Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྲིན་གྱི་ཕོ་ཉ།

Posted on 2013-10-21 By ཁ་བརྡ་ 1 Comment on སྤྲིན་གྱི་ཕོ་ཉ།

འདབ་པ་ཚེ་དབང་མགོན་པོས།

སྐབས་གསུམ་གྲོང་བཞིན་རབ་ཏུ་མཛེས་པའི་ཐུ་བྷོད་ཡུལ་གྱི་ཤར་ཕྱོགས་སུ།།
རབ་དཀར་ཤེལ་གྱི་ཕུང་པོ་ལྟ་བུའི་མཆོར་སྒེག་ལང་ཚོའི་གཟི་མདངས་ཅན།།
ཁོ་བོའི་སེམས་ངོར་ནམ་ཡང་འགྱུར་མེད་གཞོམ་གཞིག་བྲལ་བའི་སྙིང་སྡུག་སྟེ།།
ན་ཆུང་དུས་ནས་རབ་ཏུ་འདྲིས་པའི་རྡོ་རྗེའི་བྲག་བཞིན་མཛའ་ན་མོ།།
 
ཡང་ཡང་སེམས་ཀྱི་སྣང་ངོར་ཤར་བའི་ཁ་འབྲས་མཚར་སྡུག་འདི་ལྟ་སྟེ།།
ཤ་ཚུགས་དཀར་པོ་གངས་རིའི་མདོག་བཞིན་ཡིད་འཕྲོག་ལྷ་ཡི་གཟུགས་བརྙན་བཞིན།།
གཡུ་ཡི་སྨིན་མ་རབ་ཏུ་གཡོ་བའི་པིར་གྱིས་འཐེན་པའི་བརྙན་རིས་བ།།  
སྤྱན་མིག་རི་རྒྱལ་ལྷུན་པོའི་རྩེ་ནས་ལེགས་པར་བཞད་པའི་སྐར་ཆེན་ལྟར།།
མཆུ་སྒྲོས་བྱུ་རུའི་དམར་མདངས་ལྡན་ཞིང་རབ་ཏུ་འཇམ་པའི་རེག་བྱ་ཅན།།
གནག་སྣུམ་སྐྲ་ལོ་བུང་བ་ལྟར་ནག་འཕྱང་འཕྱང་གཡོ་བའི་མཛེས་སྡུག་གོ །
ཕྱག་གཉིས་རྐྱོང་སྐུམ་མཉེན་འགུགས་སླ་བའི་གར་སྟབས་བདེ་བའི་ཡན་ལག་ཅིག །
རབ་དཀར་ལུས་ལ་དྲི་ཞིམ་ཁྱབ་ཅིང་རྡོ་རྗེ་ལྟ་བུའི་རྐེད་མེད་དོ།།
ཞལ་རས་ཟླ་བཞིན་དཀྱིལ་འཁོར་རྫོགས་པས་ཚངས་ཐིག་བཏབ་ཀྱང་སྐྱོན་མེད་དེ།།
ནམ་ཡང་ཡིད་ལ་གཏན་དུ་འཇགས་པའི་བརྗེད་མེད་སེམས་ཀྱི་རི་མོ་ལགས།།
ཡུན་དུ་བྲལ་བའི་གདུང་བ་དེ་ནི་ཁོ་བོའི་སྙིང་གི་ན་ཟུག་སྟེ།།
མཇལ་བའི་བསྐལ་བ་དེ་བས་སྟོང་པ་རྣམ་རྟོག་སྣང་ངོར་ཡང་ཡང་ཞིག །
འཆར་བ་དེ་ཡིས་ཁྱེད་ལ་བཅོལ་པའི་རེ་འདོད་བྱེད་པ་ལན་གཅིག་བཞིན།།
བཟོད་མེད་སེམས་ཀྱི་གདུང་བའི་འཕྲིན་ཐུང་མྱུར་བར་ཁྱེར་ཏེ་ཐུ་བྷོད་ཡུལ།།
སྙིང་གི་མཛའ་ན་མོ་ཡི་ཕྱག་ཏུ་མ་འཆུགས་སྤྲོད་པར་སྐྱོད་ཅིག་དང་།།
རེ་བཞིན་བླངས་པར་བསྔགས་བརྗོད་ལ་སོགས་ལམ་བཤད་ལན་གཅིག་བྱས་ན་འདི།།
བསྐལ་པ་བརྒྱ་ཕྲག་ས་མཚམས་རྒལ་དུས་བལ་པོ་ཞེས་པའི་རྒྱལ་ཕྲན་ཞིག །
ཆུ་དང་གློ་སོགས་ཤིན་ཏུ་ཕོངས་པའི་ཡི་དྭགས་གྲོང་བཞིན་ཡུལ་ལུང་དེར།།
དབང་ཆེན་དཔོན་པོས་མངའ་དབང་བསྒྱུར་ཏེ་བཟའ་བཏུང་ལོངས་སྤྱོད་དབུལ་ལགས་པས།
ཡུན་དུ་མ་སྡོད་ཤར་མར་སྐྱོད་ཅིག་ལེ་བར་སྟོང་གི་བར་མཚམས་སུ།།
ཀེ་ལ་ཤ་ཡི་རི་རྒྱལ་དབུས་སུ་སྙན་དུ་གྲགས་པའི་གངས་ཁྲོད་ནི།།
ཇོ་མོ་གླང་མ་མིང་དུ་འདོགས་པའི་གོ་ལའི་ཡོངས་ཀྱི་རི་རྒྱལ་ལོ།།
གངས་སེང་དཀར་མོས་ངར་སྒྲ་འབྱིན་ཏེ་འཇིགས་རུང་གནས་སུ་མཐོང་ན་ཡང་།།
སོམ་ཉི་དྲྭ་བ་ཡེ་ནས་བཅད་དེ་མ་འཚབ་ངང་གིས་སོང་ཞིག་དང་།།
རྒྱང་རིང་མ་བསླེབས་དུས་ཀྱི་མཚམས་སུ་ངོ་མཚར་ཆེ་བའི་རི་བོ་ནི།།
གཡུ་འབྲུག་སྔོན་པོ་དགུང་ལ་འཕྱོ་འདྲ་མཐོ་སྒང་བཙན་པོའི་བླ་རི་སྟེ།།
ལོ་ངོ་སྟོང་གི་གོང་དུ་གྲགས་པའི་ཡར་ཀླུངས་ཡར་ལྷ་ཤམ་པོ་ཟེར།།
བྲེ་སེར་འབྲོང་གིས་རྭ་བརྡར་བྱས་པའི་རྗེས་ཤུལ་མ་ནུབ་ལྡན་ལགས་པས།།
དམར་ཡག་སྟག་གིས་རྔམ་བརྗིད་བསྟན་ཏེ་ཤ་སོགས་རི་དྭགས་གསོད་ས་དང་།།
བྱ་རྒྱལ་ཁྱུང་གིས་གཤོག་རྩལ་ངོམས་ཏེ་དུག་སྦྲུལ་གདེངས་ཀ་གཅོད་ས་དང་།།
རྐྱང་ཕོ་འདོ་བའི་གོམ་འགྲོས་བསྐྱོད་དེ་མྱུར་མགྱོགས་རིང་ཐུང་ལྟ་ས་དང་།།
མཐོ་སྒང་བཙན་པོས་མདའ་རྩལ་ངོམས་ཏེ་རྒྱ་ནག་གོང་མར་འགྲན་ས་དང་།།
འཇིགས་རུང་ཞེས་སམ་ངོ་མཚར་ཞེས་སོགས་གདམ་ངའི་ཡུལ་དུ་གྱུར་པའི་ས།།
རྣམ་མང་འཛོམས་པས་ཇི་སྲིད་བགྲངས་ན་རྫོགས་ཐབས་མེད་པའི་བོད་ཀྱི་ཡུལ།།
གནས་ལུགས་རྟོགས་ནས་མ་གཡེང་སེམས་ཀྱི་ངང་ཚུལ་འཛིན་ཏེ་མདོ་ཁམས་སུ།།
དྲན་གདུང་སེམས་ཀྱི་འཕྲིན་ཐུང་ཁྱེར་ཏེ་བྲེལ་འཚུབ་ངང་གིས་སྐྱོད་ཅིག་དང་།།
ཡུན་རིང་མི་འགོར་ལེ་བར་བརྒྱ་ཡི་ལམ་རྐེད་ཙམ་གྱི་ཕ་རོལ་ན།།
ས་གཞི་མཐའ་དག་བྱེ་ཐང་ཁེངས་པའི་ཡི་དྭགས་གྲོང་བཞིན་ཡུལ་ལུང་སྟེ།།
སོག་དམག་ལྔ་པ་ལྷན་ཅིག་བསྡེབས་ནས་གཙང་པའི་མགོ་སྐེ་གཅོད་ས་རེད།།
མུ་གེ་ལོ་བརྒྱ་འཁོར་བ་བཞིན་དུ་སྔོ་ལྗང་སྟོང་པས་གཞིས་རྩེར་གྲགས།།
དེ་ནས་སོང་སྟེ་ལེ་བར་བཅུ་ཡི་ལམ་རྐེད་ཙམ་གྱི་ཕ་རོལ་ན།།
སྲིད་པ་ལྷ་ཡི་གྲོང་ཁྱེར་འཕོས་བཞིན་ལྷ་ལྡན་ཞེས་པའི་ཡུལ་འཁོར་ཞིག །
མཐོ་རིས་གནས་སུ་སུམ་རྩེན་གྲོང་ཡང་ཁེངས་པ་དོར་བའི་མཛེས་སྡུག་སྟེ།།
སུམ་ཉིས་ས་ཡི་མངའ་དབང་བསྒྱུར་བའི་བཙན་པོ་སྲོང་བཙན་རྒྱལ་སར་གྲགས།།
དགུང་སྔོན་དཀྱིལ་དུ་ཤིན་ཏུ་ཟུག་པའི་ཕོ་བྲང་རི་བོ་གྲུ་འཛིན་ཏེ།།
རྨང་གཞི་དཀར་པོ་རྡོ་ལས་གྲུབ་པའི་ཤིན་ཏུ་བརྗིད་པའི་རྩིག་པ་ཅན།།
སྟེང་ཐོག་དམར་པོ་ཤ་ཟ་འདྲེ་ཡི་གསོད་ར་འདྲ་བའི་ཁང་ཆེན་སྟེང་།།
ཁྲག་གི་རྒྱ་མཚོ་རླུང་གིས་གཡོ་ལྟར་སྐར་ལྔའི་དར་ཆེན་ལྷབ་ལྷབ་འབར།།
སྒོ་དང་སྒེའུ་ཁུང་གྲངས་ཀྱིས་མི་ལང་སྦྲང་ཚང་བཞིན་དུ་འཕྲང་འགག་སྟེ།།
ཉེས་སྐྱོན་མི་ཡི་རྐེ་རྩ་བཅད་ནས་ལྐོག་གསོད་བྱེད་སའི་བསྟི་གནས་ཤིག །
རྡོ་སྐས་རིང་པོ་ཐུར་དུ་གཟར་བའི་གཡས་ཀྱོག་གཡན་འཁྱོག་གྱ་གྱུ་དེར།།
ཚ་རོང་ཟླ་བཟང་སྐྲ་ལོ་བཟུང་སྟེ་ཕྱི་མའི་ལྔ་ལམ་རྫོང་སར་གྲགས།།
བཙན་པོའི་དཔུང་གི་རུ་དར་སྒྲེང་བཞིན་ཐུགས་དང་རྒྱལ་མཚན་བཙུགས་པ་རྣམས།།
ཉམ་ཆུང་མི་ཡི་སྙིང་རྩ་འདར་བྱེད་འཇིགས་རུང་མཚོན་ཆ་རྣོན་པོ་རེད།།
རྟ་རྒན་རྩིབ་མ་རི་རྐེད་འཐོར་ལྟར་ལྕགས་རི་ནར་ནར་མུ་ཁྱུད་ཅན།།
སྐུ་དྲག་ཚོགས་འདུའི་ཆིབས་རྟ་འགོག་བྱེད་དུད་འགྲོ་བཙོན་ཁང་ཆེན་པོ་ཞིག །
ལོ་རྒྱུས་རིང་པོ་བློ་ངོར་ཤར་བྲལ་ཁང་བཟང་སྟོང་གིས་འགྲན་མེད་འདི།།
མགོ་ནག་བོད་མི་ཟ་བཀག་བྱས་ཏེ་དཔྱ་ཁྲལ་ལོ་མང་བསྡུས་པའི་རྗེས།།
གནམ་གྱི་སྲོང་བཙན་སྒམ་པོ་དང་ནི་ཟ་ཧོར་གོང་ས་ལྔ་པ་གཉིས།།
བློ་དང་རིག་པ་ལྷན་ཅིག་བསྡེབས་ནས་རང་ཉིད་བསྲུང་ཕྱིར་བཀོད་པ་ལགས།།
ཁང་བཟང་དཀར་པོའི་སྒོ་ལྷོར་བསྟན་པའི་ར་སའི་འཕྲུལ་སྣང་གཙུག་ལག་སྟེ།།
བལ་པོའི་ཁྲི་བཙན་ཕྱག་རྗེས་འཇོག་ཕྱིར་བཟོ་པ་སྟོང་གིས་བསྐྲུན་པ་ཞིག །
ཤཱཀྱ་ཇོ་བོའི་སྐུ་རྟེན་ཆེན་པོ་སྲིད་གསུམ་དོ་མཉམ་ལྡན་ཡོད་པས།།
ཆོལ་གསུམ་བོད་མིས་བློ་ལ་གཏད་དེ་ཕྱག་དང་སྐོར་བ་ལྡིར་རི་རི།།
འཇིགས་སུ་རུང་བའི་གོ་མཚོན་ལྡན་པའི་མི་སྔོན་དང་ནི་གོས་སྔོན་ཅན།།
རྒྱ་ནག་དམར་པོའི་དྲག་གནོན་བྱེད་པོ་སྤྱི་བདེ་ཅུས་སམ་ཉེན་རྟོག་པ།།
དམྱལ་བའི་ལྕགས་ཁང་སྒོ་མེད་ལྟར་མཚུངས་ཤིན་ཏུ་གྲང་པའི་ཁང་ནག་དེ།།
ལྷ་ཡི་ཡུལ་དུ་འདྲེ་ཚང་བཞིན་དུ་གྲ་བཞིའི་བཙོན་ཁང་ཉིད་ལགས་པས།།
ཐོག་བརྩེགས་དགུ་ཅན་བཙན་རྫོང་ལྟ་བུའི་ར་སྐོར་མང་བའི་དཔངས་མཐོ་སྟེ།།
ཡིད་སྐྱོ་གནས་སུ་ཆེ་ཆེར་གྱུར་པའི་གཞང་ཁང་དང་ནི་སྦག་ཁང་སོགས།།
ནམ་དུས་ཁྱད་མེད་འདྲེ་ཚོགས་བཞིན་དུ་གཅེར་པུར་རྒྱུ་བའི་བུད་མེད་དག།
བོད་ཁམས་ཡུལ་དུ་རེག་དུག་འདྲེན་པའི་རྒྱ་སོག་རྣམས་ཀྱི་འཇུད་མཐུན་མ།།
ཤ་ཚིལ་ཁྲག་སོགས་རབ་ཏུ་ཐོར་བའི་བཤན་ར་འདྲ་བའི་ལམ་མདོ་རྣམས།།
རྒྱ་ནག་དམར་པོས་ཁྲེལ་མེད་རྒོད་དེ་ཉམ་ཆུང་བོད་མི་གསོད་ས་ལོ།།
ལམ་གསུམ་མདོ་རུ་སྤྱང་ཀི་ཟུག་བཞིན་མོ་ཊ་དཀར་ནག་འདུར་རྒྱུག་དག །
མགོ་ནག་མི་རིགས་ངན་ཁག་གཡོགས་ཏེ་འཛིན་ས་དང་ནི་རྡེག་ས་རེད།།
མྱུར་མགྱོགས་ནུས་པ་འབུམ་ཕྲག་ལྡན་པའི་རླུང་ནག་བཞོན་པའི་སྤྲིན་དཀར་ཁྱེད།།
འདིར་ཕྱོགས་མ་གཡེངས་སྐད་ཅིག་ཉིད་ལ་འཕྲིན་ཐུང་ཁྱེར་ཏེ་སྐྱོད་ཅིག་དང་།།
བོད་ཀྱི་རྒྱལ་པོ་ཐོག་མར་གྲགས་པའི་བཙན་པོ་གཉའ་ཁྲིའི་འཁྲུངས་ཡུལ་ཏེ།།
དེང་གི་དུས་འདིར་སྤོ་པོ་ཞེས་བྱ་ཁྱེད་ཀྱི་འགྲོ་ལམ་འདི་ཉིད་ཙམ།།
ཚང་ཚིང་སྟུག་པོས་རབ་ཏུ་ཁེངས་པའི་གཅན་གཟན་ངར་སྒྲ་འབྱིན་ས་ལགས།
གྲོག་རོང་གཅོང་རོང་ཤིན་ཏུ་ཟབ་པའི་ཆུ་སྒྲ་རླུང་སྒྲ་ཚོར་ས་ལགས།།
སྨྱུག་རྩ་མང་པོས་ས་གཞི་ཁྱབ་སྟེ་དུག་སྦྲུལ་ཚང་དགུ་བཅའ་ས་ལགས།།
བྲག་དང་བྲག་སྐྱིབས་ཕུག་ཐག་ཟབ་པས་འུག་པའི་ཧ་ཧ་དགོད་ས་ལགས།།
གཡུ་འབྲུག་སྔོན་པོ་ཁ་སྤྲོད་འདྲ་བའི་སྐྲག་མོ་ཞེས་བྱའི་རོང་ས་སྟེ།།
དུག་གི་ལས་སྦྱོར་རབ་ཏུ་ཆེ་ཞིང་རྒྱང་རིའི་མགྲོན་པོ་གསོད་ས་གྲགས།།
ཡུལ་གྱི་ན་ཆུང་མཆོར་སྒེག་ཅན་གྱི་ལང་ཚོའི་མཛེས་སྡུག་སྣང་ན་ཡང་།།
གཡོ་སྒྱུའི་ལས་ལ་ཤིན་ཏུ་མཁས་པས་སྲེད་ལྡན་སྐྱེ་བོ་འཛོམས་ས་ཡིན།
ནེའུ་གསིང་སྔོན་པོས་ས་གཞི་གང་ཞིང་གཡུ་ཡི་རས་ཐགས་ཁེབས་འདྲ་འདི།།
ཚ་བའི་གོས་ཆེན་ཐང་ཞེས་གྲགས་པའི་མདོ་ཁམས་ཡུལ་གྱི་བྱེ་བྲག་ཏུ།།
ཕོ་གཞོན་དར་མས་རལ་གྲི་འཇུས་ཏེ་དཔའ་རྟགས་བརྗིད་ཉམས་སྟོན་ས་སྟེ།།
ཤ་དང་པགས་པས་རི་ལུང་བཀང་སྟེ་གཤིན་རྗེའི་གྲོང་དང་འགྲན་ས་ལགས།།
དེ་ནས་མ་སྡོད་ཤར་མར་བསྐྱོད་དེ་རྒྱ་བོད་གཉིས་ཀྱི་སོ་མཚམས་སུ།།
འཆི་མེད་ཞིང་ལ་རབ་ཏུ་འགྲན་པའི་སྙན་པ་འབར་བའི་བདག་གི་ཡུལ།།
སྲིད་ན་དཀོན་པའི་ལྷ་ཡི་ཡུལ་ལ་ཅོ་ཡང་འདྲི་པའི་གངས་རི་རྣམས།།
ཡ་མཚན་ཅན་གྱི་གླུ་དབྱངས་ལེན་ཞིང་དགའ་བ་འབུམ་གྱིས་བསུ་བ་བྱས།།
རྟ་ཕོ་ཅང་ཤེས་རྨིག་པས་བརྡུངས་ཏེ་སྤྲིན་དཀར་ཁྱེད་ཉིད་ཆིབས་ལགས་འོང་།།
ཐུལ་དཀར་འབྲི་མོས་བེ་འུ་ཁྲིད་དེ་ཞོ་དང་འོ་མ་འབུལ་ལགས་འོང་།།
གཡང་དཀར་ལུག་ཁྱུས་འབའ་སྒྲ་སྒྲོག་སྟེ་ཕྱིང་བ་སྣམ་བུ་སྐྱེལ་ལགས་འོང་།།
བྱ་དང་བྱི་འུས་སྐད་ཅོར་འབྱིན་ཏེ་ལམ་གྱི་གསང་མདོ་བསྟན་ལགས་འོང་།།
བཀྲ་ཤིས་རྟགས་མཚན་རབ་ཏུ་ཁྱབ་པའི་མདོ་ཁམས་བོད་ཀྱི་ཤར་ཕྱོགས་སུ།།
མཐའ་རྣམས་གངས་ཀྱིས་དོ་ཤལ་མགུལ་ཏེ་རྒྱུ་སྐར་གྲོང་དུ་སླེབས་འདྲ་ཞིག །
མེ་ཏོག་སྣ་ཚོགས་དྲི་ཞིམ་འཐུལ་པས་འཆི་མེད་བུ་མོའི་རྩེད་ར་སྟེ།།
རི་བོ་ཤར་ནུབ་ལྕུག་ཕྲན་འགུལ་ཏེ་བསེར་བུ་དྲི་བཞོན་ལྡང་ས་ལགས།།
དགུང་སྔོན་ས་ལ་མ་ལྷུང་བཞིན་དུ་མཚོ་དང་མཚོ་ཆེན་ལ་སོགས་སུ།།
ངང་དཀར་རྒྱལ་མོས་གཤོག་རྩལ་ངོམས་ཏེ་གསེར་མིག་ཉ་དང་འགྲན་འདུག་གོ །
བྱུ་རུའི་ཞུན་མས་ལན་བརྒྱར་བྱུགས་འདྲ་ནེའུ་གསིང་མེ་ཏོག་ཁྲ་ཆེམ་དབུས།།
གཞོན་ནུ་ལང་ཚོ་བཅུ་དྲུག་སླེབས་རྣམས་རྩེད་མོའི་འདུར་རྒྱུག་ཤིག་རེ་རེ།།
ཐང་དཀར་རྒོད་པོར་ངལ་བ་སྟེར་བའི་ཡུལ་ལུང་དེ་ཡི་ཐང་ཆེན་དུ།།
རྟ་ནོར་ལུག་གསུམ་རབ་ཏུ་ཁེངས་ཤིང་གདོང་དམར་ཚང་གི་འབྲོག་ས་སྟེ།།
རི་ཆུང་ནག་པོ་ཐང་དུ་འབུར་འདྲ་སྦྲ་ཆེན་དུད་སྤྲིན་དགུང་འཕྱུར་ཅན།།
ཁོ་བོའི་སེམས་ཀྱི་སྣང་ངོར་ལྡན་པའི་མེ་ཏོག་མ་ཡི་བཞུགས་གནས་ཏེ།།
རྒྱང་རིང་ཡུལ་ནས་ངལ་བཞིན་འཁྱེར་ཏེ་བཟོད་མེད་སེམས་ཀྱི་གདུང་འཕྲིན་དེ།།
དྲན་གདུང་རི་རྒྱལ་ཤིན་ཏུ་མནན་འདྲ་མེ་ཏོག་མ་ལ་སྤྲོད་པར་གྱིས།།
ཡིད་འོང་ཞལ་རས་མ་མཇལ་རིང་ཡང་སེམས་ཀྱི་སྣང་ངོར་བརྗེད་མེད་དེ།།
སེམས་གསོའི་སྐད་ཆ་མ་ཐོས་གྱུར་པའི་མེ་ཏོག་མ་ལ་སྤྲིངས་པའི་གཏམ།།
བྲལ་བའི་དུས་ཡུན་རིང་དུ་སོང་ཡང་དགའ་བའི་ཆུང་མ་མ་བླངས་ཏེ།།
བརྩེ་གདུང་ཚོར་འདུ་སྐལ་བ་ཆད་འདྲ་མེ་ཏོག་མ་ལ་སྤྲིངས་པའི་གཏམ།།
མི་ཚེ་འཆི་ཐག་ཉེ་བར་སོང་ཡང་མེ་ཏོག་མ་ཁྱེད་རེ་བསྒུག་དེ།།
འབྲལ་མེད་ལས་ཀྱི་གཏན་གྲོགས་གྱུར་པའི་མེ་ཏོག་མ་ལ་སྤྲིངས་པའི་གཏམ།།
བཟའ་བཏུང་ལོངས་སྤྱོད་ཆུ་བོ་སྲིང་བཞིན་ཆད་པའི་སྐལ་བ་མི་འཆར་ཡང་།།
འདོད་པའི་བདེ་བས་རབ་ཏུ་ཕོངས་ནས་མེ་ཏོག་མ་ལ་སྤྲིངས་པའི་གཏམ།།
ལུས་ཀྱི་ངལ་བ་ཡེ་ནས་མེད་ཀྱང་ནམ་གྱི་གུང་མོར་སྟོང་ལྷང་སྟེ།།
བརྩེ་བའི་བག་ཆགས་སྙིང་ཁར་ཟུག་སྟེ་མེ་ཏོག་མ་ལ་སྤྲིངས་པའི་གཏམ།།
ཡུལ་ཕྱོགས་ཀུན་གྱིས་འགྲན་པར་མི་བཟོད་འཕགས་པའི་ཡུལ་ཞེས་རྒྱལ་ཁམས་ཏེ།།
འདས་མ་ད་གསུམ་བདག་གི་འཚོ་ས་མེ་ཏོག་མ་ལ་བཤད་པའི་གཏམ།།
བཅུ་ཕྲག་རིག་པ་བྱེ་བའི་འབྱུང་གནས་གཙུག་ལག་ཆོས་ཀྱི་ཞིང་ས་སྟེ།།
སྔོན་བྱུང་མཁས་གྲུབ་གྲངས་མེད་བསྟི་གནས་མེ་ཏོག་མ་ལ་བཤད་པའི་གཏམ།།
རྡ་ས་ཞེས་པའི་གསལ་ལེ་རྒྱ་ཡི་འཚོ་གནས་བྱེད་པའི་བཞུགས་གནས་ཏེ།།
དབྱིན་ཇིའི་བུད་མོས་མ་དངུལ་བཞག་སྟེ་འཁྲིག་སྤྱོད་ཚོང་ར་འཛུགས་ས་ཡིན།།
ལམ་སུམ་མདོ་རུ་འཐམ་འཁྱུད་བྱེད་བཞིན་མཆུ་གཉིས་སྦྱོར་བའི་ཕོ་མོ་དག །
ལུས་འཚོང་མགྲོན་པོའི་ཚོང་ར་བྲིམ་པ་མེ་ཏོག་མ་ལ་བཤད་པའི་གཏམ།།
འདི་དང་འདི་འདྲའི་གནས་ལུགས་ལ་སོགས་ས་ཐག་རྒྱང་རིང་སྤྲིངས་པ་སྟེ།།
ནམ་ཡང་ཡིད་ལ་ལྷད་མེད་འཇགས་པའི་མེ་ཏོག་མ་ལ་བཤད་པའི་གཏམ།།
བརྩེ་དུང་ས་བོན་རྒྱུན་ཐག་བསྲིངས་པའི་ཚོར་འདུ་སེམས་ཀྱི་རི་མོ་འདི།།
རབ་མཛེས་འཁྲི་ཤིང་འདབ་བཟང་བཞད་འདྲ་མེ་ཏོག་མ་ལ་བཤད་པའི་གཏམ།།
སྙན་ངག

Post navigation

Previous Post: བོད་ཀྱི་བརླག་ཟིན་པའི་འཇིག་རྟེན། གློག་བརྙན་ཞིག
Next Post: ལོག་འགྲོ

Comments (1) on “སྤྲིན་གྱི་ཕོ་ཉ།”

  1. འཐེན་ཐུག says:
    2013-10-21 at 6:59 am

    ཡག་པོ་འདུག་ ཐེངས་ཤིག་བཀླགས་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme