Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཏན་ནས་ཕྱིར་ལོག་མི་འགྲོ

Posted on 2013-12-192013-12-19 By ཁ་བརྡ་ 2 Comments on གཏན་ནས་ཕྱིར་ལོག་མི་འགྲོ

ཆབ་མདོ་ངག་ཕུན།

བློ་ངོས་སྣ་ཚོགས་ཤར་བའི་སྒྲུང་གཏམ་འདིར།།
མཁས་པ་དགྱེས་པའི་རྣམ་དཔྱོད་མེད་ན་ཡང་།།
རང་དང་མཉམ་་པའི་སྐལ་ལྡན་བུ་སློབ་ལ།།
ཕན་ཐོགས་ཕྲན་བུ་ཡོང་རེ་གཙོར་དམིགས་ནས།།
འབད་པ་ཆེན་པོས་འདི་ཉིད་བྲིས་པ་ཡིན།།

སྔོན་ལུང་པ་དངུལ་ཆུ་ཚོ་པ་ཞེས་ལུང་པའི་ཕུ་ལ་གངས་རི་དང་མདའ་ལ་མཚོ་དང་འཚེའུ་སྣ་ཚོགས་ཀྱིས་ཡོན་ཆབ་གཤམ་པ་ལྟར་སྔོན་ལྡིང་ལྡིང་གི་ལུང་པ་ཡིད་དུ་འོང་བ་ཞིག་ཡོད། ལུང་པ་དེར་འཚོ་སྡོད་བྱེད་མཁན་ཁྱིམ་ཚང་བཅུ་ལས་མེད་ཅིང་། གྲོང་མི་ཕན་ཚུན་མཐུན་ལམ་ཟབ་པ་དང་། གྲོང་མི་སུ་ཞིག་ལ་དཀའ་ངལ་ཕྲད་ན་ཕན་ཚུན་རོགས་རམ་བྱེད་རེས་ཀྱི་ལུགས་སྲོལ་བཟང་པོ་དར་ཁྱབ་བྱུང་། འཚོ་བའི་ཐོན་སྐྱེད་གཙོ་བོ་ནི་ཚྭ་ཁོ་ན་ཡིན་ཞིང་། དགུན་དུས་སྐྱེས་པ་མང་ཆེ་བ་ཚྭ་ཚོང་ཆེད་རྒྱང་རིང་ལ་འགྲོ་དགོས་ཞིང་། དེ་བཞིན་ལུང་པ་ཁ་ཤས་ཀྱི་ཚོང་པས་ཁལ་མ་མང་པོ་དེད་ནས་ཚྭ་ཉོ་བ་ཡོང་ཞིང་། ཚྭ་ལས་ནི་ལས་སླ་པོ་ཞིག་གཏན་ནས་མེད། ཚྭས་ངར་ཤུགས་ཀྱི་རྐང་ལག་ལ་སེར་ཀ་གས། འོན་ཀྱང་ཁོ་ཚོ་ནི་ལས་དབང་གི་ཚྭ་ལས་མ་བྱས་ཀ་མེད་རེད། ལུང་པ་དེར་ལོ་སྡེ་ཚང་ནི་དཔལ་འབྱོར་ཡག་ཤོས་ཀྱི་ཁྱིམ་ཚང་ཞིག་ཡིན། བློ་ཆོས་ལོ་ལྟར་ཐག་རིང་ལ་ཚ་ཚོང་ལ་བསྐྱོད་དགོས་ཤིང་། ཚོང་ཡང་ཡག་པོ་ཡོང་གི་ཡོད། བློ་ཆོས་བཟའ་མིར་བུ་རིག་འཛིན་ལས་མེད་ཅིང་། བུ་ལ་རྐྱེན་ངན་བར་ཆད་མི་ཡོང་ངམ་སྙམ་ནས་སེམས་ཁྲལ་གྱིས་ལྷ་ལ་མཆོད་པ་དང་། དབུལ་འཕོང་ལ་སྦྱིན་གཏོང་བྱེད། རིམ་གྱིས་རིག་འཛིན་ན་གསོན་ནས་ནང་གི་ལས་ཀའི་འགན་གཙོ་བོ་འཁུར་ནས་ལས་དོན་བྱེད་ཀྱི་ཡོད་ཅིང་། རིག་འཛིན་གྱི་ལས་ཀར་ཧུར་བརྩོན་དང་ཕ་མ་གཉིས་ཀྱི་ཞལ་ལ་རྩིས་འཇོག་བྱེད་སྟངས་སོགས་ལ་གྲོང་མི་ཀུན་གྱིས་ཡིད་སྨོན་བྱེད། དགུན་གཞུང་ཉི་མ་སྲོ་བཞིན་པའི་སྐབས་བློ་ཆོས་ཀྱིས་”ངའི་ངོ་ཤེས་པའི་བུ་མོ་དེ་མནའ་མ་སློང་ན་ག་འདྲ་འདུག་”ཅེས་བཟའ་ཟླ་པད་འཛོམས་ལ་སྐད་ཆ་དྲིས། པད་འཛོམས་ཀྱིས་”བུ་མོ་མནའ་མ་སྤྲད་རོགས་བྱས་ན་ཡག་པོ་འདུག་ཀྱང་སྤྲད་ཨེ་ཡོང་ན་”ཞེས་ལབ་སྟེ་བསམ་གཞིག་གི་གནས་སུ་ལྷུང་། དེ་ནུབ་ཉལ་ནས་ཕྱི་ཉིན་ཞོགས་པ་སྔར་པོ་ལངས་ཏེ་པད་འཛོམས་ལ་”མནའ་མ་སློང་དུ་འགྲོ་རྒྱུ་ཡིན་ཞིང་། དེ་རིང་རེས་གཟའ་པ་སངས་ངས་བླ་གཟའ་རེད་”ཅེས་སྨྲས། པད་འཛོམས་ཀྱིས་ཞོགས་ཇ་མགྱོགས་མྱུར་བཟོས་ཏེ་དྲངས། ཞོགས་ཇ་འཐུང་ནས་རྟ་ལ་སྒ་ཆས་རྒྱབ་སྟེ་ཐོན་ཆོག་ཆོག་བྱས། མནའ་མ་སློང་རྟེན་ལ་ཁ་བཏགས་ཨ་ཤིས་དཀར་གཙང་དང་། ཡིག་ལྐོགས་ནང་དུ་རྟེན་འབྲེལ་མཚོན་བྱེད་བཅས་བླུགས་ནས་རྟ་ཞོན་ནས་ཐོན་ཕྱིན།unnamed-3

རི་བོ་སྟོད་སྨད་ཀྱི་ལྗོན་ཤིང་རྣམས་སྔོ་ལྡིང་ལྡིང་གི་ཡོལ་འགུལ་བྱེད་ཅིང་། དེར་གནས་སྡོད་བྱེད་མཁན་གཉིས་སྐྱེས་ཚོགས་ཀྱང་དགའ་མགུལ་གྱི་འཕུར་ལྡིང་བྱེད་ཅིང་། དྲུག་འགྱུར་སྣ་ཚོགས་རྒྱབ་བཞིན་གདའ། ཡུལ་ལྗོངས་ཀྱི་མཛེས་སྡུག་དང་ཁོར་ཡུག་གི་བཀོད་ལེགས་དེ་དག་མི་མདུན་དུ་མཐོང་སྐབས་བློ་ཆོས་ཀྱི་སེམས་ནང་བདེ་བའི་སྣང་བ་ཞིག་ཤར། ལོ་ཡག་ཚང་གི་སྒོ་འགྲམ་ལ་སླེབས་པ་དང་རྟ་ལས་འབབ། བློ་ལྡན་གྱིས་སྒོ་ཕྱེས་ཏེ་འཚམས་འདྲི་བྱས་ཤིང་། དེ་ནས་བློ་ལྡན་གྱིས་”ད་ལངས་མ་འདུག་ནང་ལ་ཕེབས་”ཞེས་སྐད་བཏང་སྟེ་གདན་ལ་འཁོད། དཔལ་སྒྲོན་གྱིས་ལམ་སེང་ཐབ་ཏུ་མེ་བཏང་སྟེ་བོད་ཇ་བསུ་མ་དྲངས། དེ་ནས་ཁོ་གཉིས་ཀྱིས་སྤྱིར་བཏང་ལུང་པའི་འཕོ་འགྱུར་གྱི་གནས་སྟངས་དང་། ལྷག་དོན་དེང་སྐབས་ཚའི་རིན་གོང་སོགས་ཀྱི་སྐོར་ལ་སྐད་ཆ་བཤད་རེས་བྱས་ཏེ་བསྡད། དེ་ནས་ག་ལེར་བློ་ཆོས་ཀྱིས་རུབ་ནས་ཁ་བཏགས་ཨ་ཤིས་ཚུར་སྟོན་ནས་”དེ་རིང་འདི་ཕྱོགས་ལ་ཡོང་དོན་གཙོ་བོ་ཁྱོད་ཀྱི་བུ་མོ་སྐྱིད་མཚོ་མནའ་མ་སློང་དུ་ཡོང་བ་ཡིན། མོ་རྩིས་ལུང་བརྟག་སོགས་གཅིག་མཐུན་གྱིས་ཡག་པོ་འབབ་ཀྱི་འདུག་ཚུལ་”སོགས་བཤད། བློ་ལྡན་གྱིས་”ངེད་བཟའ་མི་གཉིས་ལ་བུ་མོ་འདི་ལས་མེད་ཅིང་། བཟའ་ཟླ་དཔལ་སྒྲོན་ཡང་ལོ་ཤས་སྔོན་སྤུས་མོ་ཁྱོན་ནས་བདེ་པོ་མེད་པར་ཆགས་ནས་ནང་ལས་བྱེད་མཁན་བུ་མོ་ལས་མེད་ཅིང་། བུ་མོ་མནའ་མ་སྤྲད་ན་ལག་པ་ཡ་གཅིག་མེད་པ་ལྟར་གྱུར་བ་འདུག །འོན་ཀྱང་ནང་ལ་དཀའ་ངལ་འདུག་བརྗོད་ནས་བུ་མོ་མནའ་མ་མ་གཏོང་ན་ག་ལ་འགྲིགས་”ཅེས་བུ་མོ་མནའ་མ་སྟེར་རྒྱུ་ཁས་བླངས། དེ་ནས་ཚེས་བཟང་ལ་གཉེན་སྟོན་བྱ་རྒྱུའི་ཐག་ཆོད་བྱུང་བས་བློ་བདེའི་ངང་ནང་ལ་ལོག།།བློ་ཆོས་ནང་ལ་སླེབས་ནས་”པད་འཛོམས་ལ་མནའ་མ་སྟེར་རྒྱུ་ཁས་བླངས་སོང་ལ་ཚེས་བཟང་ཉིན་མོར་གཉེན་སྟོན་བྱ་རྒྱུའི་ཐག་བཅད་ཟིན་པ་ཡིན་ལུགས་”སོགས་བཤད་པས། པད་འཛོམས་ཀྱིས་”ད་ཡིན་ན་ཡག་པོ་བྱུང་འདུག་ཅིང་ངེད་བཟའ་མི་མ་ཤི་གོང་ལ་བུར་མནའ་བ་ཞིག་བསུ་ཐུབ་ན་དེ་ནས་ཤི་ན་འགྱོད་པ་མེད་”ཅེས་དགའ་བའི་རྣམ་འགྱུར་སྟོན། ལྷག་པར་ཁྱིམ་མཚེས་ཕ་རྒན་གྲོང་ནས་ལོ་འཁོར་མེད་པས། གཉེན་སྟོན་མ་བྱས་ན་ཡག་པོ་འདུག་ཅེས་ཚང་མ་ཁ་མཐུན་ནས་གཉེན་སྟོན་བྱ་རྒྱུ་མེད་པ་བྱས་ཞིང་། དེ་ནས་ཚེས་བཟང་གི་ཉིན་མོར་ཕ་རྒན་བློ་ཆོས་ཀྱི་སྤུན་མཆེད་ཞོགས་པ་སྔ་པོ་རྟ་ལ་སྒས་ལེགས་པ་གཡོག་ནས་བུ་མོ་མནའ་མ་བསུ་བ་སོང་ནས་ཟང་ཟིང་མེད་པ་ཁ་ཁུལ་སིམ་མེར་མནའ་མ་བསུས།
མནའ་མ་སྐྱིད་མཚོ་ཧ་ཅང་ཉམས་ཆུང་ཞིང་རྒན་རབས་ལ་གུས་བཀུར་ཆེ་ལ། ཉམས་ཐག་ལ་བྱམས་བརྩེ་ཆེ་བ་སོ གས་ཀྱིས་གྲོང་མི་ཀུན་གྱིས་ལོ་སྡེ་ཚང་གི་མནའ་མའི་གཤིས་སྤྱོད་ལ་ཡིད་སྨོན་བྱེད་ཅིང་། བཟའ་ཟླ་རིག་འཛིན་གྱི་གང་བརྗོད་པ་དེར་ཉན་འཇོག་བྱེད་པ་ལས་མ་འདོད་པའི་རྣམ་འགྱུར་གཅིག་ཀྱང་སྟོན་མྱོང་མེད། རིག་འཛིན་རང་ཉིད་ཀྱིས་ཀྱང་བཟའ་ཟླ་སྐྱིད་མཚོ་ལ་བསྟུན་གང་ཐུབ་བྱེད་ཅིང་། དེར་བརྟེན་ནས་བཟའ་ཚང་མཐུན་ལམ་ཆེ་བའི་གྲོང་མི་ཀུན་གྱིས་མིག་དཔེ་ལྟ་སའི་བཟའ་ཚང་ཞིག་གྱུར་ཅིང་། བསྟོད་བསྔགས་ཀྱི་མེ་ཏོག་ཡང་ཡང་ཐོར། སྐྱིད་མཚོས་ནང་ལས་ཚར་བ་དང་རིག་འཛིན་ལ་རོགས་པ་གང་ཐུབ་བྱེད་ཅིང་། རིམ་གྱིས་མནའ་མ་སྐྱིད་མཚོ་ལ་མངལ་ལ་ཕྲུ་གུ་འཁོར་བ་རིག་འཛིན་གྱིས ་ཤེས་ཏེ་དགའ་ཚོར་གྱིས་ཁེངས་ཏེ་དཀོན་མཆོག་ལ་མཆོད་པ་དང་། མར་ངན་སློང་ལ་སྦྱིན་གཏོང་བློ་ཡིད་ཚིམ་པ་རྒྱ་གང་ཆེ་གནང་། དེ་ནས་རིམ་གྱིས་ཟླ་དུས་ཚང་སྟེ་སྐྱིད་མཚོ་ལ་བུ་ཡིད་དུ་འོང་བ་ཞིག་སྐྱེས། ནང་མི་ཚང་མ་དགའ་བ་འབུམ་གྱིས་ཁེངས་ཤིང་། བློ་ཆོས་ལུང་པའི་ཕུ་ལ་མཚམས་པ་བླ་མའི་མདུན་ལ་མིང་ཞུ་བ་འགྲོ་རྩིས་ཀྱི་རྟར་སྒ་སྟན་སོགས་གཡོག་ནས་རིམ་གྱིས་ཐོན།

ལུང་པའི་ཕུ་དེར་རི་བོ་རྩེ་མོའི་གངས་རིའི་ཡོངས་སུ་གཡོག་ཅིང་། སྨད་ལ་མཚོ་དང་མཚེའུ་ཆེ་ཆུང་སྣ་ཚོགས་ཡོན་ཆབ་གཤམས་པ་ནང་བཞིན་སྔོ་ལྡིང་ལྡིང་འཁྱིལ་ཡོད་ཅིང་། ཕྱོགས་གཡས་གཡོན་ནས་རྒྱུགས་ཆུ་མི་ཟོག་གི་རབ་ཆོད་ཙམ་ཞིག་དལ་གྱིས་རྒྱུ་ཞིང་། རི་དྭགས་ཚོགས་ཀྱང་ཞི་བདེ་བག་ཕེབས་ཀྱི་ངང་ནས་རྩ་ཆུར་རོལ་གྱི་ཡོད། དབྱར་དུས་རི་ལུང་སྟོད་སྨད་མེ་ཏོག་སྣ་ཚོགས་ཀྱིས་ཁེངས་ཤིང་། ས་ལ་གོམ་པ་སྤོ་མི་ཕོད་པ་ལྟ་བུའི་སྣང་བ་ཤར་གྱི་ཡོད་ཅིང་། དེ་འདྲའི་གནས་མཆོག་ལ་མཚམས་པ་ཞིག་མི་ཚེ་ཁོ་ན་བསྒོམ་སྒྲུབ་ཉམས་ལེན་ལ་བརྩོན་བཞིན་བཞུགས་ཡོད་པས། ཁོང་གི་མདུན་དུ་མདའི་གྲོང་ཚོའི་མི་རྣམས་ཀྱི་སྐྱབས་འཇུག་ཞུ་ས་ཁོང་ལས་མེད་པས། ཁོང་ནི་ལུང་པ་དེའི་རྩ་བ་བླ་མ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད། ཁོང་གི་མདུན་དུ་རིག་འཛིན་བཅར་ནས་ཕྲུ་གུར་མིང་ཞུས། མཚམས་པས་སྤྱན་བཙུམ་ནས་ཐུགས་སྨོན་ཡུན་རིང་ཞིག་བཏབས་ནས”ཕྲུ་གུའི་མིང་ལ་རིག་འཛིན་རྡོ་རྗེ་”ཞེས་བཏགས་གནང་མཛད། རིག་འཛིན་གྱི་དུས་ཚོད་ནམ་ཁོམ་ལ་བུ་རིག་པའི་རྡོ་རྗེ་གཉའ་བ་སྒང་ལ་འཁུར་ནས་བྱམས་སྐྱོང་གནང་གི་ཡོད། ཕ་མས་བུ་རིག་རྡོ་ཞེས་སྐད་གཏོང་གི་ཡོད་པས། རིམ་གྱིས་གྲོང་མི་ཀུན་གྱིས་ཀྱང་རིག་རྡོ་ཞེས་མིང་གཏན་ཆགས་སུ་གྱུར་པ་རེད། སྐྱིད་མཚོས་བཟའ་ཟླའི་ཕ་མ་རྒན་ཁོག་གཉིས་གཡོག་དགོས་ལ། ཕྲུ་གུ་ཡང་ལྟ་རྟོགས་བྱེད་དགོས་ནའང་ད་དུང་ཞོགས་སྔར་ལངས་དང་དགོང་ཕྱི་ཉལ་གྱི་ལས་ཀ་ཁོ་ན་བརྩོན་གྱི་ཡོད། རིག་འཛིན་གྲོང་མི་ཚོ་དང་མཉམ་དུ་ཚ་ཚོང་ལ་ཐག་རིང་ལ་བསྐྱོད་དགོས་པའི་ནང་ལ་དེ་ཙམ་སྡོད་ཁོམ་མེད་ཅིང་། རིམ་གྱིས་བུ་རིག་རྡོ་ཆེན་པོ་ཆགས་པ་དང་། ཕ་རིག་འཛིན་གྱི་མཉམ་དུ་ཚྭ་ཚོང་ལ་ཁྲིད། རིག་རྡོ་ལ་ཉམས་མྱོང་གང་འཚམས་བསགས་པའི་གོ་སྐབས་བཟང་པོ་ཞིག་ཐུབ།
unnamed-1སྟབས་མ་ལེགས་པ་ཞིག་ལ་རིག་འཛིན་ལ་ན་ཚྭ་ཞིག་འཕོག་སྟེ་གོམ་པ་སྤོ་མི་ཐུབ་པ་གྱུར། ཚྭ་ཚོང་ལ་དེ་ལས་ཀྱང་ག་ལ་ཐུབ་བསྐྱོད་ཐུབ་ཀྱི་མེད་ཅིང་། ཕྱི་ནང་གི་ལྷ་རྗེ་ལ་བསྟེན་གཏུགས་རིམ་པར་བྱས་ཀྱང་ན་ཚྭའི་རྩད་གཅོད་མ་ཐུབ། དེ་ནས་བཟུང་སྟེ་རིག་རྡོ་ཚོང་ལ་མ་བསྐྱོད་ཐབས་མེད་དུ་གྱུར་ཞིང་། ནང་གི་འགན་ཡོངས་རྫོགས་རིག་རྡོས་ཕྲག་སྟེང་དུ་ལྷུང་། རིག་རྡོ་གྲོང་མི་མཉམ་དུ་ཚྭ་ཚོང་ལ་ལོ་ལྟར་བསྐྱོད་ཀྱི་ཡོད་ཅིང་། ཚྭ་འབྲུ་བརྗེ་པོ་བརྒྱབ་ནས་འབྲུ་བརྗེ་ལེན་དགོས་ཤིང་། དངུལ་ཆུ་ཚོ་པའི་ཚྭ་འདྲ་ཞེས་བྲོ་བ་ཆེ་ཞིང་རང་བཞིན་བྱུང་བ་ཡིན་པས་ཀུན་གྱིས ་དགའ་མོས་ཆེ་ཤོས་བྱེད་སའི་ཚྭ་ཞིག་ཡིན། ཚྭ་མི་ཚོང་བའི་སེམས་ཁྲལ་གཏན་ནས་མེད། འོན་ཀྱང་འགྲོ་ལམ་དོགས་པའི་དབང་གིས་ལམ་འགྲོ་མ་རྒྱུགས་ན་འཕྲང་རོང་ནང་ཁལ་མ་ཐུག་སྟེ་གཡང་རོང་ནང་ལྷུང་བའི་ཉེས་ཁ་ཧ་ཅང་ཆེན་པོ་ཡོད་ཅིང་། དེ་ནས་ཡོལ་ན་ལུས་ནས་འཚེར་མ་སྟོན་པ་ནང་བཞིན་ཚྭ་ཚོང་བའི་ལུས་སེམས་ལ་བདེ་བར་ཡོང་ཞིང་། དེར་བརྟེན་ནས་འཕྲང་རོང་དེ་ནས་འགྲོ་དུས་ཡིད་གཟབ་ཀྱི་ངང་ནས་འགྲོ་དགོས་ཀྱི་ཡོད། ཚྭ་ཚོང་ནི་ཞིང་པའི་སྟོན་ལས་ཚར་རྗེས་ཟླ་བ་གཉིས་ཙམ་གྱི་རྗེས་ལ་དགུན་དུས་བསྐྱོད་དགོས། ཚ་ཚོང་ནས་ཚུར་སླེབས་གྲབ་སྐབས་ནང་མིས་ཆང་སྙལ་ནས་འཐུང་ཆོག་ཆོག་བཟོ་ནས་བཞག་ཅིང་། ཚྭ་ཚོང་བ་བློ་ཁ་མཐུན་པ་རྣམས་ཆང་འཐུང་ནས་ཉིན་གཅིག་གི་རིང་ལ་ལྷོད་ལྷོད་ཀྱིས་དགའ་སྤྲོའི་ངང་འདུག་སྲོལ་ཡོད་ཅིང་། རིག་རྡོ་ཚྭ་ཚོང་ནས་ཚུར་འཁོར་བའི་ཉིན་ཤས་ཀྱི་རྗེས་གྲོགས་འདྲིས་མཉམ་དུ་ཉི་འོད་སྲོ་བཞིན་དལ་ལྷོད་ཀྱིས་གཏམ་གླེང་སྣ་ཚོགས་སྨྲ་བཞིན་བསྡད། རིམ་གྱིས་ཕ་རྒན་རིག་འཛིན་ནད་གཞི་དྲག་སྐྱེད་བྱུང་ནས་”ད་ལོ་རིག་རྡོ་མཉམ་དུ་ཚྭ་ཚོང་ལ་འགྲོ་ཡིན་”ཞེས་ལབ་དང་། རིག་རྡོས་”ཨ་ཕ་འགྲོ་དགོས་མ་རེད་ལམ་ལ་དཀའ་ལས་ཁག་པོ་ཡོང་གི་རེད་”ཅེས་ག་ཚད་ལབ་ནའང་ཉོན་འཇོག་ཁྱོན་ནས་མ་གནང་ནས་”བུ་མཉམ་དུ་ཚྭ་ཚོང་ལ་འགྲོ་རྒྱུ་ཡིན་”ཚུལ་བརྗོད། རིག་རྡོ་ནི་བློ་རིག་བཀྲ་ཤིང་ཡ་རབས་ལྡན་པའི་ན་གཞོན་ཞིག་ཀྱང་ཡིན་ཞིང་། ཕ་རིག་འཛིན་གྱི་གང་གསུང་རིག་རྡོས་རྡོ་ལ་རི་མོ་བྲིས་པ་ནང་བཞིན་བརྩི་འཇོག་གནང་གི་ཡོད་ཅིང་། གྲོང་མི་ཀུན་གྱིས་རིག་རྡོའི་ཀུན་སྤྱོད་ལ་ཡིད་སྨོན་བྱེད་ཀྱི་ཡོད། ལྷག་པར་རིག་རྡོ་ནི་ཁ་ཉུང་ལ་དོན་དག་ཡོད་ན་མ་གཏོགས་གཏམ་གླེང་བྱེད་རྒྱུ་དེ་ཙམ་དགའ་བོ་གཏན་ནས་མེད། ལས་དོན་གང་འདྲ་ཞིག་བྱས་ནའང་ཧུར་བརྩོན་གནང་མཁན་ཞིག་དང་། མི་མཐོ་དམའ་ཀུན་ལ་གཅིག་མཚུངས་ཀྱི་ལྟ་སྟངས་འཛིན་མཁན་ཞིག་ཀྱང་ཡིན་པ་རེད། ལོ་སྡེ་ཚང་གི་ཕ་རྒན་རིག་འཛིན་ལོ་འདིར་ཚོང་ལ་འགྲོ་རྒྱུའི་གྲ་སྒྲིག་བྱས་ཤིང་། མ་ཐོན་གོང་ལ་ཁྱིམ་མཚེས་བློ་དགའ་ཚང་གི་ནང་ལ་ཕྱིན། བློ་དགས་ལམ་སེང་ཐབ་ཏུ་མེ་ཁ་ཕྱེས་ནས་ཇ་ཐང་ཞིག་བསྐོལ་ཏེ་དྲངས།

ཇ་འཐུང་བཞིན་གཏམ་གླེང་སྣ་ཚོགས་ཤིག་སྨྲས་ཏེ་བསྡད། དེ་ནས་བློ་དགའི་བཟའ་ཟླ་ལོ་འཛིན་ཕྱི་ལོག་འབུད་ཤིང་འཐུ་བ་ཕྱིན་ནས་ཕྱིར་འཁོར་ནས་འཁུ་རུ་སར་བཞག་སྟེ་ནང་དུ་ཡོང་བ་དང་། ལོ་སྡེ་ཚང་གི་ཕ་རྒན་རིག་འཛིན་སླེབས་པ་མཐོང་ནས་འཚམས་འདྲི་དང་བཅས་ཏེ་ལམ་སེང་ཆང་སྟོན་ནས་དྲངས་ཞོར་”ད་ལོ་ཁྱོད་ཚོ་ཚྭ་ཚོང་ལ་འགྲོ་རྩིས་ཡོད་དམ་”ཞེས་དྲིས། ཕ་རྒན་རིག་འཛིན་གྱིས་”ད་ལོ་བུ་དང་མཉམ་དུ་ང་ཡང་འགྲོ་གི་ཡིན། སང་ཉིན་ཐོན་རྒྱུ་ཡིན་”ཞེས་བཤད། ལོ་འཛིན་གྱིས་”ཁྱོད་རང་ལོ་ཚད་མཐོ་པོ་སླེབས་ཟིན་པས་བུ་གཅིག་པུ་གཏོང་ན་འགྲིགས་ཀྱི་མི་འདུག་གམ།” ཞེས་བཤད་པ་དང་། “ཁྱོད་བཤད་པ་བདེན་པ་རེད། འོན་ཀྱང་ང་ངེས་པར་འགྲོ་དགོས་ཡོད་ཅིང་དོན་དག་ཆེན་པོ་ཞིག་ཐག་བཅད་རྒྱུ་ལྷག་ཡོད་པས་དེ་འགྲུབ་སོང་ན་ད་རྒན་པོ་ཤི་ཡང་འགྱོད་པ་མེད་”ཅེས་རིག་འཛིན་གྱིས་སྨྲས། བློ་དགས་”ཚྭ་ཚོང་ལ་མཉམ་དུ་འགྲོ་མཁན་ཁྱིམ་ཚང་སུ་ཡོད་དམ་ཞེས་དྲིས། “ད་རེས་ངེད་ཕ་བུ་གཉིས་ལས་གཞན་རོགས་པ་མེད་ལུགས་”བཤད། དེ་ནས་དགོང་དག་ས་རུབ་ཉེ་སྐབས་རིག་འཛིན་ཐོན་གྲབས་སྐབས་ལོ་འཛིན་ལམ་སེང་ལངས་ནས་”དགོང་མོ་ཁ་ལག་བཞེས་ནས་ཕེབས་”ཞེས་རྩམ་སྒམ་དང་ཤ་བཅས་མདུན་དུ་བསྒྲིགས། རིག་འཛིན་གྱིས་”ང་འགྲོ་ཡིན་ཕ་གེར་ཁ་ལག་བཟོ་བཞག་ཡོད་”བཤད་ཀྱང་། བློ་དགའི་བཟའ་མི་གཉིས་ཀྱིས་ཨུ་ཚུགས་རྒྱབ་པར་བརྟེན་ཁོ་ཚོ་མཉམ་དུ་ཁ་ལག་བཟས་ཏེ་ཐོན། བློ་དགས་”ད་ཁྱེད་ཕ་བུ་གཉིས་ལམ་ལ་གཟབ་གཟབ་གནང་། ཁྱོད་ཕྱིར་འཁོར་འཚམས་ངེད་རྒན་པོ་ལྷོད་ལྷོད་བསྡད་ཆོག་”ཅེས་སྒོར་ཁ་བར་བསྐྱལ། རིག་འཛིན་གྱིས་”ད་བདེ་མོ་བཞུགས་”ཞེས་དལ་གྱིས་ནང་ལ་ལོགས་ཕྱིན་ཞིང་། ཕྱིན་ཉིན་ཉི་འོད་རི་རྩེ་མ་ཕོག་གོང་མ་རྒན་པད་འཛོམས་མལ་ས་ནས་ལངས་ཏེ་ཞོགས་ཇ་གྲ་སྒྲིག་བྱས་ཤིང་། དེ་ནས་ཕ་བུ་གཉིས་ཀྱང་ལངས་ནས་གཡག་ལ་སྒ་གདན་གཡོག་ནས་ཐོན་ཆོག་ཆོག་བྱས། མ་སྐྱིད་མཚོས་ཇ་ཕོར་དང་རྩམ་པ་མདུན་དུ་བསྒྲིག་ནས་ཟ་ཆོག་ཆོག་བཟོས། བུ་ཆུང་བ་གཉིས་ཀྱང་ལངས་ནས་རོགས་པ་བྱས་ནས་ནང་མི་མཉམ་འཛོམས་ཀྱིས་ཞོགས་ཇ་འཐུང་བ་དང་། ཕ་རྒན་རིག་འཛིན་གྱིས་བུ་ཆུང་བ་གཉིས་ལ་མིག་ཅེར་རེ་ལྟ་བཞིན་”ཨ་མ་ལ་རོགས་པ་བྱེད་དགོས་”ལུགས་ཀྱི་ཁ་ཏ་བྱས། དེ་ནས་གཡག་ལ་ཚྭ་འགེལ་ནས་ཕ་བུ་གཉིས་རིམ་གྱིས་ཤར་གྱི་ཕྱོགས་ལ་ཐོན།

unnamed-2རི་བོ་མཐོ་ཞིང་རྐང་ལམ་ཕྲ་མོ་ཀྱག་ཀྱོག་མང་བའི་བརྒྱུད་དེ་བསྐྱོད་དགོས་པས་སྐྱིད་མཚོས་ཕ་བུ་གཉིས་ལ་བར་ཆད་མེད་པའི་སྨོན་ལམ་འདེབས་བཞིན་རི་གདོང་ནས་མ་ཡོལ་བར་དུ་སྒོ་ཁར་ཀྲོང་ངེར་ལངས་ནས་བསྡད། ཕ་བུ་གཉིས་རི་གདོང་ནས་ཡོལ་བ་དང་ནང་ལ་ཡོང་ནས་ཞོགས་ཟས་ལ་རོལ། རིག་འཛིན་ཕ་བུ་ཉིན་གཉིས་ཙམ་གྱི་རྗེས་ལ་ལུང་སྡེ་གྲོང་ཚོར་སླེབས་ཤིང་། ཕ་རྒན་རིག་འཛིན་དུས་རྒྱུན་ནས་ཞག་སྡོད་བྱེད་སའི་གནས་ཚང་ཡ་རབས་བཟང་པོ་ཞིག་ཡོད་པས། དེའི་སྒོ་འགྲམ་ལ་འགེལ་མ་རྣམས་ཕབ་ནས་བཞག་ཅིང་། ནང་གི་ཕ་རྒན་རབ་དབྱངས་སྒོ་ནས་ཕྱིར་ཡོང་བ་དང་། “ཡ་ད་ལོ་ཕ་རྒན་རིག་འཛིན་ཕེབས་འདུག་པས་ལམ་ལ་འོ་རྒྱལ་མ་བྱུང་ངམ་”ཞེས་དགའ་སྤྲོས་འཛུམ་གྱིས་ཁེངས་ནས་ཕན་ཚུན་འཚམས་འདྲིའི་བྱེད་རེས་ཀྱིས་ལག་པ་བཏང་རེས་དང་འབྲེལ་རབ་དབྱངས་ཀྱིས་”ད་ལོ་ལམ་ལ་དཀའ་ངལ་མ་བྱུང་ངམ་”ཞེས་དྲིས། རིག་འཛིན་གྱིས་”ལམ་ལ་དཀའ་ངལ་མ་ཕྲད་པར་ལམ་འགྲོ་ཡག་པོ་བྱུང་སོང་”ཞེས་བཤད། “བུ་མ་གཏོགས་ཁྱོད་ཡོང་གི་རེད་སྙམ་པའི་སེམས་ལ་འཁོར་མ་བྱུང་། བུ་ཡག་པོ་འདུག་ཅིང་ཕ་རྒན་སེམས་ཁྲལ་ཁྱོན་ནས་དགོས་པ་མི་འདུག་”ཅེས། རིག་རྡོའི་ལས་དོན་བྱེད་ཕྱོགས་ལ་རབ་དབྱངས་བློ་ཡིད་མགུལ་ཐག་ཆོད་པའི་རྣམ་འགྱུར་སྟོན། དེ་ནུབ་ནང་མི་ཚང་མ་ཉལ་ཟིན་ནའང་གནས་ཚང་ཕ་རྒན་དང་རིག་འཛིན་གཉིས་སྤྱིར་བཏང་གི་སྐད་ཆ་སྣ་ཚོགས་ཤིག་བཤད་ནས་ཡུན་རིང་བསྡད། རིག་འཛིན་གྱིས་”ད་ཁྱོད་ཀྱི་བུ་མོ་རྣམ་རྒྱལ་ལྷ་མོ་ཆེ་པོ་ཆགས་འདུག་པཱ་”ཞེས་བཤད་པས། “བུ་མོ་ཆེན་པོ་ཡོད་ཆགས་ཡོད་ཅིང་། བུ་མོ་མནའ་མ་སྟེར་ནས་བུ་ལ་མནའ་མ་བསུ་ཐབས་ཀྱི་བསམ་པ་ཡོད་ལུགས་བཤད།” རིག་འཛིན་གྱིས་གོ་སྐབས་བཟང་པོ་བྱུང་བསམ་ནས་”ཁྱོད་ཀྱི་བུ་མོ་ངའི་བུ་རིག་རྡོ་དང་གཉེན་སྒྲིག་བྱས་ན་གང་འདྲ་འདུག་གམ་”ཞེས་སྨྲས། རབ་དབྱངས་ཀྱིས་”བུ་མོ་མནའ་མ་སྟེར་ཕྱོགས་སྐོར་བཟའ་ཟླར་གྲོས་མོལ་གྱིས་རྗེས་ལ་ལེན་འདེབས་བྱེད་ཆོག་”ཅེས་བཤད་ནས་ཐག་མ་བཅད། དེ་ནུབ་ཕྱི་པོ་ཆགས་ནས་ཁོང་གཉིས་ཉལ་བར་ཕྱིན་ཞིང་ཕྱིན་ཉིན་ནམ་ལངས་པ་དང་བཟའ་ཟླ་རིག་སྒྲོལ་ལྷ་མོ་མལ་ས་ནས་ལངས་ཏེ་ཐབ་ལ་མེ་བཏང་ནས་ཞོགས་ཇ་བསྐོལ། རབ་དབྱངས་ཀྱང་ལངས་ནས་བཟའ་ཟླ་ལ་”མདང་དགོང་རིག་འཛིན་གྱིས་ང་ཚོའི་བུ་མོ་དང་བུ་རིག་རྡོ་གཉིས་གཉེན་སྒྲིག་བྱས་ན་གང་འདྲ་འདུག་གམ་ཞེས་ལབ་ཀྱི་འདུག་ཀྱང་ལན་གང་ཡང་བརྒྱབ་མེད། ཁྱོད་ལ་བསམ་ཚུལ་གང་ཞིག་ཡོད་དམ་”ཞེས་དྲིས་པས། རིག་སྒྲོལ་ལྷ་མོས་”ཁོ་ཚོ་སྐྱེ་ཁུངས་ཡག་པོ་རེད་དེ། ལུང་པ་ནང་ལ་ཚྭ་ལས་ཐོན་སྐྱེད་མེད་པས་བུ་མོར་དཀའ་ངལ་མྱོང་གི་རེད་སྙམ་པའི་སེམས་ཁྲལ་འདུག་ཀྱང་རིག་རྡོ་ཁོ་རང་བུ་ཡ་རབས་ལྡན་ཞིང་གཤིས་སྤྱོད་འཇམ་པ་དང་། ལས་ལ་བརྩོན་མཁན། ལྷག་དོན་ཕ་མར་གུས་ཞབས་བྱེད་མཁན་གྱི་གཞོན་ནུ་ཞིག་རེད་འདུག་ཅིང་།
གང་ལྟར་བུ་མོ་མཐའ་མཇུག་མནའ་མར་འགྲོ་རྒྱུ་ཡིན་དུས། ང་ལ་མོས་མཐུན་མེད་པའི་བསམ་པ་གང་ཡང་མེད་”ཟེར། དེ་ནས་རབ་དབྱངས་བཟའ་མི་གཉིས་ཀྱི་ལོ་སྡེ་ཚང་ལ་མནའ་མ་སྟེར་རྒྱུ་ཁས་ལེན་བྱས། རིག་རྡོ་ནི་ཕོ་ལོ་ཉི་ཤུ་ཟིན་པའི་ན་གཞོན་དར་ལ་འབབ་པ་དང་། སྐྱེ་གཟུགས་ལེགས་ཤིང་། མཐོང་མཁན་ཀུན་གྱིས་མིག་ལ་མི་མཛེས་པ་གཏན་ནས་མེད། ལྷག་དོན་དུ་རིག་རྡོ་ནི་གླུ་དབྱངས་ལེན་རྒྱུ་དགའ་ཞིང་ངག་སྟབས་ཀྱང་སྙན་པོ་ཡོད། དུས་ཚོད་ནམ་ཁོམ་གླུ་ལེན་གྱི་ཡོད། དེར་ཞག་ཤས་བསྡད་རིང་ཚྭ་ཚོང་བའི་འབྲུ་རྣམས་གནས་ཚང་ལ་བཅོལ་ཏེ་སླར་ཡང་ལུང་པ་གཞན་ལ་ཚྭ་ཚོང་བ་བསྐྱོད་རྒྱུ་གྲ་སྒྲིག་གིས་ཁས་མར་སྒ་གདན་རྒྱབ། རིག་སྒྲོལ་ལྷ་མོས་ཐབ་ལ་མེ་བཏང་ནས་ཇ་ཐང་ཞིག་བསྐོལ་ནས་སུབ་ཇ་ཞིམ་པོ་ཞིག་བཟོས་ཏེ་རིག་འཛིན་ཕ་བུ་གཉིས་ལ་དྲངས། ཕ་བུ་གཉིས་ཀྱི་ཞོགས་ཇ་བཟས་ནས་གཡག་ལ་ཚྭ་སྒྱེལ་འགེལ་ནས་རིམ་གྱིས་ཐོན། རི་འདབས་ཀྱི་ཐང་སྟེང་སྤང་གཞུང་ཞིག་ལ་སླེབས་པ་དང་། རིག་རྡོས་གོས་ཀྱི་ཕུ་དུང་དེ་དམ་པོར་བསྡམས་ནས་ངོ་གདོང་ནས་འཛུམ་མདངས་བཅོས་མ་མ་ཡིན་པ་ཞིག་སྟོན་ནས་གླུ་འདི་ལྟར་ཞིག་བླངས་སོ།

བརྩམས་སྒྲུང་།

Post navigation

Previous Post: ཀུན་གླེང་གིས་དགེ་འདུན་ཆོས་འཕེལ་གླེང་འདུག
Next Post: ཆོག

Comments (2) on “གཏན་ནས་ཕྱིར་ལོག་མི་འགྲོ”

  1. ཆབ་ཕུན། says:
    2013-12-21 at 5:48 am

    གསལ་བཤད་བྱེད་དགོས་པ་ཞིག་ལ། སྒྲུང་གཏམ་གྱི་དཔར་ཁག་ནི་དྲ་ཚིགས་ཁག་དང་གངས་ལྗོངས་འདོན་ཐེངས་བཅུ་གཉིས་བཅས་ནས་བཤུས་པ་ཡིན་ན། དེ་དོན་དགོངས་མངའ་མཛོད། པར་གྱི་བདག་དབང་ལ་འབྲེལ་བ་བྱེད་ཤེས་མ་སོང་བས་དགོངས་འགལ་མེད་པར་མཛོད།

  2. dhoshul says:
    2013-12-21 at 6:52 am

    རྒནངག་དབང་ཕུན་ཚོགས་ལགས་དཔེ་ཡག་པོ་བྲིས་འདུག རྗེས་སུ་ཡི་རང་ཡོད། པར་དེ་གལ་ཡོད་གྱི་མ་རེད་ཕན་ཐོག་ན་དེ་ག་རེད་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme