Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེབ་ཐར་དཀར་བོ་དང་དེའི་མཆན་འགྲེལ་གཉིས་ཀྱི་ལྷན་ཐབས་སུ་སྦྱར་བ།

Posted on 2014-01-032014-01-03 By ཁ་བརྡ་ 24 Comments on དེབ་ཐར་དཀར་བོ་དང་དེའི་མཆན་འགྲེལ་གཉིས་ཀྱི་ལྷན་ཐབས་སུ་སྦྱར་བ།

ཚེ་རིང་།

དེབ་དཀར་དུ་༼སངས་རྒྱས་འདས་ནས་ལོ་ཉིས་སྟོང་སུམ་བརྒྱ་ལས་མི་ཉུང་བ་ན་ཆོས་རྒྱལ་མྱ་ངན་མེད་ཀྱི་ཡབ་ཙནྡྲགུཔྟ(ཟླ་བ་སྦས་པ)འི་སྐབས་སུ།༽ ཞེས་མྱ་ངན་མེད་ཀྱི་ཡབ་ཟླ་བ་སྦས་པར་བཤད་པ་དང་དེ་ཉིད་སངས་རྒྱས་འདས་ནས་ལོ་ཉིང་སྟོང་སུམ་བརྒྱ་ན་བྱུང་བར་བཤད་པ་གཉིས་ནི་ཅུང་མི་བདེ་བས། མཆན་འདེབས་པ་པོས་འདི་ལ་ཟུར་མཆན་གནད་དུ་ཁེལ་པ་ཞིག་འདོགས་འོས་ཀྱང་བྱུང་མི་འདུག་པས་འདིར་ཅུང་ཟད་དཔྱད་ན། རྒྱ་གར་ལོ་རྒྱུས་ཁྲོད་མྱ་ངན་མེད་སྔ་ཕྱི་གཉིས་བྱུང་བ་ནི་མདོ་ལ་བརྟེན་ནས་དཔག་ནུས་ཏེ། བཀའ་འགྱུར་ལྷ་སའི་དཔར་མ། པོད་གྲངས ༨༨ ༼ ཐ༽ འཇམ་དཔལ་རྩ་རྒྱུད་ཤོག་གྲངས་༤༠༠ ལས། མྱ་ངན་མེད་དང་བོ་ལུང་གིས་ཟིན་ཚུལ་ནི། ༼ ༡ ང་ནི་ས་སྟེང་མྱ་ངན་འདས།། ལོ་བརྒྱ་དག་ནི་འདས་པ་ན།། སྣང་བ་མེད་ཅིང་ཉེས་པར་བཅས།། མི་ཤེས་མུན་པས་རབ་ཏུ་བསྒྲིབས།། དེ་ཚེ་ས་ནི་སྟོང་བ་ཞེས།། རྒྱལ་བ་རྣམས་ཀྱིས་སྤངས་པ་ཡིན།།དེ་ཚེ་མི་ཟད་ཆེན་པོ་ཡི།། གྲོང་ཁྱེར་མེ་ཏོག་ཅན་དུ་ནི།།མྱ་ངན་མེད་ཅེས་བྱ་བ་ཡི།། རྒྱལ་བོ་ས་ནི་སྐྱོང་བར་བྱེད།།ཁྲོ་བཅས་ལས་ནི་དྲག་པོ་བྱེད།།དེ་ཚེ་རྒྱལ་བའི་མཆོད་རྟེན་གྱིས།།ས་རྣམས་མ་ལུས་མཛེས་པར་བྱས།། བདག་ཉིད་ཆོས་རྒྱལ་མྱ་ངན་མེད།།སྨོན་ལམ་དག་ནི་འདེབས་པར་བརྩོན།། ཞེས་སོ།།
༼ ༢ དེའི་འོག་ཏུ་མྱ་ངན་བྲལ་ལུང་བསྟན་པ་ནི། དེ་འོག་རྒྱལ་བོ་འབྱུང་བ་ནི།། མྱ་ངན་བྲལ་ཞེས་རྣམ་པར་གྲགས།།ཞེས་སོ།། ༼ ༣ དེའི་འོག་ཏུ་རྒྱལ་བོ་དཔའ་བོའི་སྡེ་ནི།དེ་ཡི་འོག་ཏུ་རྒྱལ་བོ་ནི།།དཔའ་བོའི་སྡེ་ཞེས་རབ་ཏུ་བརྗོད།།ཞེས་སོ།། ༼༤དེའི་འོག་ཏུ་རྒྱལ་བོ་དགའ་བོ་ནི། དེ་ཡི་འོག་ཏུ་རྒྱལ་བོ་ནི།།དགའ་བོ་ཞེས་བྱ་འབྱུང་བར་འགྱུར།།ཞེས་སོ།། ༼༥ དེའི་འོག་ཏུ་ཙནདྲགུཔྟའམ་ཟླ་བ་སྦས་པ་ལུང་བསྟན་ཚུལ་ནི། རྒྱལ་བོ་དེ་ལས་གཞན་པ་ཡང་།། ཟླ་བ་སྦས་ཞེས་བྱ་བར་འབྱུང་།། ཞེས་སོ།། ༼༦ དེའི་འོག་ཏུ་ཟླ་བ་སྦས་པའི་བུ་སྙིང་གི་ཐིག་ལེའམ་བིནྡུ་ས་ར་ལུང་བསྟན་ཚུལ་ནི། རྒྱལ་སྲིད་ལ་ནི་བུ་བཞག་པ།། སྙིང་གི་ཐིག་ལེ་ཞེས་བྱ་བ།།ཞེས་འདི་དག་ལུང་ལས་དཀྱུས་གཅིག་ཏུ་གསུངས་ལ། སྙིང་གི་ཐིག་ལེ་ནི་མྱ་ངན་མེད་གཉིས་པའི་ཡབ་དང་ཟླ་བ་སྦས་པ་ནི་མྱ་ངན་མེད་གཉིས་པའི་ཡབ་ཀྱི་ཡབ་ཡིན་ལ། མྱ་ངན་མེད་གཉིས་པ་འདི་ལུང་གིས་དངོས་སུ་ཟིན་མེད་ལ་འདིའི་ལོ་རྒྱུས་བོད་ལ་མ་གྲགས་ཀྱང་ནུབ་ཕྱོགས་ཀྱི་ལོ་རྒྱུས་ན་ཤིན་ཏུ་གསལ་ཞིང་། འདི་ལ་བུ་ཀུ་ན་ཞེས་པ་ཞིག་སྐྱེས་པ་དེའི་ལོ་རྒྱུས་ནི། བསྟན་འགྱུར་ཁྲོད་ཀྱི་ཀུ་ན་ལའི་རྟོགས་བརྗོད་དང་། ཡོ་རོབ་ཀྱི་ལོ་རྒྱུས་དག་ནའང་གསལ།

མྱ་ངན་མེད་དང་བོའི་མིང་ལ་ཀ་ལ་ཨ་ཤོ་ཀ་སྟེ་མྱ་ངན་མེད་ནག་པོའམ་དུས་ཀྱི་མྱ་ངན་མེད་ཅེས་ཀྱང་བྱ་ལ། དེ་ནི་བཀའ་བསྡུ་གཉིས་པའི་སྦྱིན་བདག་ཀྱང་ཡིན་ནོ།། དེ་ལ་བུ་ས་ནུ་ཞེས་པ་ཞིག་ཀྱང་བྱུང་བ་དེས་ལི་ཡུལ་གྱི་གནས་སྒོ་ཐོག་མར་ཕྱེ་སྟེ་རྒྱལ་ས་བཟུང་བས་ལི་ཡུལ་དུ་རྒྱལ་བོ་ང་དགུ་བྱུང་བས་དང་བོ་དེ་ཡིན་པ་བསྟན་འགྱུར་ཁྲོད་ཀྱི་ལི་ཡུལ་ལོ་རྒྱུས་སྐབས་སུ་གསུངས་ལ། གླང་རུ་ལུང་བསྟན་གྱི་མདོ་ལྷ་སའི་དཔར་མ།༼ ཨ ༽ཤོག་གྲངས ༣༥༣ ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རིགས་ཀྱི་བུ་ཁྱོད་ཉོན་ཅིག ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པའི་ཚེ། ཞེས་པ་ནས། དེའི་ཚེ་རྒྱལ་བོས་རྣམ་ཐོས་ཀྱི་བུ་ལ་བུ་གཅིག་བླངས་སོ།། རྣམ་ཐོས་ཀྱི་བུས་ཀྱང་འཛམ་བུ་གླིང་འདི་ན་རྒྱལ་བོ་མྱ་ངན་མེད་ཅེས་བྱ་བར་བུ་ཞིག་བཙས་པ་བྱིན་ཏེ། ཞེས་པ་ནས། དེས་ན་བུ་དེའི་མིང་ལ་ས་ལས་ནུ་མ་ནུ་ཞེས་བྱའོ།། ཞེས་སོགས་རྒྱས་པར་འབྱུང་བས་ས་ནུ་ནི་མྱ་ངན་མེད་དང་བོའི་བུ་ཡིན་པ་གསལ་བར་གསུངས་སོ།།

གལ་ཏེ་མྱ་ངན་མེད་སྔ་ཕྱི་གཉིས་གཅིག་ཡིན་ན། འཇམ་དཔལ་རྩ་རྒྱུད་དང་། སྤྲིན་ཆེན། གླང་རུ་ལུང་བསྟན། ལྷ་མོ་དྲི་མ་མེད་པའི་མདོ་སོགས་ནས་མྱ་ངན་མེད་དང་བོ་དང་དེའི་བུ་ས་ནུའི་ལོ་རྒྱུས་རྒྱས་པར་འབྱུང་ཡང་ཀུ་ན་ལའི་སྒྲོས་ཙམ་ཡང་མི་འབྱུང་ལ། ཕྱི་རྒྱལ་གྱི་ཡིག་རིགས་ཁག་ན་མྱ་ངན་མེད་གཉིས་པ་དང་དེའི་བུ་ཀུ་ན་ལའི་ལོ་རྒྱུས་རྒྱས་པར་འབྱུང་ངོ་། ། གྷི་རིགས་སོགས་སུ་འདིའི་ལོ་རྒྱུས་གསལ་བོ་ཡོད་པའི་རྒྱུ་མཚན་ནི། ཟླ་བ་སྦས་པས ༣༢༣-༢༩༨ སྤྱི་ལོ་མ་བྱུང་གོང་གི་ལོ་དེར་རྒྱལ་ས་བཟུང་སྐབས། གྷི་རིགས་ཀྱི megasthenes ཟེར་བ་རྒྱ་གར་དུ་གྷི་རིགས་ཀྱི་གཞུང་ཚབ་བྱས་ནས་ཡུན་རིང་བསྡད་ཅིང་། ཁོང་ནི་གཞུང་ཚབ་དང་ལོ་རྒྱུས་སྨྲ་བ་གཉིས་ཀ་ཡིན་པས་ཁོང་གིས་བྲིས་པའི་དེབ་inika ཞེས་པར་འདིའི་སྐོར་གྱི་ལོ་རྒྱུས་རྒྱས་པར་བྱུང་བ་དེ་ལ་གཞི་བཅོལ་ནས་ ༡༨༤༦ ལོར་འཇར་མན་པ་ཞིག་གིས་ཀྱང་དེབ་ཅིག་བྲིས་འདུག དེའི་ཕྱིར་གྷི་རིགས་དང་ཕྱི་རྒྱལ་ཁག་ཏུ་མྱ་ངན་མེད་གཉིས་པའི་བྱུང་བ་གྲགས་ཆེ་ཙམ་བྱུང་བ་ཡིན་ནོ། །

དེང་སྐབས་འདིའི་སྐོར་གྱི་ལོ་རྒྱུས་འབྲི་བ་ཐམས་ཀྱི་ཁུངས་གྷི་རིགས་ལ་ཐུག་པའི་རྒྱུ་མཚན་དེ་ཡིན་ལ། མྱ་ངན་མེད་གཉིས་སོ་སོ་ནས་ཡིན་པའི་སྒྲུབ་བྱེད་གཞན་ནི་དུང་དཀར་ཚིག་མཛོད་དུ་འབྱུང་བ་ལྟར་ཡིན་ནོ།། གཞན་ཡང་། དེབ་དཀར་དུ་ཟླ་བ་སྦས་པ་སངས་རྒྱས་འདས་ནས་ལོ་༢༣༠༠ལས་མི་ཉུང་བའི་ནང་བྱོན་པར་བཤད་པ་འདི། རང་གི་བརྩི་གཞི་བཅོལ་ས་གནས་བརྟན་སྡེ་བ་ལྟར་ཡིན་ན་གཏན་ནས་མི་འགྲིག་ལ། དེ་ལས་གཞན་པའི་ལུགས་ཡིན་ན་སྒྲུབ་བྱེད་དུ་མི་འགྲོ་བ་དང་། སྟོད་མཆན་ལས། མཆིམས་ནམ་མཁའ་གྲགས་བཅོམ་ལྡན་རིག་རལ་གྱི་སློབ་མར་བཤད་པ་དང་། ཡང་སྨད་མཆན་ལས། བཅོམ་ལྡན་རིག་རལ་གྱིས་མཆིམས་ནམ་མཁའ་གྲགས་བསྟེན་ནས་སྣར་ཐང་ལས་སློབ་གཉེར་བྱས་པར་བཤད་པ་གཉིས་ནི་འཁྲུལ་བ་ཤིན་ཏུ་རགས་པ་སོགས་དེབ་དཀར་དང་མཆན་འགྲེལ་གཉིས་ཀར་ད་དུང་ལྷན་ཐབས་འགའ་རེ་དགོས་ཀྱང་ཆུ་ཚོད་ཀྱི་དབང་གིས་རེ་ཞིག་དེ་ཙམ་མོ།།

2013/12/23

དཔྱད་རྩོམ།

Post navigation

Previous Post: བོད་ཀྱི་སྐད་ཡིག་དང་བོད་མི་རིགས་མཉམ་འཆི་མཉམ་གསོན་རེད།
Next Post: སྲོ་མ་ནག་པོའམ་སྨ་རོ་ཝ་སྣ་ཡི་དགེ་མཚན་དང་ཉེས་དམིགས།

Comments (24) on “དེབ་ཐར་དཀར་བོ་དང་དེའི་མཆན་འགྲེལ་གཉིས་ཀྱི་ལྷན་ཐབས་སུ་སྦྱར་བ།”

  1. ཀླུ་སྨྱོན། says:
    2014-01-03 at 3:17 pm

    ཁྱེད་ཀྱི་གཞི་བཅོལ་ས་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་དེབ་སྔོན་ཡིན་པ་འདྲ། སྐབས་འདིའི་ཉིས་སྟོང་དེ་ཉིས་བརྒྱ་ཡིན་ཤས་ཆེ། དེབ་དཀར་སྐྱར་བཤུས་རྒྱག་མཁན་ཚོས་ཡིག་ནོར་ཤོར་བ་རེད་སྙམ།

  2. ཚེ་རིང་། says:
    2014-01-03 at 9:29 pm

    ངས་ཚུལ་སྐལ་གྱི་དེབ་སྔོན་རྩ་ནས་མཐོང་མ་མྱོང་། ཚོད་དཔག་མ་བྱེད་དེབ་དཀར་ཚང་མའི་ནང་དེ་ལྟར་འདུག་པས་བཏགས་ནོར་མ་རེད། དེས་ལྷན་པ་རྒྱག་ཐུབ་མ་སོང

  3. ཀརྡོ་གཉེར་ཕྱག་པ་ says:
    2014-01-04 at 5:57 am

    ཚེ་རིང་ལགས་ཀྱི་ཆེད་རྩོམ་དྭོགས་སློང་འདི་ལྟ་བུ་ནི་ཕན་ཐོགས་ཆེ། བཅོམ་ལྡན་འདས་ཀྱིས་ལུང་བསྟན་པའི་རྒྱལ་པོ་ག་ཚོད་ཡོདན་ཡང་། མྱམ་ངན་མེ་དམ་། མྱ་ངན་བྲལ་དེ་བསྟན་པ་ལ་བྱ་བ་བྱས་པས་ཁྱབ་དགོས་རེད། དེ་དེ་འདྲ་གཞིར་བཞག་ནས་དཔྱད་པར་འཚལ། ཚུལ་སྐལ་ཁོང་ཚད་མ་ལ་མཁས་ཀྱང་ལོ་རྒྱུས་ལ་མཁས་པས་ཁྱབ་པ་མེད། དགེ་ཆོས་ནི་ཀུན་ལ་མཁས་པ་རེད། འོནད་ཀྱང་དགེ་ཆོས་གསུང་ལ་ནོར་འཁྲུལ་མེད་པས་མ་ཁྱབ་བོ།།

  4. ཀརྡོ་གཉེར་ཕྱག་པ་ says:
    2014-01-04 at 6:01 am

    དེབ་ཐར་དཀར་བོ་
    འདི།
    དེབ་ཐེར་དཀར་པོ་

  5. ཚེ་རིང་། says:
    2014-01-04 at 6:07 am

    ཀརྡོར་ལགས། མྱ་ངན་མེད་གཉིས་བྱུང་བ་བོད་ཀྱི་ལོ་རྒྱུས་ལ་གྲགས་མེད་ཚུལ་དུང་དཀར་ཚིག་མཛོད་དུ་བཤད་པ་དེ་རེད། བོད་ཀྱི་ལོ་རྒྱུས་ཁྲོད་གྲགས་པའི་མྱ་ངན་མེད་ནི་དང་བོ་དེ་ཡིན་ལ། ཁྱོད་ཀྱིས་མྱ་ངན་མེད་ཀྱིས་བསྟན་པ་ལ་བྱ་བ་བྱས་པས་ཁྱབ་དགོས་རེད་གསུངས་དོན་ཅི་ཡིན

  6. ཀརྡོ་གཉེར་ཕྱག་པ་ says:
    2014-01-04 at 6:10 am

    རྒྱ་གར་ནང་ལ་ཀླུ་སྒྲུབ་མང་པོ་ཡོད་ཆོག་ཀྱང་། ནང་ཆོས་ལ་མཁས་པའི་ཀླུ་སྒྲུབ་གཉིས་སམ་དེ་ལྷག་བྱུང་ཡོད་ན་རྙོག་དྲ་ཆེ་རུ་ཕྱིན་པ་རེད། གང་ལྷར་ཡང་རྩོམ་པ་པོ་དེའི་གསུང་ལ་དཔྱད་པ་མཐར་ཕྱིན་བྱས་ཐུབ་ན། མགོན་པོ་ཀླུ་སྒྲུབ་དེ་སུ་གང་དང་ཡང་ནོར་ས་མེད།
    འདིར་ཡང་༸རྒྱལ་བས་ལུང་བསྟན་པའི་ཆོས་རྒྱལ་མྱ་ངན་མེད་དང་། སྤྱིར་རྒྱ་གར་ལོ་རྒྱུས་ཁྲོདནང་ལ་་མྱ་ངན་མེད་སྔ་ཕྱི་གཉིས་བྱུང་བ་གཉིས་དཔྱད་ཆ་འདྲ་བ་ངེས་པར་དགོས་སྙམ་ལགས།

  7. ཀརྡོ་གཉེར་ཕྱག་པ་ says:
    2014-01-04 at 6:16 am

    ཀརྡོར་ལགས།
    ་་་་ ཁྱོད་ཀྱིས་མྱ་ངན་མེད་ཀྱིས་བསྟན་པ་ལ་བྱ་བ་བྱས་པས་ཁྱབ་དགོས་རེད་གསུངས་དོན་ཅི་ཡིན
    ལན།
    སངས་རྒྱས་ཀྱི་བསྟན་པ་ལ་ཕན་གནོད་མེད་པའི་སྐྱེས་བུ་ཅིག ལུང་བསྟན་པ་ལ་དགོས་པ་མེད་པས་ཕྱིར་རོ།།

  8. ཀརྡོ་གཉེར་ཕྱག་པ་ says:
    2014-01-04 at 6:20 am

    དིང་སང་གི་བོད་རིག་པའི་མཁས་པ་མང་པོས་དགོས་དོན་འདི་བརླགས་ནས། རང་བསྟོད་མཁས་རློམ་གྱིས་གསར་གཏོད་མི་བྱས་པས་ངེས་པ་མེད་པས ནང་པ་རང་གི་མཁས་པས་ནང་ཆོས་ཆོས་འབྱུང་དང་། རྒྱལ་རབས་དཔྱད་སྟངས་རང་ལུགས་མ་ཉམས་པ་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེའོ་སྙམ་ལགས།

  9. ཚེ་རིང་། says:
    2014-01-04 at 6:57 am

    རང་ནང་ཆོས་ལ་ཞེན་པ་ཆེ་དྲག་འདུག ནང་ཆོས་ལ་བྱ་བ་བྱེད་མཁན་མ་ཡིན་པ་ལུང་མི་བསྟན་ན་གླང་དར་མ་ལུང་བསྟན་པའི་རྒྱུ་མཚན་ཅི་ཡིན་ལགས

  10. ཀརྡོ་གཉེར་ཕྱག་པ་ says:
    2014-01-04 at 7:02 am

    སངས་རྒྱས་ཀྱི་བསྟན་པ་ལ་ཕན་༼གནོད་༽མེད་པའི་སྐྱེས་བུ་ཅིག ལུང་བསྟན་པ་ལ་དགོས་པ་མེད་པས་ཕྱིར་རོ།།

  11. ཀརྡོ་གཉེར་ཕྱག་པ་ says:
    2014-01-04 at 7:03 am

    ་་་་ ཁྱོད་ཀྱིས་མྱ་ངན་མེད་ཀྱིས་བསྟན་པ་ལ་བྱ་བ་བྱས་པས་ཁྱབ་དགོས་རེད་གསུངས་དོན་ཅི་ཡིན
    ལན།
    སངས་རྒྱས་ཀྱི་བསྟན་པ་ལ་ཕན་གནོད་མེད་པའི་སྐྱེས་བུ་ཅིག ལུང་བསྟན་པ་ལ་དགོས་པ་མེད་པས་ཕྱིར་རོ།།

  12. ཀརྡོ་གཉེར་ཕྱག་པ་ says:
    2014-01-04 at 7:11 am

    སངས་རྒྱས་ཀྱིས་རྫུ་འཕྲུལ་བསྟན་པ་ཡོད་ཟེར་ན། ནང་པ་རང་གིས་རྫུ་འཕྲུལ་བསྟན་པ་རེད་ཅེས་ཞེན་པ་དང་། ཡིད་ཆེས་བྱ་རྒྱུ་ལས། རྫུ་འཕྲུལ་བསྟན་མེད་པས་ཁུངས་བསྐྱལ་དཀའ་བ་ལྟར། རྫུ་འཕྲུལ་བསྟན་ཡོད་ན་ཡང་། རང་ལ་རྫུ་འཕྲུལ་མེད་ན་ཞེན་ཁོག་ཡོད་ཀྱང་། རྫུ་འཕྲུལ་བསྟན་ཡོད་ཁུངས་བཤད་མི་ཐུབ་པས། རིགས་པ་འདི་ཀུན་ལ་སྦྱར་ཤེས་པར་གྱིས་ཤིག་གུ ཚེ་རིང་ལགས།

  13. ཚེ་རིང་། says:
    2014-01-04 at 7:13 am

    མྱ་ངན་མེད་གཉིས་པ་ནི་གྷི་རིགས་ཀི་ལོ་རྒྱུས་ཁྲོད་ཤིན་ཏུ་རྒྱས་པོ་ཡོད་པ་བཤད་ཟིན་ལ། དེ་དང་མྱ་ངན་མེད་དང་བོ་གཉིས་ལོ་རབས་སོགས་གང་གི་དབང་དུ་བྱས་གཅིག་ཏུ་བསྒྱུར་མི་ཐུབ་པས་ལོ་རྒྱུས་ཀྱི་དོན་དངོས་འདི་ང་ཚོས་ངེས་པར་ཁས་ལེན་དགོས་ལ། རང་གིས་བཤད་ཚུལ་དེ་ནི་གཟུར་གནས་ཞིག་གིས་ལོ་རྒྱུས་ལ་དཔྱོད་ཚུལ་མིན་པས་ངས་རང་ལ་རྩད་མང་བོ་རྒྱབ་ན་མི་འདོད

  14. ཚེ་རིང་། says:
    2014-01-04 at 7:18 am

    རྫུ་འཕྲུལ་ནི་ཏིང་འཛིན་བྱེ་བྲག་པ་ཞིག་པས་སངས་རྒྱས་ལྟ་ཅི་བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཕྱི་རོལ་བས་ཀྱང་བསྟན་ནུས་པ་ནི་ནང་ཆོས་ལ་རྒྱུས་ཡོད་ཅིག་ཡིན་ན་དངོས་སྟོབས་ཀྱི་རིགས་པས་བརྟག་ནུས་པས། ཡིད་ཆེས་ཙམ་གྱི་ཡུལ་ཟེར་དོན་ཅི་ཡིན

  15. ཚེ་རིང་། says:
    2014-01-04 at 7:30 am

    ཀ་རྡོར་ལགས ལོ་རྒྱུས་ལ་དཔྱོད་སྐབས་དད་པ་དང་དག་སྣང་གཙོ་བོ་མ་བྱེད། སྔོན་གྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཀྱང་དག་སྣང་དང་དངོས་ཡོད་མང་བོ་ཞིག་བསྲེས་པས། བོད་ཀྱི་ལོ་རྒྱུས་ལ་གཞན་ལ་མེད་པའི་དཀའ་ངལ་འཕར་མ་མང་བོ་ཞིག་འབྱུང་བཞིན་པ་རང་གིས་ཀྱང་ཁས་ལེན་རྒྱུ་རེད

  16. ཀརྡོ་གཉེར་ཕྱག་པ་ says:
    2014-01-04 at 7:32 am

    རྒྱལ་པོ་མྱ་ངན་མེད་པ་གཉིས་བྱུང་བ་ཡོད་ཆོག་ཀྱང་། ཁྱེད་ཀྱིས། ་་་་་ རྒྱ་གར་ལོ་རྒྱུས་ཁྲོད་མྱ་ངན་མེད་སྔ་ཕྱི་གཉིས་བྱུང་བ་ནི་མདོ་ལ་བརྟེན་ནས་དཔག་ནུས་ཏེ། ་་་་ཞེས་པ་ལ་ཅུང་ཟད་དྭོགས་པ་ཟ་བྱུང་ཡང་། ངས་དཔྱད་པ་བྱ་ཁོམ་མ་བྱུང་བས་གང་ཡང་ཤོད་མི་ཕོད་དོ།།

  17. དྲན་དཀར་དཔལ་ཡོན་ says:
    2014-01-04 at 7:47 am

    ཚེ་རིང་ཟེར་བ་ཁ་བདག་མེད་ལོ་ཆུང་ལོ་རྒྱུས་ཞིབ་འཇུག་པ་འདིས་ཅི་ཟེར། མྱ་ངན་མེད་འཛམ་གླིང་དུ་གྲགས་དགོས་པས་རྒྱུ་མཚན་དམག་བརྒྱབ་པས་རེད། ནང་པར་གྲགས་པ་འབྱུང་བའི་རྒྱུ་མཚན་བསྟན་པ་ལ་དྲིན་ཆེ་བས་རེད། འོ་ན་བསྟན་པ་ལ་དྲིན་ཆེ་བ་དང་གཡུལ་ལས་ལ་དཔའ་བ་འགལ་སྙམ་ན། ཚེ་སྟོད་ཚེ་སྨད་ཀྱི་ཆ་ཕྱེ་ནས་དཔྱོད་དགོས། ཕྱིར་མི་འོང་གི་བཙོན་ཁང་གི་སྒོ་མ་བརྒྱབ་བར་དུ་གདུག་རྩུབ་ཧ་ཅང་གི་ཆེ་བ་གསལ་པོ་རེད་ད། ཁྱེད་ཀྱི་ལོ་རྒྱུས་མི་ཤེས་ཁུལ་བགྱིས་ཏེ་ལོ་ཆུང་ལོ་མཉམ་ཚོར་ཆོས་རྒྱལ་མྱ་ངན་མེད་ངོ་སྤྲོད་བྱ་འདོད་ནི་ལོས་ཡིན། དེང་སང་ཤྭ་རྔ་ཁུར་ནས་བོང་ཤ་བཙོང་མཁན་འདྲ་མིན་མང་མངས།

  18. དྲན་དཀར་དཔལ་ཡོན་ says:
    2014-01-04 at 8:31 am

    ཏཱ་ར་ནཱ་ཐའི་ཆོས་འབྱུང་དུ་བཀོད་པའི་ཆོས་རྒྱལ་མྱ་ངན་མེད་ཀྱི་རྣམ་ཐར་ཧ་ཅང་གི་ཡག་པོ་རེད་འདུག ཞན་ཆ་ཅུང་ཙམ་ཡོད་པ་ནི་རྒྱལ་པོ་ཆེན་པོ་སྐུ་གཤེགས་ཁར་ཁོང་ཁྲོ་ཟ་བཞིན་འཆི་བར་བཤད་པའི་ཕྱི་བའི་བཤད་ཡམ་འདྲ་མོ་དེ་རེད། ནེ་ཧཱ་རུས་འཛམ་གླིང་སྤྱི་བཤད་ནང་དུ་སྐུ་གཤེགས་ཁར་དགྲ་བཅོམ་འཐོབ་པའི་བཤད་ཚུལ་ནི་ནང་པས་བྲིས་པའི་ལོ་རྒྱུས་ལ་བརྟེན་པ་འམ་ཡིད་ཆེས་ཆོག་པའི་གཏམ་རེད། མྱ་ངན་མེད་ཟེར་བ་ལ་ནག་པོ་མྱ་ངན་མེད་དང་དེང་སང་གི་སྐད་ཆ་བྱས་ན་དྲག་སྤྱོད་པ་མྱ་ངན་མེད་ཟེར་བ་ལྟར་མུ་སྟེགས་པའི་བཤད་ཡམ་རེད་ཡ།

  19. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-01-04 at 9:23 am

    རྒྱ་གར་དུ་ལྷ་རྣམས་ཀྱི་གཅེས་པ། བཀའ་ཤོག་རྡོ་ལ་བྲིས་པ་ཡུལ་ལྗོངས་མང་པོར་ཁྱབ་ནས་ཡོད་པ། སྐྱེ་བོ་དག་གིས་ངོ་མཚར་དུ་བཟུང་། འོན་ཀྱང་ལྷ་རྣམས་ཀྱི་གཅེས་པ་དེ་སུ་ཡིན་མ་ཤེས་པར་ཡུན་རིང་ལུས། དེ་ནས་སིངྒྷ་ལཱིའི་ཡུལ་ན་བྲིས་པའི་བརྒྱུད་ཆེན་མོ་ཞེས་པའི་རྒྱལ་རབས་ན། ལྷ་རྣམས་ཀྱི་གཅེས་པ་མྱ་མེད་ཅེས་པ་ཡོད་པས། རྡོ་བརྐོས་བཀའ་ཤོག་འགོད་དུ་འཇུག་མཁན་དེ། རྒྱལ་པོ་མྱ་ངན་མེད་ཡིན་པ་ངོས་འཛིན་བྱས།
    མྱ་ངན་མེད་རྒྱལ་པོའི་ཁྲི་ལ་འཁོད་ནས། ལོ་བཅུ་གསུམ་རྗེས་སངས་རྒྱས་སྐུ་བལྟམས་པའི་གནས་ལུམྦི་ནཱི་ལ་སོང་ནས། རྡོ་རིང་བསླངས་པ་ན། བཅོས་ལྡན་འདས་ལ་གུས་འདུད་ཀྱིང་འདིར་འོངས། ཞེས་རྡོ་རིང་ན་བྲིས་པར་བཤད། མྱ་མེད་སངས་རྒྱས་པ་ཙམ་ལ་མ་ཡིན་པར་ཨཱ་ཛཱི་བ་ཀ ཞེས་པ་སངས་རྒྱས་པ་མ་ཡིན་པའི་ཆོས་ལུགས་ལ་ཡང་ས་གཞི་ཕུལ་པ་དེ་རྡོ་ལ་བརྐོས་ཡོད་ཅེས་བཤད། ཁྱོད་ཀྱིས་གཞན་གྱི་ཆོས་ལུགས་ལ་སྨད་ན། རང་གི་ཆོས་ལུགས་ལ་གནོད་པར་བྱེད་ཅེས་རྡོ་རིང་ལ་བསྐོས་ཡོད་ཅེས་བྲིས་པ་བཀླགས།
    ནུབ་ཕྱོགས་པ། རྒྱ་གར་གྱི་རིག་གཞུང་ལོ་རྒྱུས་ལ་མཁས་པ་བ་ཤམ་གྱིས་བྲིས་པ་ན། སངས་རྒྱས་པའི་རིག་གཞུང་ན་བཤད་པ་ལྟར་ན། མྱ་ངན་མེད་ཕྱེད་མི་དང་ཕྱེད་མི་མ་ཡིན་པའི་གཟུགས་སུ་བཀོད། རྡོ་རིང་བཀའ་ཤོག་འདི་དག་གིས་དངོས་གནས་མྱ་ངན་མེད་རྒྱལ་པོ་ཆེན་པོ་ཡིན་པར་བསྟན་ཏོ། ཞེས་བྲིས་སོ།

  20. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-01-04 at 9:27 am

    མྱ་མེད་ཅེས་པ་་མྱ་ངན་མེད་ཅེས་སོ།

  21. ཚེ་རིང་། says:
    2014-01-04 at 9:30 am

    བསམ་ཚུལ་སྣ་ཚོགས་ལྷུག་པོར་གསུང་རོགས་གནང

  22. དྲན་དཀར་དཔལ་ཡོན་ says:
    2014-01-04 at 9:45 am

    རྒན་ལ་དྭགས་པས་བློ་བསྐྱེད་གནང་བ་བཞིན་བདག་གིས་ཀྱང་་་་་་མུ་སྟེགས་པའི་བཤད་ཡམ་ཅེས་པ་་་་་མུ་སྟེགས་པ་འགའ་ཤས་ཀྱི་བཤད་ཡམ་ཅེས་པར་དོན་བསྒྱུར་གཏོང་གི་ཡིན་ལགས།

  23. ཀརྡོ་གཉེར་ཕྱག་པ་ says:
    2014-01-04 at 3:54 pm

    ཚེ་སྟོད་ལ་བདུག་རྩུབ་ཅན་གྱི་མྱ་ངན་མེད་དང་། ཚེ་སྨད་ལ་ཆོས་རྒྱལ་མྱ་ངན་མེད་ཅེས། ཞི་བདེའི་བདག་ཉིད་ཅན་གྱི་གང་ཟག་གཅིག་ཉིདལ། རྒྱལ་པོ་མྱ་ངན་མེད་གཉིས་སུ་འབྱེད་ན་ནི། ནོར་བ་གོང་དུ་གསུངས་ཟིན་འདུག
    མྱ་ངན་མེད་གཉིས་ཡོད་པའི་དབང་དུ་བྱས་ནས། དེ་གཉིས་པོ་དབོན་ཚ་ཙམ་ཡིན་ན་ནི། མི་རབས་གཉིས་ཀྱི་ཚེ་ཚད་དུས་ཡུན་ལས་ལྷག་པའི་ཁྱད་པར་ཙམ་ལས་མི་འགྲོའོ།།

  24. ཤར་པ་ says:
    2014-01-05 at 12:47 pm

    མའོ་ཙེ་ཏིང་བཀའ་ཐང་ལུང་གི་ཟིན་ཡོད། ཉོན་མོང་བརྒྱད་ཁྲི་བཞི་སྟོང་རྒྱལ་བའི་ལུང་གིས་ཟིན་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme