Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཕྱི་ནང་གི་སློབ་གྲྭ་དང་སློབ་དེབ།

Posted on 2013-11-292013-11-29 By ཁ་བརྡ་ 28 Comments on བོད་ཕྱི་ནང་གི་སློབ་གྲྭ་དང་སློབ་དེབ།

རེ་མདོ་སེང་གེ

ཉིན་ཤས་གོང་ཞིང་ལྗོངས་ལྔའི་གཅིག་གྱུར་གྱི་གཞི་རིམ་སློབ་གྲྭའི་བོད་ཀྱི་སྐད་ཡིག་སློབ་དེབ་ཁག་ལ་ལྟ་ཀློག་བྱས་ཤིང༌། སྐད་ཡིག་སློབ་དེབ་ཁག་གི་པར་རིས་དང་དྲན་ཐོ་མདོ་བསྡུས་བཅས་སྐད་འཕྲིན་གྱི་མདུན་ངོས་སུ་བཞག་པ་ཡིན། ཅང་མ་འགོར་བར་བོད་ནང་གི་འབྲེལ་ཡོད་དམའ་འབྲིང་དང་མཐོ་འབྲིང་གི་གེ་རྒན་དུ་མ་ཞིག་གིས། “བསླབ་གཞིའི་སློབ་དེབ་འདི་དག་གི་ཐོག་ནས་ཁྱེད་ལ་མཐོང་ཚུལ་གང་འདྲ་བྱུང་”ཟེར་ནས་ཡིག་ངག་གཉིས་ཐོག་ནས་སྐད་ཆ་དྲིས་བྱུང་བས། “སློབ་དེབ་འདི་དག་གི་ཐོག་ནས་སློབ་ཕྲུག་ཚོར་སྤྱི་ཡོངས་ཀྱི་གོ་རྟོགས་དང་ཤེས་བྱའི་རྣམ་གྲངས་ཕྲན་བུ་ཇེ་མང་དུ་གཏོང་ཐུབ་སྲིད་ཀྱང༌། ཆེད་དུ་དམིགས་སའི་བོད་མི་རིགས་ཀྱི་ཚེ་སྲོག་རྒྱུན་གནས་ཐུབ་པའི་རྣམ་ཤེས་དང་ཟུངས་ཁྲག་འདང་ངེས་ཤིག་མེད་པའི་མཐོང་ཚུལ་བྱུང༌།
གང་ཡིན་ཟེར་ན། ཡོངས་རྫོགས་གཞན་པ་ཞིག་ལ་དཔེ་ལྟོས་དང་བཤུ་འབྲི་བྱས་པ་ཞིག་མ་གཏོགས། བོད་རང་གི་བསམ་བློ་དང་མི་སྣ་གཞི་རྩར་བཟུང་སྟེ་བྲིས་པ་སློབ་དེབ་སྤྱིའི་རྩོམ་ཡིག་གི་གྲངས་འབོར་ཐོག་ནས་བརྒྱ་ཆ་ཤིན་ཏུ་ཉུང༌། ལྷག་པ་འདི་དག་སྐད་ཡིག་གི་སློབ་དེབ་ཡིན་པའི་རྒྱུ་མཚན་གྱིས། བོད་སྐད་ཀྱི་གཤིས་ཀ་དང་བོད་རང་གི་རྩོམ་འགྲོས་རྩ་གནད་དུ་འཛིན་དགོས་ངེས་ཀྱང༌། ཚིག་འབྲུག་འདི་དག་གི་གསེང་ནས་རྩམ་དྲི་དང་མར་དྲི་ཚོར་ཐུབ་པ་ཤིན་ཏུ་དཀོན་པོ་རེད།” ཅེས་ངའི་མཐོང་ཚུལ་མདོ་བསྡུས་ཤིག་དྲང་པོས་བཤད་པ་ཡིན།

སྐབས་དེར། དམའ་འབྲིང་དགེ་རྒན་ཞིག་གིས། “སློབ་དེབ་འདི་དག་གི་ཐོག་ཁྱེད་དང་འདྲ་བར་བོད་ནང་གི་དགེ་རྒན་ཚོའི་ནང་བསམ་འཆར་ཡོད་མཁན་མང་པོ་འདུག སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་གི་ངོས་ནས་ང་ཚོའི་བསམ་འཆར་ལེན་པའི་དོན་དུ་ཚོགས་འདུ་ཐེངས་འགའ་ཤས་བསྡུས་བྱུང༌། ཚོགས་འདུ་སྔ་ཕྱི་ཀུན་གྱི་ཐོག་ང་ཚོས་བསམ་འཆར་གང་ཡོད་གསལ་པོ་བཤད་ཡོད། འོན་ཀྱང་སློབ་དེབ་ཀྱི་ནང་དོན་དང་ཚིག་སྦྱོར་གང་ཅིའི་ཐད་འགྱུར་བ་འདོད་པ་ཁེངས་པ་ཞིག་གཏན་ནས་འགྲོ་ཐུབ་ཀྱི་མི་འདུག་”ཅེས་རེ་བ་ཆད་པ་ལྟ་བུའི་རྣམ་འགྱུར་དང་བཅས་བཤད་བྱུང༌།
དེ་བཞིན་མཐོ་འབྲིང་དགེ་རྒན་ཞིག་གིས། “ཁྱེད་ཀྱིས་བཤད་པ་ལྟར་བོད་མི་ངོ་མ་ཞིག་གསོ་སྐྱོང་བྱ་བའི་དམིགས་ཡུལ་གྱི་ཐད་ནས། བསླབ་གཞིའི་སློབ་དེབ་འདི་དག་གི་ཚིག་དོན་གཉིས་ཀ་ལ་སྐྱོན་ཆ་སྣ་ཚོགས་ཡོད་ངེས་པར་མ་ཟད། སློབ་ཕྲུག་སྤྱི་ཡོངས་ཀྱི་བོད་ཡིག་གི་དོ་སྣང་དང་གནས་ཚད་ཤིན་ཏུ་ཞན་པས་སློབ་གྲྭའི་ནང་ནས་ཡིད་ཚིམ་པའི་གྲུབ་འབྲས་ཤིག་གཏན་ནས་ཡོང་ཐུབ་ཀྱི་མི་འདུག་”ཅེས་སྐྱོ་ཉམས་དང་བཅས་བཤད།

དེ་ནས་ང་ཚོའི་བར་མུ་མཐུད་འདིའི་ཐད་གླེང་སློང་སྣ་ཚོགས་བྱུང་བའི་སྐབས། དམའ་འབྲིང་དགེ་རྒན་འགའ་ཤས་ཀྱིས། བོད་ཕྱི་ནང་གི་སློབ་དེབ་ལ་མ་འདྲ་བའི་ཁྱད་པར་གཙོ་བོ་གང་གི་ཐོག་ནས་ཡོང་གི་ཡོད་པའི་སྐོར་ཁྱེད་ཀྱི་མཐོང་ཚུལ་བཤད་རོགས་ཟེར། “འདི་ཕྱོགས་ཀྱི་གཞི་རིམ་སློབ་གྲྭའི་བོད་ཀྱི་སྐད་ཡིག་སློབ་དེབ་ཁག་ལ་འགྱུར་བ་རིམ་པ་ཕྱིན་འདུག་ཀྱང༌། ང་རང་གིས་ཤེས་ཚོད་ལ། རྩ་བའི་ཆ་ནས་སྒྱུར་རྩོམ་ཤིན་ཏུ་ཉུང་ཤིང༌། མི་སྣ་ངོ་སྤྲོད་དང༌། སྒྲུང་རྩོམ། བསླབ་བྱ། ཁོར་ཡུག་འབྲི་བཞེངས་བྱེད་པ་སོགས་སྐབས་ཀུན་ཏུ་བོད་ཀྱི་ཡུལ་གོམས་གཤིས་ལུགས་དང༌། རིག་གཞུང་གི་ཚོར་བ་དང་དྲི་མ་མ་བརླག་པ་རྩ་དོན་དུ་འཛིན་ཅིང༌། ལྷག་པར་མི་སྣ་ངོ་སྤྲོད་ལྟ་བུར་མཚོན་ན། གཙོ་བོ་བོད་དུ་དར་བའི་བསམ་བློ་དང༌། ལྟ་གྲུབ། ཀུན་སྤྱོད་བཅས་ཀྱི་ཐོག་མའི་འབྱུང་ཁུངས་སུ་གྱུར་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང༌། མགོན་པོ་ཀླུ་སྒྲུབ་ལྟ་བུའི་རྒྱ་གར་གྱི་མཁས་པ་དང༌། བོད་ཀྱི་ཆོས་ལུགས་དང་རིག་གཞུང་དར་སྤེལ་ལ་དམིགས་བསལ་མཛད་རྗེས་ཆེ་བའི་བོད་ཀྱི་མཁས་པའི་དཔེ་མཚོན་མི་སྣ་ཁག་ངོ་སྤྲོད་བྱས་ཏེ་ཁོང་ཚོའི་བསམ་བློ་དང་ལྟ་གྲུབ་ཀྱི་རྒྱབ་ལྗོངས་ཞིབ་བཤད། བོད་ཀྱི་དུས་སྐབས་སོ་སོའི་ལོ་རྒྱུས་ངོ་སྤྲོད་བྱེད་པའི་སྐབས་སུ་ཡང༌། དངོས་ཡོད་ཀྱི་བྱུང་བ་གང་ཡིན་པ་དེ་ག་རང་ངོ་སྤྲོད་ཐབས་བྱེད་པ་ལས། ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་ལོ་རྒྱུས་ལ་རྫུན་བཅོས་བྱེད་ཀྱི་མི་འདུག

ད་དུང་གཞི་རིམ་སློབ་གྲྭ་ཡོངས་ལ་གཅིག་གྱུར་ལག་བསྟར་བྱེད་ཐུབ་ཀྱི་མེད་ཀྱང༌། བོད་མི་གཙང་མ་ཞིག་གི་ཀུན་སྤྱོད་དང་བསམ་བློའི་རིན་ཐང་ལྡན་པའི་གཞི་རྩའི་ཐོག རང་དབང་དང༌། གཞན་ཕན། རྒྱུན་འཛིན། གསར་གཏོད་བཅས་ཀྱི་རྣམ་དཔྱོད་དང་བློ་སྤོབས་ལྡན་པ་ཞིག་བསྐྱེད་བསྲིང་བྱ་བ་དམིགས་ཚད་དུ་བཟུང་བའི་ཤེས་ཡོན་སྲིད་བྱུས་གསར་པ་ཞིག་ཀྱང་ལོ་བཅུ་ཡས་མས་གོང་ནས་གཏན་འབེབས་བྱས་ཏེ། ཡོངས་ཁྱབ་ཏུ་ལག་བསྟར་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་འདུག་ཅིང༌། སྲིད་བྱུས་འདིའི་དགོངས་དོན་ཇི་བཞིན་ལག་བསྟར་བྱེད་ཐུབ་པ་བྱུང་ཚེ་བོད་རང་གི་སྐད་ཡིག་དང༌། སྲོལ་རྒྱུན་གྱི་ཤེས་ཡོན། བསམ་བློ་བཅས་ཀྱི་གཞི་རྩ་ལྡན་པའི་ཐོག དེང་རབས་ཤེས་ཡོན་ཀྱང་ཚད་གཞི་ངེས་ཅན་ལྡན་པའི་བོད་ཀྱི་མི་རབས་གསར་པའི་དཔུང་ཁག་ཅིག་གསོ་སྐྱོང་ཐུབ་པའི་རེ་བ་བྱེད་མཁན་མང་པོ་ཡིན་”པའི་སྐོར་སོགས་ངོ་སྤྲོད་བྱས།

མཚམས་འདིར་སླེབས་སྐབས། དམའ་འབྲིང་དགེ་རྒན་ཞིག་གིས། “བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་ཕྱི་ལོགས་སུ་ཡོད་པའི་བོད་ཀྱི་སློབ་གྲྭ་ཁག་ལ་རེ་བ་བྱ་རྒྱུ་ལས། བོད་ནང་གི་གཞི་རིམ་སློབ་གྲྭ་ནས་མཐོ་རིམ་བར་སྤྱི་ཡོངས་ཆ་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གནས་ཚད་ཤིན་ཏུ་སྐྱོ་ཞིང༌། ལྷག་པར་དུ་དེང་སང་སློབ་མའི་མི་རབས་ལ་འགྱུར་བ་ཐེབས་པ་དང་མཉམ་དུ་དགེ་རྒན་གྱི་མི་རབས་ལ་འགྱུར་བ་ཐེབས་ཟིན་པས། དེང་སང་གི་ང་འདྲ་བའི་དགེ་རྒན་མང་པོ་ཞིག་ལ་ཤེས་འཇོན་དང་ལྷག་བསམ་གང་ཅིའི་ཐད་ནས། སློབ་གྲྭའི་ནང་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཤེས་ཚད་ལྡན་པའི་བོད་མི་དངོས་གནས་པ་ཞིག་གསོ་སྐྱོང་བྱེད་པར་ནུས་པས་འདང་གི་མི་འདུག འདི་ལ་ཉེན་ཁ་ཅན་གྱི་གནད་དོན་མང་པོར་གདོང་ལེན་བྱེད་དགོས་ཀྱི་འདུག་ལ། མི་རིགས་དང་སྐད་ཡིག་གི་དོན་དུ་རང་ཉིད་བློས་གཏོང་གི་ལྷག་བསམ་རྨ་མེད་པ་ཞིག་ཀྱང་དགོས་ཀྱི་འདུག མི་རབས་གོང་མ་དང་བསྡུར་ན་དེང་སང་གི་དགེ་རྒན་ཁྲོད་འདི་འདྲའི་རིགས་མངོན་གསལ་ཅན་ཤིན་ཏུ་དཀོན།

སློབ་དེབ་ཀྱི་གནད་དོན་ཙམ་མ་ཡིན་པར་དགེ་རྒན་ཚོའི་ཤེས་ཡོན་དང་ཀུན་སྤྱོད་ཀྱི་སྤུས་ཚད་སྐྱོ་རུ་ཕྱིན་པ་འདི་ནི་ཤིན་ཏུ་ཉེན་ཁ་ཆེན་པོ་རེད། ད་ལྟའི་བོད་ཀྱི་སློབ་གྲྭ་འདི་དག་ནས་སྤྱིར་བཏང་གི་གོ་རྟོགས་ཕྲན་བུ་ཡོད་པ་ཞིག་མ་གཏོགས། བོད་ཀྱི་སྐད་ཡིག་དང༌། བསམ་སྤྱོད། གོམས་གཤིས་བཅས་ལྡན་པའི་བོད་མི་ཚད་ལྡན་ཞིག་གསོ་སྐྱོང་བྱེད་ཐུབ་པའི་རེ་བ་ཤིན་ཏུ་ཆུང་”ཞེས་ཤུགས་རིང་དང་བཅས་སྐད་གདངས་ཤིན་ཏུ་ཉམ་དམའ་བོའི་ཐོག་ནས་བཤད་བྱུང༌།
སྐབས་འདིར་ངའི་བསམ་བློའི་ནང་བོད་ནང་གི་དགེ་རྒན་ཚོས་ཐུགས་རེ་གནང་སའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་བོད་ཡིག་གི་གནས་སྟངས་དང༌། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འཛིན་སྐྱོང་དང་དགེ་རྒན་མང་ཆེ་བས་བོད་ཀྱི་སྐད་ཡིག་གི་རིན་ཐང་ལ་ལྟ་ཚུལ་གང་འདྲ་འཛིན་གྱི་ཡོད་མེད་གསལ་པོ་དྲན་བྱུང༌། འོན་ཀྱང་བོད་ནང་གི་རེ་བ་ཅན་ཚོའི་རེ་བ་དམར་གསོད་བྱེད་འདོད་མ་བྱུང༌། བོད་ནང་གི་རེ་བ་འབུམ་ཕྲག་དང་ཁྲི་ཕྲག་མང་པོས་འདི་ལྟར་བཙན་བྱོལ་བའི་གྲུབ་འབྲས་བསྒུགས་ནས་ཡོད་པར་བརྟེན། བཙན་བྱོལ་པས་རང་ཉིད་ཀྱི་གྲུབ་འབྲས་ལ་ཁོག་རྩིས་མ་ནོར་བ་ཞིག་བརྒྱག་དགོས་ཀྱི་འདུག་ལ། ལྷག་པར་ཤེས་ཡོན་སྲིད་བྱུས་ཐད་ནས། དུས་རབས་ཕྱེད་ཀའི་རིང་ལག་བསྟར་བྱས་ཀྱང་གྲུབ་འབྲས་འདོད་བློ་ཚིམ་པ་ཞིག་བྱུང་ཐུབ་མེད་པའི་ལམ་སྲོལ་རྙིང་པའི་སྐྱོན་གནད་ངོ་འཕྲོད་པ་དགོས་ཀྱི་འདུག

གྲུབ་འབྲས་དགོས་ངེས་ཤིག་ཐོན་ཐུབ་ཀྱི་མེད་པར་ཉམས་མྱོང་གིས་སྡོམ་ཚིག་བཀོད་ཟིན་པའི་ལམ་སྲོལ་རྙིང་པ་ཞིག་སླར་ཡང་བསྐྱར་ཟློས་ཀྱིས་ལག་བསྟར་བྱེད་པ་ནི། ཨུ་ཚུགས་དང་རང་ལྟ་མཁྲེགས་འཛིན་གྱི་རྣམ་འགྱུར་མངོན་པར་མ་ཟད། ཀུན་སློང་གི་ཁྱད་པར་ལ་མ་ལྟོས་པར་བྱ་བའི་ངོ་བོའི་ཐོག་ནས་མི་རིགས་ཤིག་གི་ཚེ་སྲོག་ལ་ཉེན་ཁ་བཟོ་བའི་ནག་ཉེས་ཅན་གྱི་གྲས་སུ་མི་འགྱུར་བའི་ངེས་པ་གཏན་ནས་མེད།
དངོས་ཡོད་གནས་ཚུལ་ལ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སྤྱི་འཐུས་གྲོས་ཚོགས་ཐོག་ནས་སྤྱི་མོས་ཀྱིས་གཏན་འབེབས་བྱས་ཏེ་ལོ་བཅུ་འཁོར་ལ་ཉེ་མོད། ད་དུང་ཡང་དཔེ་སྟོན་སློབ་གྲྭ་དང་སམ་བྷོཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་གི་འཛིན་གྲྭ་རེ་ཟུང་ཙམ་མ་གཏོགས། བཀའ་ཤག་གི་ཐོག་མའི་ཐུགས་རེ་བཞིན་བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་ལ་གཅིག་གྱུར་ལག་བསྟར་བྱེད་ཐུབ་ཀྱི་མེད་པ་འདི་ཡང། གང་ལ་ངན་ཁག་འཇོག་སའི་དགེ་རྒན་དང་ཁོར་ཡུག་གི་ཆ་རྐྱེན་ཙམ་མ་ཡིན་པར། རང་སྐྱོང་སྡེ་ཚན་གྱི་སློབ་གྲྭ་ཁག་གི་དབང་འཛིན་པ་ཚོའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་རིན་ཐང་ལྟ་ཚུལ་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པར་མ་ཟད། གངས་ཅན་སྐྱིད་གཤོངས་ཀྱིས་བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་ཤེས་ཡོན་ལ་བཟུང་བའི་ལྟ་ཚུལ་དང་འབྲེལ་བ་ངེས་ཅན་ཡོད་པ་སྨོས་མ་དགོས།

སྐད་ཆ་འདི་དག་གི་ཐོག་ནས་བསྡོམས་བརྒྱབས་ན། བོད་ནང་གི་སློབ་གྲྭ་ཁག་གི་བོད་ཡིག་གི་གནས་ཚད་གང་འདྲ་ཡིན་མིན་བརྒྱུད་ལམ་མང་པོ་ཞིག་གི་ཐོག་ནས་ང་ཚོས་ཤེས་རྟོགས་ཐུབ་ཅིང༌། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཤེས་ཡོན་དང་ཀུན་སྤྱོད་འདོད་པ་ཁེངས་པ་ཞིག་ཡོང་གི་མེད་པ་ཡོངས་གྲགས་སུ་གྱུར་ནས་ཡོད། བོད་ཀྱི་རིག་གཞུང་གི་ཕ་ས་ལྟ་བུའི་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་མང་ཆེ་བ་ལྟག་ཆུ་ཆད་པའི་རྫིང་བུའི་ངང་ཚུལ་དུ་གྱུར་དང་འགྱུར་བཞིན་ཡོད། འདི་དག་ནི་མི་རིགས་ཤིག་གི་སྲོག་རྩ་བརྟེན་སའི་རིག་གཞུང་གི་ཁྲག་རྒྱུན་སྐམ་པའི་ཉེན་ཁའི་སྔོན་བརྡ་ཞིག་ཡིན་ལ། བྱུང་དང་འབྱུང་སྲིད་པའི་ཉེན་ཁ་འདི་དག་ལ་གདོང་ལེན་ཇི་ལྟར་བྱེད་མིན་ནི། བོད་མི་རིགས་ཀྱི་ཚེ་སྲོག་རྒྱུན་གནས་ཐུབ་མིནདང་འབྲེལ་ནས་ཡོད་པས། གངས་ཅན་སྐྱིད་གཤོངས་དང༌། བོད་ཀྱི་སློབ་གྲྭ་ཁག་གི་མཐོ་རིམ་དབང་འཛིན་པ་ཚོས་གཏམ་བཤད་ཙམ་མ་ཡིན་པར་ལག་ལེན་ངོ་མའི་ཐོག་ནས་གནད་དོན་འདི་དག་ལ་ཚོར་བས་ཟིན་པའི་མཁྱེན་རྟོགས་དགོས་ཤིང༌། མཁྱེན་རྟོགས་དེ་སང་ཉིན་ལས་དེ་རིང་ལག་བསྟར་བྱ་དགོས་པའི་འཇིགས་སྣང་དང་ཛ་དྲག་གི་སྐུལ་འདེད་ཅིག་ཀྱང་ངེས་པར་དགོས་ཀྱི་འདུག

ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡༡ ཚེས་ ༢༨ ཉིན།

དཔྱད་རྩོམ།

Post navigation

Previous Post: ལྷག་པ་སྒྲོན་མའི་ལམ་འགྲོར་སྨོན་པ།
Next Post: མིག་མདུན་ནས་བོར་བའི་མུན་ཁུང་གི་དཔའ་བོ།

Comments (28) on “བོད་ཕྱི་ནང་གི་སློབ་གྲྭ་དང་སློབ་དེབ།”

  1. གནམ says:
    2013-11-29 at 9:55 pm

    སློབ་མ་དང་སློབ་དེབ་གཉིས། ཆུ་དང་འོ་མ་བཞིན་དུ་འདྲེས་དགོས་ན། ཡིག་ངག་གཉིས་ཀྱི་འགྲོས་མཐུན་དགོས་བ་དེ་ལ་ཐུག་ཡོད། དེ་ལྟར་མ་བྱུང་བའི་བར། སློབ་མ་དང་སློབ་དེབ་གཉིས་ཀྱིས་འགྲོག་འདྲིས་ཅི་ཙམ་བྱས་ན། དེ་ཙམ་གྱིས་དགྲ་རུ་འགྲོ་བའི་ལམ་ཁ་ལས་གཞན་མི་འདུག་གོ།

  2. འདྲེ་རྐང་ཐོ། says:
    2013-11-29 at 10:14 pm

    ན་གཞོན་རིག་རྒོད་འདི་བ་ཚང་གིས་གནད་ལ་ཟུག་པའི་བཀའ་མོལ་ཡག་པོ་གནང་འདུག་་་བཀའ་དྲིན་ཆེ།

  3. བཀྲ་ཡེ་ཚང་། says:
    2013-11-30 at 7:11 am

    དེ་ཙམ་རེད།

  4. BONPO says:
    2013-11-30 at 8:06 am

    རྩོམ་ཡིག་འདིའི་ནང་བོད་རང་གི་བོན་དང་བོན་པོའི་བསམ་བློ་དང༌། ལྟ་གྲུབ། ཀུན་སྤྱོད་སོགས་ལ་གླེང་སློང་རྩ་བ་ནས་མེད་པ་གང་ཡིན་ནམ། །

  5. རྔ་རྒོད says:
    2013-11-30 at 11:09 am

    ཐོག་མར་ཁོ་བོས་ཉིད་ཀྱི་ཕྱག་བྲིས་དེ་ལ་མངོན་པར་བསྟོད་ཀྱིན་ཡོད། འོན་ཀྱང་ཕྱོགས་གང་ནས་བལྟས་ནའང་། ངེད་ཅག་གི་དབུ་ཁྲིད་ཚོ་ལ། ཅུང་་བཙན་པོའམ་དྲག་པོའི་ཚུལ་གྱིས་སྐད་ཡིག་གི་སྐོར་དེ། ང་ཚོ་མང་ཚོགས་ཡོངས་ནས་རྒྱུ་མཚན་ཞིག་མ་བཤད་ན་མ་གཏོགས། ཞི་བའི་ལམ་ནས་མི་སྒེར་གང་རུང་གིས་བོད་ཡིག་གི་དོན་དག་བསྙད་ན་འབྲས་བུ་དེ་ཙམ་འབྱུང་མི་སྲིད་སྙམ་མོ།

  6. རྒྱང་མིག says:
    2013-11-30 at 3:11 pm

    བོད་མི་རིགས་ཀྱི་སྲོག་རྩ་དང་སྲོག་རྩའི་རིན་ཐང་ངོ་ཤེས་པའི་དན་རྟགས་འབའ་ཞིག་རེད། དོན་གྱིས་”གང་ལ་ངན་ཁག་འཇོག་སའི་དགེ་རྒན་དང་ཁོར་ཡུག་གི་ཆ་རྐྱེན་ཙམ་མ་ཡིན་པར། རང་སྐྱོང་སྡེ་ཚན་གྱི་སློབ་གྲྭ་ཁག་གི་དབང་འཛིན་པ་ཚོའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་རིན་ཐང་ལྟ་ཚུལ་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པར་མ་ཟད། གངས་ཅན་སྐྱིད་གཤོངས་ཀྱིས་བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་ཤེས་ཡོན་ལ་བཟུང་བའི་ལྟ་ཚུལ་དང་འབྲེལ་བ་ངེས་ཅན་ཡོད་པ་སྨོས་མ་དགོས།”ཟེར་བ་ལྟར་རེད།

    དམིགས་བསལ་གྱིས་འགན་ཁུར་ཡོད་པའི་གངས་སྐྱིད་ཀྱི་ལས་སྣེ་ཚོས་སོ་སོ་རང་ཉིད་ཀྱི་ཉེས་སྐྱོན་ལ་མི་བལྟ་བར། གཞན་ལ་ངན་ཁག་རྐྱང་བ་འགེལ་བཞིན་བོད་མིའི་ངོ་རྟགས་བསུབས་དང་བསུབ་ཀྱིན་ཡོད། དོན་དངོས་སུ་བོད་རང་གི་སྐད་ཡིག་ལ་མཚན་མཐོང་དང་སྲུང་སྐྱོབ་མི་མཁན་ནི་གཞན་ཞིག་མ་ཡིན་པར། ལག་ནང་ན་གཞན་སྐད་ཐེབས་ཆག་རེ་མ་གཏོགས་མེད་པའི་ལས་ཀྱི་སྣེ་མོ་བ་འདི་ཚོ་རེད།

  7. བན་དེ་བ། says:
    2013-11-30 at 3:21 pm

    བོན་པོ་ལགས་བོད་ཀྱི་སློབ་གྲྭ་ཁག་ལ་བོད་རང་གི་རིག་གཞུང་ལྟ་གྲུབ་དེ་ཚོ་ལ་རྣམ་རྟོག་ཆེན་པོ་བྱེད་ཀྱི་རེད། དེ་ཚོས་ཆོས་ལུགས་ཡན་འགར་བའི་སློབ་གྲྭ་བཟོ་འདྲ་ཞིག་ལས་ཡོང་བཟོ་མི་འདུག

  8. སྤོབས་པ་མཐའ་ཡས། says:
    2013-11-30 at 5:01 pm

    བོན་གྱི་སྟོན་པ་གཤེན་རབ་འཇིག་རྟེན་ལ་བྱོན་མྱོང་བར་ཚན་རིག་གི་དཔང་རྟགས་མ་རྙེད་བར་དུ་སློབ་དེབ་ནང་གི་སྟག་གཟིག་པས་ཀོང་པོ་ལ་བཙན་འཛུལ་བྱས་ཚུལ་གྱི་བོན་སྒྲུང་དེ་ཚོ་ཕྱིར་འཐེན་བྱས་ན་འོས།

  9. བན་དེ་བ། says:
    2013-11-30 at 6:29 pm

    ཧིན་དྷུའི་ཆོས་དེ་ཚོ་བོད་ཀྱི་རིག་གཞུང་དུ་ངོམ་པ་ནི་
    བོད་ཀྱི་གཏམ་དཔེར། ཁ་ཟས་སྤང་ནས་ཟས། རིལ་མ་ནགས་སུ་གཏོང་ཟེར་བ་དང། སྡོད་ས་སྤྲལ་བར་བསྡད་ནས། མིག་ལ་ཐལ་བ་འདེབས། ཞེས་པ་དང་ཀུན་ནས་མཚུངས་སོ།

  10. སྤོབས་པ་མཐའ་ཡས། says:
    2013-12-01 at 1:29 am

    ཨོ་རེད་ཡ། སྟག་གཟིག་འོལ་མོ་ལུང་རིང་ལས་བྱུང་ཚུལ་སོགས་རྩ་བ་མེད་པའི་ཡལ་ག་ལ་འཆངས་བ་ལས་ཧིན་དྷུ་ཁ་ཆེ་སོགས་ཀྱི་ཆོས་ལུགས་ལ་སྦྱངས་བསྡད་ན་དགའ་ས་རེད་ཡ།

  11. གངས་བུ། says:
    2013-12-01 at 4:09 am

    རྩོམ་ཡིག་ལ་དོན་སྙིང་ཆེ་གི། ཀླད་སྟོང་ཚོས་ཚིག་བསྒྲིགས་པ་དང་གཏན་ནས་མི་འདྲ་གི།

  12. བསྟན་འཛིན་ཆོས་འཛོམས་ says:
    2013-12-01 at 9:26 am

    བཙན་བྱོལ་ནང་དུ་བོད་མིའི་གཤིས་ཀ་དང་རྩྭམ་དྲི་མར་དྲི་སོགས་ནི་ཕར་རིའི་སྤང་བརྒྱན་རེད།ཐ་ན་བོད་སྐད་ཡིག་ཟེར་བ་དེ་སྐད་ཡིག་ཅིག་ལ་བརྩིས་ཙམ་ཡང་བྱེད་མཁན་ཉུང་ཉུང་ཡིན་པ།བླ་བྲང་གི་མཁས་པ་དྲུང་ཡིག་སྨོན་ལམ་ཚང་ལ་རྒྱ་རྒན་ཚོས་རྒྱ་ཡིག་མ་ཤེས་པས་ཡིག་རྨོངས་པ་ཟེར་བ་ནང་བཞིན།བཙན་བྱོལ་དུའང་ཨིན་ཇིའི་མ་ཤེས་ན་མཐོང་ཚུལ་དེ་རང་མ་གཏོགས་མེད་པ་རེད།འོན་ཀྱང་།བཙན་བྱོལ་ནང་ཁྲིམས་མེད་པའི་བཀའ་དྲིན་ལ་བརྟེན་ཤོག་ཁག་དཔུང་སྒྲིལ་དང་རྒྱུ་སྟོབས་དབང་སྟོབས་ཀྱིས་ཡི་གེ་མི་ཤེས་ཀྱང་ཐོབ་གོ་ས་འཛིན་མཁན་མང་པོ་ཡོད་པ་རེད།དེའི་ནང་གདན་སའི་དགེ་བཤེས་ལྷ་རམས་མང་པོའང་ཚུད་ཡོད་རེད་ད།
    གང་ལྟར་བོད་ནང་དེང་སང་བོད་ཡིག་ལ་དོ་སྣང་ཡོད་པ་དང་ཡར་རྒྱས་གཏོང་བཞིན་པ།དེ་ལ་མཐོང་ཆ་འཇོག་བྱེད་ལུགས་དེ་ངོ་མ་དགའ་འོས་པ་ཞིག་རེད།ད་བཙན་བྱོལ་གྱི་བསྐོར་ལོག་ཁག་གིས་བོད་ནང་གི་བོད་ཡིག་བྲིས་པ་ཆོས་སྐད་མིན་པས་གོ་མི་ཐུབ་མདོག་མདོག་གི་སྡུག་སྐད་བརྒྱབས་བཞིན་པ་མཚམས་བཞག་ན་རེད་ད།དེས་ན་ཆོས་སྐད་དེ་འདྲ་གོ་སླ་བོ་ཡོད་རེད་དམ།དཔེར་ན།ཀ་དག་དང་ལྷུན་གྲུབ།གཅེར་གྲོལ་དང་སྤྲོས་བྲལ་སོགས་གཞུང་ལུགས་བརྒྱ་ཕྲག་མང་པོ་གོང་མ་བསྒྲིགས་ན་གོ་མི་ཐུབ་ཀ།དེ་འདྲ་མིང་ཚིག་མཁྲེགས་པོ་རྐྱང་ཕྲུ་གུའི་་བློ་ངོ་དང་མི་འཚམས་པ་ཞེ་གཅིག་བཙན་བྱོལ་དུ་སློབ་དེབ་ནང་བཞག་པའི་གྲུབ་འབྲས་སུ།ད་ཆ་བོད་ཕྲུག་ཚོས་བོད་ཡིག་ཟེར་དུས་མཁྲེགས་པོ་དང་གྱོང་བོ།མཐོང་ན་ཞེན་མེར་ལངས་པ་ཅིག་བཟོས་བཞག་འདུག་ག
    དེ་ལས་ལྡོག་སྟེ་བོད་ནང་བོད་ཕྲུག་ཚོ་བོད་ཡིག་དགའ་མོས་ཧ་ཅང་ཆེན་པོ་དང་དོ་སྣང་ཇེ་ཆེར་འགྲོ་བཞིན་པ་དེ་སློབ་ཚན་ཁག་ཕྲུ་གུའི་སེམས་ངོ་དང་འཚམས་པོ་ཡོད་རྟགས་རེད་ད།
    ལྷག་པར་སློབ་ཚན་ནང་རྒྱ་གར་མཁས་པ་ཀླུ་སྒྲུབ་སོགས་འཇོག་དགོས་རེད་ཅེས་ན་ཁྱད་མཚར་རེད།སློབ་གྲའི་ནང་ཆོས་ལུགས་གཅིག་གི་ལྟ་བ་མཁྲེགས་འཛིན་གྱི་རིང་ལུགས་སྤེལ་ཐབས་བྱེད་པ་ནི་དེང་སང་རྒྱལ་སྤྱིའི་ཁྲིམས་འགལ་རེད་ད།དེ་འདྲ་མཐོང་ན་མགོ་སེར་བོད་དོན་རྒྱབ་སྐྱོར་ཚོའང་ཧོན་འཐོར་རྒྱུ་རེད།ལར་རྒྱ་གར་ནང་གི་བོད་པ་ཚོས་སློབ་གྲ་དེ་དགོན་པ་མིན་པ་ཤེས་ན་ལེགས།།

  13. BONPO says:
    2013-12-01 at 9:42 am

    ཀླུ་ཡུལ་ནས་ཡུམ་ཁྱེར་འོངས་རབས་དང་། ལྷ་ཡུལ་ནས་མངོན་རྒྱན་བབ་ཡོང་རབས་དང་། ནམ་མཁའ་ནས་པང་ཀོང་ལྷུང་ཡོང་རབས་དང་། ཤམ་བྷ་ལས་དུས་མཁོར་བསྒྱུར་ཡོང་རབས་སོགས་རྩ་བ་མེད་པའི་ཡལ་ག་ལ་འཆངས་བ་ལས་ཚན་རིག་དང་མཐུན་པའི་བོད་རང་གི་་ཡུལ་ལྷ་གཞི་བདག་ཁ་ཡོད་ལག་ཡོད་འདི་ཚོ་ལ་གསོལ་མཆོད་ཡག་ཐག་ཆོད་རེ་ཕུལ་བསྡད་ན་ཡག་ས་རེད། །

  14. སྤོབས་པ་མཐའ་ཡས། says:
    2013-12-01 at 11:49 am

    ཨོཨོ་དེ་ཅི་ཡིན། དེང་སང་བན་དེ་ཕར་བཞག་བོན་པོ་ཚོ་ཡང་རྡོ་རྗེ་གདན་ལ་བྲམ་ཟེའི་རིགས་ལམ་རྩོད་དུ་ཤོར་གི་ཡོད་དུས་བོད་ཀྱི་གཞི་བདག་མཆོད་མཁན་ཚོ་མི་གྲལ་ལ་ཅང་ཚུད་གི་མེད་ཚོད་རེད།

  15. རྣོན་པོ། says:
    2013-12-01 at 10:26 pm

    སྒྱུར་རྩོམ་ཡིན་པ་ཙམ་གྱིས་སྐྱོན་ཅན་ཡིན་ན་བཤེས་སྦྲིངས་སོགས་ཀྱང་བསྒྱུར་རྩོམ་རེད། ལྷག་ཏུ་བོད་ཕྱི་ནས་བསྒྱུར་རྩོམ་བསླབ་པ་དང་བོད་ནང་ནས་བསྒྱུར་རྩོམ་བསླབས་པ་གཉིས་གཏན་ནས་མི་འདྲ། བོད་ནང་གི་བོད་ཕྲུག་ཚོར་ཡུལ་མི་དམངས་ལ་གོམས་པའི་ཕལ་སྐད་ཀྱི་རྨང་གཞི་བརྟན་པོ་ཡོད། ཕྱི་ཡུལ་དུ་དེ་མེད། དེའི་ཐོག་ལ་བཤེས་སྦྲིངས་དང་ས་ལེགས་ལྟ་བུ་རེ་བསླབས་ནས་བསྡད་པ་རེད། སློབ་གསོ་འདིའི་མཇུག་འབྲས་ནི་ང་ཚོས་མཐོང་གསལ་རེད།
    བོད་ཕྱི་ནང་གཉིས་ནས་ཆེས་མཐོའི་སློབ་གླིང་ཞིག་གློ་བུར་དུ་སྒོ་བརྒྱབ་པ་ནི་རྡ་ས་ཀིརྟི་བྱེས་གྲྭ་ཚང་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་རེད། སློབ་གཉེར་ཁང་འདི་སྒོ་བརྒྱབ་པ་རེད་ཅེས་གོ་སོང་། འདི་ཁྱེད་ཚོའི་ཤེས་ཡོན་སྲིད་བྱུས་ཧ་ཅང་འགྲིག་པའི་དབང་གིས་བྱུང་བ་རེད་དམ། བོད་ཕྱི་ནང་གཉིས་སུ་མཐོ་རིམ་སློབ་གྲྭ་གསར་རྒྱག་དང་འཕེལ་རྒྱས་ཀྱི་རིམ་པ་གསར་པ་ཞིག་ལ་འགྲོ་བཞིན་པའི་སྐབས་སུ་ཁྱེད་ཚོའི་མཐོ་སློབ་སྒོ་རྒྱག་དགོས་བྱུང་བའི་རང་སྟེང་གི་སྐྱོན་ཆ་རང་གིས་གླེང་མི་སྤྲོ་བར་བོད་ཕྱི་ནང་གི་སློབ་གསོའི་ཁོར་ཡུག་ལ་སྐད་ཆ་བཤད་ཁུལ་བྱས་པ་ནི་ཧ་ཅང་དགོད་བྲོ་བོ་ཞིག་རེད།
    མ་གཞི་རྩོམ་ཡིག་འདི་ཁ་ཕྱོགས་ཙམ་ལས་གནས་ལུགས་ཀྱི་རིགས་འདེད་བྱེད་རྒྱུ་ཡོད་པའི་ཚད་ལྡན་ཅི་ཡང་མ་རེད། བོད་ནང་གི་དགེ་དམའ་རིམ་དགེ་རྒན་ཁག་ཅིག་གི་ལྟ་ཚུལ་ཙམ་རེད། དམའ་རིམ་དགེ་རྒན་ཚོས་སློབ་དེབ་ལ་སྐྱོན་དུ་མཐོང་བ་དེ་རང་གིས་སློབ་དེབ་དེའི་ནང་དོན་མ་ཤེས་པ་ཁག་འདོགས་ས་ཡང་ཡིན་ངེས་རེད། ང་དེ་ལྟ་བུའི་དགེ་རྒན་མང་པོ་ལ་ཐུག་མྱོང་།
    ཡིན་ནའང་ཅིག་བཤད་འདོད་ཀྱང་བཤད་རྒྱུ་གཞན་མ་རྙེད་པའི་དབང་གིས་འདི་འདྲ་རེ་བྲིས་པ་ཡིན་ན་འགྲིག་ནི་རེད།

  16. BONPO says:
    2013-12-02 at 1:49 am

    རོང་རྒན་གྱི་བསམ་བློ་དང༌། ལྟ་གྲུབ། ཀུན་སྤྱོད་སོགས་བོད་རང་སའི་རིག་གནས་སུ་ཡང་དག་པར་རློམ་ནས་བོད་གྱི་སློབ་དེབ་ཁག་གི་ནང་དུ་དམིགས་ཀྱིས་མུ་འགོད་པ་དང་། བོད་ཀྱི་སློབ་གྲྭ་ཁག་གི་ནང་དུ་བཙན་གྱིས་འཆད་ཁྲིད་བྱེད་པ་ནི་མཐའ་དོན་བོད་ཟེར་བའི་རང་ཚུགས་ལྡན་པའི་སྣོད་བཅུད་གཉིས་རྩ་སྟོང་དུ་འགྲོ་རྒྱུའི་མཐུན་རྐྱེན་སྦྱོར་བཞིན་པ་ཡིན་ནམ་མིན། །

  17. BONPO says:
    2013-12-03 at 10:55 am

    བོད་པའི་བློ་རིག་རྒྱུ་ནོར་ཡོད་དགུ་དེ།
    རོང་པའི་སྐུ་འདྲ་བཟོ་ཉོའི་ཆེད་དུ་གཏོང་།
    རོང་པའི་ཐབས་ཤེས་འབྱོར་བ་ཡོད་ཚད་དེ།
    རོང་ཕྲུག་ཤེས་ཡོན་ཅན་ལ་འགྱུར་ཕྱིར་འབད།

  18. BONPO says:
    2013-12-04 at 7:35 pm

    འདིར་གཟིགས་དང་མིའི་བརླ་རུས་རྙིང་པ་ཞིག་གི་DNA་་ལ་བརྟག་དཔྱད་ནས་ལོ་འབུམ་བཞིའི་ཡར་སྔོན་ལ་མིའི་འགྲོ་བ་ཆགས་ཡོད་རབས་ཁུངས་སྐྱེལ་བྱས་འདུག་པས་གནས་ཚུལ་འདི་ལ་ཁྱེད་བན་དེ་ཚོ་ཡིད་ཆེས་སམ། །
    http://www.bbc.co.uk/news/science-environment-25193442

  19. སྤོབས་པ་མཐའ་ཡས། says:
    2013-12-04 at 9:48 pm

    དེ་བོན་པོ་ཚོས་བརྟག་དཔྱད་ཀྱིས་དང་ཨ་མྱེ་གཤེན་རབ་ཀྱི་བརླ་རུས་འདྲ་ཡིན་མི་སྲིད་པ་མ་རེད

  20. BONPO says:
    2013-12-05 at 7:48 am

    ཁྱེད་བན་དེ་དགའ་དགའ་ཡག་ཡག་ཚོས་རྒྱ་གར་རོང་པའི་ཕ་མྱེ་་ཨ་མྱེ་ཚོ་གལ་འགང་ཆེ་བར་རྩི་བ་མ་གཏོགས་བོད་གངས་ཅན་པ་རྣམས་ཕ་མྱེ་་ཨ་མྱེ་ཡོད་པའི་མི་རིགས་ཤིག་ཡིན་པ་ད་བར་ཧ་རྩ་བ་ནས་གོ་མེད་འགྲོ་བསམ་སོང་སྟེ། དེ་རིང་ཡང་འདིར་ཨ་མྱེའི་སྐད་ཆ་ཞིག་སླེབས་སྟངས་ལ་བལྟས་ན་འགྱུར་བ་ཏོག་ཙམ་ཕྱིན་པ་འདྲ། །

  21. མེ་ཏོག་དཀར་པོ says:
    2013-12-05 at 9:25 am

    འོལ་མོ་ལུང་རིང་ཤེེས་བྱར་མ་གྲུབ་ཅིང་།།
    གཤེན་རབས་མི་བོ་གླིང་འདིར་མ་འཁྲུངས་ཀྱང་།།
    Bonpo བན་དེ་བ་སོགས་ངལ་བ་བརྒྱས།།
    བྱེ་མའི་ཁང་བུ་རྩིག་འདི་སྙིང་མ་རྗེ།།

  22. BONPO says:
    2013-12-05 at 10:08 am

    སྟག་གཟིག་གི་ཡུལ་ཞེས་པ་དེ་གནའ་བོའི་བོད་དང་ཞང་ཞུང་གི་ས་སྐོར་ལ་གོ་ན་མི་འགྲིག་པ་མེད་པ་ལྟ་བུར་མཐོང་། རྒྱུ་མཚན་ནི་བོད་ཡུལ་རང་དུ་སྟག་ལུང་ཟེར་བའི་ལུང་པ་དང་སྟག་ཚང་ཟེར་བའི་བྲག་ཕུག་ད་དུང་སྟག་གི་མིང་ཅན་གྱི་ཡུལ་ལུང་མང་པོ་ཡོད་པའི་རྐྱེན་གྱིས་ལོ་ཤས་སྔོན་མཁས་པ་མང་པོས་གནའ་བོའི་གངས་རིའི་ཡུལ་དུ་སྟག་གནས་ས་ཡིན་པར་ཚོད་འགམ་བྱས་ཡོད་རེད། ད་དུང་ད་ལོ་ཚན་རིག་པས་བོད་ལྷོ་ནུབ་ཕྱོགས་ནས་འགྱུར་རྡོ་རྙིང་པ་ཞིག་བརྙེད་པ་དེར་བརྟག་དཔྱད་བྱས་པའི་འབྲས་བུར་གནའ་བོའི་ནགས་གཟིག་གི་རིགས་ནི་ཨེ་ཤ་ཡའི་གདོད་མའི་སེམས་ཅན་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད་འདུག སོགས་དང་སྐྱེ་དངོས་རིག་པ་བ་ཚོས་སྟག་གཟིག་སོགས་ཞི་མིའི་ཁྱིམ་རྒྱུད་དེ་ཐོག་མ་ཨེ་ཤ་ཡའི་གླིང་ནས་བྱུང་པ་ཁུངས་སྐྱེལ་དང་། རིགས་རྒྱུན་རྡུལ་རྫས་དང་འགྱུར་རྡོ་དེ་དག་ལ་ཞིབ་འཇུག་བྱས་པའི་སྙན་ཐོར་གཞིགས་ན་ཞི་མིའི་རིགས་དེ་རིམ་པས་འཕེལ་རྒྱས་ཕྱིན་ཏེ་རིགས་མི་འདྲ་བ་མང་པོ་ཆགས་པ་ཞིག་རེད’’ཅེས་བརྗོད་འདུག གླེང་སྟངས་འདི་རིགས་ལ་བལྟས་ན། བོན་པོ་ཚོས་ད་བར་བཤད་པ་ཁག་ལ་རྒྱུ་མཚན་རྩ་བ་ནས་མེད་པ་དེ་འདྲ་རེད་མི་འདུག་གོ ། བན་དེ་ཨམ་ཀྲོང་ཀྲོང་ཚོ། །
    ཡིད་མ་ཆེས་ན་འདིར་གཟིགས་་་http://www.tibettimes.net/news.php?cat=3&&id=8272

  23. ཨ་ཕྱི་ཆོས་སྒྲོན says:
    2013-12-05 at 10:31 am

    རུས་སྦལ་སྤུ་རྩེའི་ཡོལ་མོ་གཤིན་གླིང་དུ། །
    ཤི་འདྲེ་གདོན་གཟུགས་གཤེད་རབ་རི་བོང་རྭས། །
    མོ་ཤམས་བུ་མོས་བཀའ་འགྱུར་བརྟེན་འགྱུར་བརྩམས། །
    ཕ་མེས་དམར་མཆོད་འཁན་ཞེས་བདེན་སྲིད་དམ།

  24. BONPO says:
    2013-12-05 at 10:37 am

    བཟང་མདོག་དཔལ་རི་གར་ཡོད་ཆ་མི་འཚལ།
    རིན་པོར་ཆེ་ནི་ཡིག་རྙིང་ནང་མི་གསལ།
    མེ་ཏོག་ལ་སོགས་ཁ་ཕོ་ཅན་ཚོ་ནི།
    རང་སྐྱོན་མི་མཐོང་རྙིང་རྗེའི་ཡུལ་ལས་ཅི།

  25. མེ་ཏོག་དཀར་པོ says:
    2013-12-05 at 11:07 am

    ཁྲི་ཁྲག་ལོ་གོང་བོད་མི་ཡོད་ཀྱང་རུང་།།
    བོད་མིའི་ལོ་རྒྱུས་རིང་ཐུང་ཇི་འདྲ་ཡང་།།
    འོལ་མོ་ལུང་ལ་གཤེན་རབས་མི་བོ་ཆེ།།
    བོད་རྒན་གཉིད་འཐུག་སྐབས་ཀྱི་རྨི་ལམ་ཙམ།།

  26. མེ་ཏོག་དཀར་པོ says:
    2013-12-05 at 11:09 am

    ཟངས་མདོག་དཔལ་རི་མེད་ཀྱང་མི་སྐྱོན་ལ།།
    ཡིག་རྙིང་ནང་ལ་སུ་ཞིག་ཡོད་མེད་ལ།།
    ཉེས་པ་མེད་མོད་བདག་ཅག་སྟོན་པ་ནི།།
    མི ལོ་ཉིས་སྟོང་གོང་ན་འཁྲུངས་ནས་ཡོད།།

  27. BONPO says:
    2013-12-05 at 11:29 am

    དགེ་སློང་སེར་པོས་འདོད་པ་ཡི།
    བཅོམ་ལྡན་འདས་ནི་ཡོད་ཀྱང་ཆོག།
    བོད་ཀྱི་བན་དེའི་བསམ་འཆར་གྱི།
    བཅམ་ལྡན་འདས་ནི་རི་བོང་རྭ།

  28. ཀརྡོ་གཉེར་ཕྱག་པ་ says:
    2013-12-05 at 3:15 pm

    སྔོན་གྱི་ལོ་རྒྱུས་བོན་པོར་བརྟེན་དགོས། །
    རྗེས་ཀྱི་བོན་ཆོས་བནྡེར་བརྟེན་འདུག །
    ཡབ་མེས་བསྟོད་ན་བོན་ཆོས་མ་འཕྱ། །
    ཡར་རྒྱས་དགོས་ན་བན་ཆོས་མ་འཕྱ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme