་དབྱེར་མེད་མྱུར་མཛད་ཕྱག་དྲུག་པ། །འདི་ཕྱི་བར་དོའི་སྐྱབས་ཡིན་རྟག་ཏུ་བསྟེན། །དྲན་པས་འཆི་བདག་དཔུང་འཇོམས་ཚེ་དཔག་མེད། །དེ་ཡང་གནམ་དང་ས་ཡི་དཀྱིལ་འཁོར་ལ། །དབང་ཕྱུག་མི་ཡི་རྒྱལ་པོ་ཆེན་པོ་རྣམས། །རང་ཉིད་གཅིག་པུར་དགེ་སྦྱོར་ལ་གཞོལ་ལས། །བསྟན་འགྲོའི་བདེ་ཐབས་བསྒྲུབ་པ་མཆོག་ཏུ་བསྔགས། །
ཉི་འོག་མི་ཡི་བདག་པོ་ཆེ་རྣམས་དང༌། །ཕན་ཚུན་མཉེས་གཤིན་བྱམས་པའི་སེམས་བཟང་པོས། །རང་རང་མངའ་རིས་རྣམས་ཀྱིས་ཆོག་ཤེས་ཤིང༌། །འབངས་ཀུན་བདེ་ཕྱིར་བཟང་པོའི་གཞུང་བཟང་སྤེལ། །སངས་རྒྱས་ཐུགས་རྗེ་ཕྱོགས་བྲལ་འགྲོ་བ་ལ། །འཇུག་ཕྱིར་ཡང་དག་ཆོས་ལ་རིས་མེད་ཀྱང༌། །གནའ་བོའི་དུས་ནས་དར་བའི་ཡབ་མེས་ཀྱི། །ཆོས་ལུགས་གྲུབ་པའི་མཐའ་དེ་ཤིན་ཏུ་ཤིས། །བྱང་ཕྱོགས་ཆེན་པོ་ཧོར་གྱི་རྒྱལ་ཁམས་སུ། །ཨལ་ཐན་ཆོས་ཀྱི་རྒྱལ་པོའི་ཏི་ཤི་རིར། །བསོད་ནམས་མཚན་ལྡན་ཏཱ་ལའི་བླ་མ་གང༌། །བྱོན་ནས་དེང་བར་ཞྭ་སེར་ཅན་གྱིས་ཁྱབ། །རྒྱུ་མཚན་དེས་ན་འཇམ་མགོན་ཙོང་ཁ་པའི། །བསྟན་པ་རིན་ཆེན་བཀུར་ན་ཕྱག་དྲུག་མགོན། །ལས་གཤིན་འདོད་ཁམས་མ་སོགས་ཆོས་སྲུང་གིས། །རྟག་ཏུ་སྲུང་ཞིང་མངའ་ཐང་བདེ་སྐྱིད་འཕེལ། །ལུགས་གཉིས་ཟུང་འབྲེལ་ཡབ་མེས་རྒྱལ་པོའི་ཁྲི། །མནན་ནས་ས་ཆེན་འཇམ་དར་ཡུག་གཅིག་དང༌། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ཉེར་སྤྱད་པས། །འདི་ཕྱི་གཏན་གྱི་འདུན་མ་ལྷུན་གྱིས་གྲུབ། །དེ་ལྟར་ཆོས་སྲིད་བླང་དོར་རང་ཉིད་ལ། །མི་ལྡན་ནེ་ཙོའི་བརྗོད་པ་ལྟ་བུའི་ཚིག །སྨྲ་ལ་མཁས་རྣམས་ཁྲེལ་ཡང་སྟོན་ཟླ་ལྟར། །ཆེས་དཀའ་སེམས་བཟང་བ་ལ་ཉེས་པ་མེད། །འདིས་མཚོན་དགེ་བས་གནམ་བསྐོས་མི་ཡི་བདག །བཙུན་མོ་སྲས་བཅས་བློན་འབངས་རབ་བརྟན་ཅིང༌། །མངའ་ཐང་དཔལ་འབྱོར་རྣམ་མང་ཐོས་སྲས་དང༌། །མཚུངས་པའི་སྐལ་བ་བཟང་པོར་འགྲུབ་པར་ཤོག།།

དེ་ལྟར་ལུགས་གཉིས་དང་འབྲེལ་བའི་བསླབ་བྱའི་རིམ་པ་མུ་ཐི་ལའི་འཕྲེང་བ་འདི་ནི་ཚེ་རིང་གནམ་གྱི་ཤེ་མོང་གིས་སྟོབས་ཀྱི་དབང་ཕྱུག་ཆིང་གིས་རིགས་ལས་ཁལ་ཁ་ཐུ་ཤེ་ཡེ་ཐུ་རྡོ་རྗེ་རྒྱལ་པོས་རི་ཁ་བ་ཅན་གྱི་ལྗོངས་སུ་དཀོན་མཆོག་གསུམ་ལ་བླ་མར་བཟུང་སྟེ་མཆོད་པར་བྱོན་པའི་ཚེ་རྩོམས་ཤིག་པར་སྲུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་རིགས་ལས་སྡེ་སྣོད་གསུམ་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་ཕོ་བྲང་ཆེན་པོ་པོ་ཏཱ་ལར་སྦྱར་བའི་ཡི་གེ་པ་ནི་འཕྱོངས་རྒྱས་བཀྲས་རབ་ཕུན་ཚོགས་དབང་པོའོ།། །།

སྣ་ཚོགས།

Post navigation

Previous Post: ཡིད་དགའ་བའི་གླུ།
Next Post: དོ་སྣང་བྱེད་དགོས་པ་ཞིག

Comments (11) on “ལུགས་ཟུང་གི་བསླབ་བྱ་མུ་ཐི་ལའི་འཕྲེང་བ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-01-16 at 11:45 am

    སེམས་ཀྱི་འཆར་སྒོ་འབྱུང་ལ་མཐའ་མེད་ཀྱང༌། །
    གྲེ་བར་བསྐྱིལ་ནས་མི་སྨྲ་བ་དེ་མཁས། །
    འདི་ང་རང་ལ་གདམས་འདུག

    ཤར་ཚད་ལག་ཏུ་མི་ལེན་བླངས་ཕྱིན་ཆད། །
    ཞི་དྲག་ཐབས་ཀྱིས་བྱ་བ་མཐའ་རུ་ཐོན། །
    ཟེར་ཚད་བདེན་པར་མི་འཛིན་དཔྱད་དར་གྱིས། །
    ཟས་ཞིམ་མིར་བྱིན་ནོར་བཟང་རང་གིས་ཆོངས། །
    འདི་ཆུང་དུས་ནས་བློ་ལ་ཡོད་པའི་ཚིགས་རྐང་བཞི་པོ་དེ་རེད།

  2. ཆབ་བྲག་ལྷ་མོ་སྐྱབས། says:
    2014-01-16 at 12:33 pm

    དེང་སང་ལེགས་བཤད་ལེགས་བཤད་དུ་གོ་མཁན་ཉུང། འདི་ཚང་མ་འདིར་དྲངས་ཀྱང་ཀློག་ནི་མེད། དེ་ལས་གནད་འགག་ཅན་གཅིག་གཉིས་རེ་དྲངས་ཏེ་དོགས་འདྲི་དང་མཐའ་དཔྱོད་གནང་ཐུབ་ན་ལེགས་སོ།
    འདིར་དྲངས་ཏེ་སློབ་སྦྱོང་བྱོས་ཟེར་བ་ཡིན་ནམ། ཡང་ན་དགག་པ་རྒྱོབ་ཟེར་བ་ཡིན་ནམ། ཞེས་ཀྱང་དོགས་འདྲི་ཞིག་མི་ཞུ་ཀ་མེད་དུ་གྱུར།

  3. dhoshul says:
    2014-01-17 at 3:00 am

    རྒན་ལགས་ཀྱིས་དགོངས་འཆར་གཅིག་དང་དོགས་འདྲི་གཉིས་གནང་འདུག རང་རང་གི་འདོད་པ་བཞིན་དེ་གསུམ་ཀ་ཡོང་སྲིད་པ་ཡིན་དུས་དོན་ལ་གོ་བ་བླང་ནས་ཚིག་གཅིག་ཡིན་ན་དཔྱད་པའི་གཞིར་སོང་ན་འགྲིགས་འདུག་པས་དེ་གསུམ་ག་རེ་གནང་ན་ཡག་པོ་འདུག་ཞུ།།

  4. ཀརྡོ་གཉེར་ཕྱག་པ་ says:
    2014-01-17 at 3:27 am

    སྔར་གྱི་དུས་སུ།
    འཕྲད་མ་ཐག་པའི་མི་ལ་ངོ་ཤེས་དང༌། །
    འདྲིས་མ་ཐག་པའི་མི་ལ་བློ་གཏོད་དང༌། །
    སེམས་ལ་བབས་འཕྲལ་དགའ་བའི་འཛུམ་སྟོན་དང༌། །
    མ་བབས་འཕྲལ་བཞིན་སྡུད་རྣམས་ཀླད་ཆུང་ཡིན། །
    དེང་གི་དུས་སུ།
    འཕྲད་མ་ཐག་པའི་མི་ལ་ངོ་ཤེས་ཟོས། །
    འདྲིས་མ་ཐག་པའི་མི་ལ་རེ་སེམས་གཏོད། །
    སེམས་ལ་བབས་འཕྲལ་དགའ་བའི་འཛུམ་སྟོན་གྱིས། །
    མ་བབས་རང་སོར་བཞག་ན་མཁས་པ་རེད། །

  5. dhoshul says:
    2014-01-17 at 5:21 pm

    དེ་ཡག་པོ་གསུངས་འདུག

  6. ཆབ་བྲག་ལྷ་མོ་སྐྱབས། says:
    2014-01-17 at 6:18 pm

    བསླབ་བྱ་འདི་ལས་ཆོས་སྲིད་ཟུང་འབྲེལ་གྱི་གོ་བ་ཅུང་རེ་ལོན་ན་གཞི་ནས་ལེགས་བཤད་ཀྱི་གོ་བ་ཅུང་ལོན་པར་བརྩི་འོས།

  7. བསམ་ཤེས། says:
    2014-01-17 at 7:02 pm

    བསླབ་བྱ་འདི་ལས། ཐད་ཀར་ད་ལྟའི་བོད་པ་ཚོའི་དཔལ་འབྱོར་དང་འབྲེལ་ཡོད་ཀྱི་ཚིག་གཅིག་འཁོལ་འཕྱུང་བྱེད་པ་ལ། “།སེར་སྣ་ཙམ་གྱིས་ཟས་ནོར་གསོག་དཀའ་བས། །བརྒྱ་བཤིག་སྟོང་འགུགས་སྤྱི་བྱམས་བློ་རྒྱ་བསྐྱེད།”ཅེས་པ་ནི་ཤིན་དུ་ནས་གནད་འགག་ཆེའོ། འདི་ལ་རྒྱ་དང་ཕྱི་རྒྱལ་བ་རྣམས་འཇོན་ཐང་ཆེ། བོད་པ་དང་རྒྱ་གར་བ་རྣམས། ག་ཚོད་ཆུང་ཚགས་གསོག་འཕྲི་བྱས་ནས། རྒྱ་ཆེན་པོའི་ཁེ་ཕན་མིག་ལ་མི་ཤར་མཁན་ལྟ་བུ་རེད།

    བརྒྱ་ཤིག་སྟོང་འགུགས་ཟེར་བ་འདི་ཇི་ལྟར་མི་སྙན་ནམ། རྒྱ་མི་རིགས་ཚོས་འདི་ཤེས་ཚོད། དཔེར་ན། རྒྱ་མིས་ཚོང་རྒྱག་སྐབས། ཁེ་བཟང་ཆུང་ཆུང་ཞིག་ལས་མི་ལེན་པར། ཉོ་མཁན་སྟོང་འགུགས་པའི་སྲིད་འཇུས་དེ་རེད། དེས་ད་ལྟ་རྒྱའི་ཚོང་ཟོག་འཛམ་གླིང་ཀུན་གྱི་ཁྱིམ་ནང་ལ་འདྲེན་པར་བྱེད། ངོ་མ་རེད།
    ཚིག་འདི་གཅིག་པོར་བསམས་ཚེ། རྒྱལ་དབང་ལྔ་པ་ནི་ངོ་མ་དཔལ་འབྱོར་གྱི་འགྲོ་སྟངས་ལེགས་པར་ཤེས་མཁན་ཞིག་རེད་འདུག

  8. dhoshul says:
    2014-01-18 at 1:36 am

    ཡག་པོ་གསུང་འདུག ད་དུང་འགྲེལ་བཛད་རེ་གནང་ན་ཕན་ཐོག་འདུག

  9. dhoshul says:
    2014-01-18 at 1:43 am

    དཔེ་ཡག་པོ་འགྲེལ་འདུག ད་དུང་ཡང་གནད་ཡོད་གྱི་ཚིག་རེ་ལ་འགྲེལ་བཤད་གནང་ཐུབ་པའི་རེ་བ་ཡོད། ཁོང་གི་མཛད་ཕྲིན་སྐྱོང་སྟངས་དེ་ཚོ་ཧ་ལས་པ་འདྲ་བོ་རེད་འདུག

  10. dhoshul says:
    2014-01-18 at 1:46 am

    སྨྲ་བ་ངག་གི་དབང་ཕྱུག་འཇམ་པའི་དབྱངས། །དབྱངས་ཅན་ལྷ་མོའི་གཙུག་ལག་འདོད་འཇོའི་དཔལ། །དཔལ་ལྡན་ཚངས་པ་སྡེ་བཞིའི་བང་མཛོད་འཛིན། །འཛིན་མའི་མངའ་བདག་རྣམས་ཀྱིས་ཤིས་པ་སྩོལ། སྔ་མོ་ངའི་ཕ་རྒན་ཡིག་གེ་ཀློག་ལ་ཤིན་ཏུ་མཁས་ཀྱང་བྲིས་ཡག་པོ་ཞིག་འབྲི་མི་ཤེས་སྐབས་རེ་འདིའི་ཚིག་དེ་འབྲི་ཡོང་གི་ཡོད། ངས་མང་པོ་མཐོང་མྱོང་བ་དང་བློ་ལ་ཟིན་འདུག དོན་ག་རེ་ཡིན་ན་བསམ་ཀྱང་ཅི་གོ།

  11. ཀརྡོ་གཉེར་ཕྱག་པ་ says:
    2014-01-18 at 11:21 am

    སྔར་གྱི་དུས་སུ།
    ཉི་འོག་མི་ཡི་བདག་པོ་ཆེ་རྣམས་དང༌། །
    ཕན་ཚུན་མཉེས་གཤིན་བྱམས་པའི་སེམས་བཟང་པོས། །
    རང་རང་མངའ་རིས་རྣམས་ཀྱིས་ཆོག་ཤེས་ཤིང༌། །
    འབངས་ཀུན་བདེ་ཕྱིར་བཟང་པོའི་གཞུང་བཟང་སྤེལ། །
    དིང་གི་དུས་སུ།
    ཉི་འོག་མི་ཡི་འགོ་འཁྲིད་ཆེ་རྣམས་དང༌། །
    ཕན་ཚུན་མཉེས་གཤིན་བྱམས་པའི་སེམས་བཟང་པོས། །
    རང་རང་ས་གནས་རྣམས་ཀྱིས་ཆོག་ཤེས་ཤིང༌། །
    མི་སེར་བདེ་ཕྱིར་བཟང་པོའི་གཞུང་བཟང་སྤེལ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ། (74)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme