Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་བྷ་རྒྱ་ཐོ།

Posted on 2013-10-122013-10-13 By ཡེ་ཤེས་ 26 Comments on ཆོས་བྷ་རྒྱ་ཐོ།

ཀླུ་སྨྱོན་ཧེ་རུ་ཀ

འདྲེ་སྒྲུང་འདི་ནི་ལ་རྩེ་དཔེ་མཛོད་ཁང་གིས་བསྡུས་པའི་འདྲེ་སྒྲུང་འགྲན་བསྡུར་དེའི་ཆེད་དུ་བྲིས་པ་ཡིན་མོད། དེ་རིང་གཤམ་གསལ་གྱི་འགྲེལ་བཤད་དང་བཅས་ཕྱིར་སློག་གནང་འདུག

“༄། རྩོམ་པ་པོ་ཀླུ་སྨྱོན་ཧེ་རུ་ཀ་ལགས་ལ།
ཟླ་འདིའི་ཚེས་ཉེར་བཞིའི་དགོང་མོར་སྤེལ་འཆར་གྱི་ཀུན་ཕན་ཐེབས་རྩ་ཚོགས་པའི་“མཚན་གུང་གི་ཆོ་ངེ་”ཞེས་པའི་བོད་ཀྱི་འདྲེ་སྒྲུང་གི་འགྲན་བསྡུར་དེ་ལ་སྐུ་ཉིད་ནས་འདྲེ་སྒྲུང་”ཆོས་བྷ་རྒྱ་ཐོ།”ཞེས་པ་ཆེད་རྩོམ་གྱིས་རྒྱབ་སྐྱོར་གནང་བར་ང་ཚོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ང་ཚོས་འདྲེ་སྒྲུང་ཀློག་འདེམས་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་བོད་ཕྱི་ནང་གཉིས་ཀ་ནས་འདྲེ་སྒྲུང་འགྲན་བསྡུར་ལ་ཞུགས་མཁན་གྱི་འདྲེ་སྒྲུང་མི་ཉུང་བ་ཞིག་འབྱོར་བ་ལས་འགྲན་བསྡུར་དངོས་ལ་ཞུགས་རྒྱུའི་འདྲེ་སྒྲུང་ལྔ་དམངས་གཙོའི་ལམ་ནས་འོས་ཤོག་འཕངས་ནས་བདམས་པ་ཡིན། ཕངས་སེམས་དང་བཅས་ཞུ་རྒྱུ་ཞིག་ལ་སྐུ་ཉིད་ཀྱི་འདྲེ་སྒྲུང་དེ་འགྲན་ཞུགས་འདྲེ་སྒྲུང་ལྔ་བོའི་གྲས་སུ་འདེམས་ཐོན་བྱུང་མ་སོང་། ཡིན་ན་ཡང་སྐུ་ཉིད་རྩོམ་བྲིས་ཀྱིས་འགྲན་བསྡུར་འདི་ལ་ཞུགས་པ་འདིས་ང་ཚོ་ལ་རྒྱབ་སྐྱོར་ཆེན་པོ་ཞིག་ཐོབ། རྗེས་མ་ཡང་ང་ཚོའི་ལས་འགུལ་འདི་རིགས་ལ་རྒྱབ་སྐྱོར་གནང་རྒྱུར་སྙིང་ཐག་པ་ནས་རེ་བ་ཞུའོ།ཞེས་པད་མ་འབུམ་ནས།”

ད་ནི་ང་ཚོ་འདྲེ་སྒྲུང་དངོས་ལ་འཇུག
ངས་འདྲེ་སྒྲུང་བསྡུ་བའི་གསལ་བསྒྲགས་འདི་དེ་རིང་ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀའི་སྟེང་མཐོང་བ་ཡིན། གསལ་བསྒྲགས་འདི་ཀློག་བཞིན་པའི་སྐབས་དེར་ངའི་ཡིད་ལ་ལམ་སེང་རང་གི་ཕ་ཡུལ་དུ་བྱུང་བའི་འདྲེ་རྒོད་ཅིག་གི་གཏམ་རྒྱུད་ཤར་བྱུང་། གཏམ་རྒྱུད་དེ་ཁྱེད་ཅག་ལ་བཤད་མགོ་མ་བརྩམས་སྔོན་ལ་རྩམ་གསུར་ཞིག་བདུགས་ནས་འདྲེ་རྒོད་དེ་དོ་དགོང་ངའི་རྨི་ལམ་ནང་ཡོང་སྟེ་ཁོའི་སྡེར་མོ་ཁྲག་ཞག་ཅན་དེས་ངའི་སྐེ་བཙུར་བ་དང་མིག་འབྲུ་བ། བྲང་ཁ་དང་ལྟོ་བ་དྲལ་ནས་གློ་སྙིང་དང་རྒྱུ་མ་ཕྱུང་བ་སོགས་འཇིགས་སུ་རུང་བའི་གནོད་འཚེ་རིགས་མི་འདྲ་བ་དུ་མ་ཞིག་མི་གཏོང་བའི་གྲ་སྒྲིག་བྱེད་དགོས།
སྤྱིར་ན་ང་རང་ཆུང་དུས་ནས་ཕ་མ་དང་ཨ་མྱེས་སོགས་ཀྱི་ངག་ནས་འདྲེ་སྒྲུང་མང་པོ་ཐོས་མྱོང་ཞིང་། བྱིས་པ་གཞན་དག་དང་འདྲ་བར་འདྲེ་སྒྲུང་ལ་ཉན་རྗེས་དགོང་མོར་མུན་ནག་ནང་གཅིག་བུར་ཉལ་མི་ཕོད་ལ་ཕྱི་རོལ་ཏུ་གཅིན་པ་གཏོང་དུ་འགྲོ་རྒྱུ་ནི་སྤྲོས་བྲལ་རེད། དེ་དུས་ཀྱི་འདྲེ་སྒྲུང་མང་པོ་ཞིག་གཞན་གྱི་ངག་ལས་ཐོས་པ་ཡིན་ཡང་། འདྲེ་སྒྲུང་གཅིག་གི་ཁྲོད་ཀྱི་མི་སྣའམ་འདྲེ་དེ་ནི་ང་ཚོའི་སྡེ་བའི་མི་ཡིན་ལ་ཁོའི་གཉེན་ཉེ་འབྲེལ་མང་པོ་ཞིག་ངས་ངོ་ཤེས་ཀྱི་ཡོད།
འདྲེ་འམ་མི་དེའི་མིང་ལ་ཆོས་བྷ་རྒྱ་ཐོ་ཟེར། ཁོ་སྔོན་ཆད་རིག་གནས་གསར་བརྗེའི་ཡར་སྔོན་དུ་ངའི་ཕ་ཡུལ་གྱི་ཟངས་ཐལ་དགོན་པ་ཟེར་བ་དེར་གྲྭ་པ་བྱས་འདུག་ཅིང་། གྲྭ་པ་ཡིན་དུས་སུ་ལན་མང་པོར་མཚན་མོར་གཅིག་བུར་དུར་ཁྲོད་ནང་དུ་སོང་ནས་བུད་མེད་ཚོའི་བེམ་པོར་ཆགས་པ་སྤྱོད་པ་རེད་ཟེར། སྡེ་བའི་ནང་གི་བུད་མེད་ཆེ་གེ་མོ་ཞིག་ཤི་རྗེས་ཕུང་པོ་དུར་ཁྲོད་དུ་ནམ་སྐྱེལ་བའི་དུས་ཚོད་དེ་ཁོས་ཏག་ཏག་ཤེས་པ་དང་། མཚན་མོ་དེར་ཁོ་རང་དུར་ཁྲོད་ཀྱི་གཡས་ཕྱོགས་དེར་ཡོད་པའི་ཤིང་ནགས་ཐར་ཐོར་དེའི་ནང་དུ་བསྐུངས་ནས་བསྡད་དེ། རོ་སྐྱེལ་མཁན་ཚོ་ཕྱིར་ལོག་མ་ཐག་ལམ་སེང་དུར་ཁྲོད་ནང་བརྒྱུགས་ནས་བུད་མེད་དེ་ཚོའི་རོ་སྟེང་དུ་ཞོན་ཏེ་ཆགས་པ་སྤྱོད་པ་དང་། ཆགས་པ་སྤྱོད་དུས་རོ་ལ་འོ་སྐྱེལ་བ་དང་ནུ་མ་འཕུར་བ། སྐད་ཆ་བཤད་པ་སོགས་མི་གསོན་པོ་ཇི་བཞིན་བྱེད་ཅིང་། མཚན་གང་བོར་རོ་ལ་འཁྲིག་སྤྱོད་བྱས་རྗེས་ཐང་ཆད་དེ་རོ་དང་མཉམ་དུ་གཉིད་ཁུག་ནས་འདུག་པ་དང་། སང་ཞོགས་སྔ་བོར་ཡར་ལངས་ཏེ་རྐང་འཇབ་ལག་འཇབ་ཀྱིས་ཕྱིར་དགོན་པར་ལོག་པ་རེད།
ཐོག་མར་ཁོས་བུད་མེད་ཀྱི་བེམ་པོར་ཆགས་པ་སྤྱོད་པའི་སྐོར་དེ་རང་གི་གྲོགས་པོ་ཞིག་ལ་ནང་གཏམ་གྱི་ཚུལ་དུ་བཤད་པ་དང་། ཁོའི་གྲོགས་པོ་དེ་ཐོག་མར་ཡིད་མ་ཆེས་པར་བརྟེན། ཁོས་མཚན་གཅིག་གྲོགས་པོ་ཁྲིད་དེ་དུར་ཁྲོད་ནང་སོང་ནས་བུད་མེད་ཀྱི་བེམ་པོ་གསར་པ་ཞིག་ལ་ཆགས་པ་སྤྱད་འདུག ཁོ་ཆགས་པས་མྱོས་དུས་ལན་རེར་ཁ་ནས་ཆགས་སྐད་འབྱིན་པ་དང་། ལན་རེར་གཤིན་པོའི་རོ་གྱེན་དུ་བསླངས་ནས་མཉམ་དུ་ཞབས་བྲོ་འཁྲབ་བཞིན་འཁྲིག་པ་སྤྱོད་པ་དང་། བེམ་པོའི་སོག་རྒྱབ་ཅིག་ནས་རྩ་མདུད་ཅིག་སེན་མོས་མནན་པ་ན་གཤིན་པོའི་ལག་པས་ཁོ་རང་གི་མགུལ་ནས་འཁྱུད་ཡོང་གིན་འདུག་ཟེར། ཁོའི་ཆགས་སེམས་ཇེ་ཐུར་སོང་སྟེ་མཐའ་མར་གཤིན་པོར་སྨོན་ལམ་འདོན་གྱི་ཡིན་ཟེར་ནས་རས་གུར་ཞིག་དུར་ཁྲོད་ནང་ཕུབ་སྟེ་དེ་རུ་བསྡད་ནས་ཉིན་མཚན་མེད་པར་བུད་མེད་ཚོའི་བེམ་པོར་འཁྲིག་པ་སྤྱད་འདུག་ཅིང་། མི་ལ་ལས་བཤད་ན་ཁོའི་གུར་ནང་དུ་བུད་མེད་མཛེས་མ་གཉིས་གསུམ་གྱི་རོའི་སྟེང་དུ་འཁྱག་པ་སྤུངས་ནས་རུལ་དུ་མ་བཅུག་པར་ཉར་ཡོད་འདུག་ཅིང་། རོ་རེ་ཟུང་གི་རྐང་ལག་ཀྱང་རས་གུར་གྱི་ཟུར་ནས་ཕྱི་རོལ་ཏུ་བརྐྱངས་བསྡད་ཡོད་འདུག
སྟོན་དུས་ཀྱི་ཉིན་ཞིག ཟོག་རྫི་ཞིག་ཁ་སྐོམ་ནས་ཆུ་འཐུང་ཕྱིར་ཆོས་སྦ་རྒྱ་ཐོའི་གུར་ནང་དུ་འཛུལ་བ་ན། ཆེས་འཇིགས་སུ་རུང་བའི་སྣང་ཚུལ་ངོ་མཚར་བ་ཞིག་མཐོང་བ་ནི། ཆོས་བྷ་རྒྱ་ཐོ་རོ་བུད་མེད་ལོ་ཆུང་ཞིག་གི་བེམ་པོའི་བརླ་བར་དུ་འཁྲིག་པ་སྤྱོད་པའི་ཚུལ་དུ་ཡོད་པ་དང་། འོག་གི་རོ་དེའི་ལག་པ་གཉིས་ཀྱིས་ཁོའི་སྐེ་དམ་དུ་བཙུར་འདུག་པ་དང་། ཁོའི་གདོང་མདོག་ཁྲག་ལྟར་དམར་པོ་ཆགས་ཤིང་དཔྲལ་རྩ་ཐམས་ཅད་མཛུབ་མོའི་སྦོམ་ཕྲ་ཙམ་དུ་གྱུར་པ་དང་། མིག་རིལ་གཉིས་ཕྱིར་ཐོན་ནས་འགྲམ་པའི་སྟེང་དུ་བསྣར་བསྡད་ཡོད་པ་མ་ཟད། ཁ་གདངས་ཤིང་ལྕེ་སྔོན་པོ་ལྕགས་ཀྱི་མདོག་ལྟ་བུ་ཞིག་ཁའི་ཟུར་དུ་བརྐྱངས་ནས་ཤི་བསྡད་ཡོད་པ་རེད།
ཕྱུག་རྫི་དེས་དེ་མཐོང་ནས་ཨག་རིང་ཞིག་བཏབ་སྟེ་ཕྱིར་འགྱེལ་མ་ལངས་སུ་བྲོས་ནས་དུར་ཁྲོད་དེའི་ལུང་མདོའི་སྡེ་བ་སྟེ་ལུང་ནག་སྡེ་བའི་ནང་དུ་བརྒྱུགས་ནས་མི་རིག་ཚད་ཐུག་ཚད་ལ་འཇིགས་ཡེར་བའི་དོན་རྐྱེན་དེ་བཤད་གང་ཐུབ་བྱས། ཐོག་མར་སྡེ་བའི་མི་རྣམས་ཡིད་མ་ཆེས་ཀྱང་ཕྱུག་རྫིའི་གདོང་གི་རྣམ་འགྱུར་དང་སྐད་ཀྱི་འདར་གདངས་ལས་ཐེ་ཚོམ་ཐམས་ཅད་ཡོངས་སུ་གྲོལ་ནས་གསར་བུ་བློ་ཁོག་ཆེན་པོ་ཡིན་ཟེར་མཁན་རེ་ཟུང་གྲ་སྒྲིག་གིས་གྲི་དང་མེ་མདའ། མདུང་དང་སྟ་རེ་སོགས་ཁྱེར་ནས་ཆོས་བྷ་རྒྱ་ཐོའི་གུར་གྱི་ཕྱོགས་སུ་གཤར། གུར་དང་ཐག་ཇེ་ཉེ་ཡིན་དུས་གུར་ནང་ནས་མི་ཞིག་གིས་ལྡབ་ལྡིབ་ཅིག་བཤད་ཞོར་དངངས་པ་རིང་བོ་ཞིག་འཐེན་པའི་སྒྲ་གསལ་ལ་མི་གསལ་བ་ཞིག་གྲག་ཡོང་བས། གསར་བུ་བློ་ཁོག་དེ་ཙམ་མི་ཆེ་བ་དག་ནི་གོམ་ཁ་ཇེ་དལ་དུ་སོང་བ་དང་། ཁོ་ཚོའི་ཁ་ནང་གི་དཀོན་མཆོག་དང་གཞི་བདག་ལ་གསོལ་བ་འདེབ་པའི་དབྱངས་རྟ་ཡང་ཁུ་སིམ་མེར་གྱུར། འོན་ཀྱང་། བཙན་རྒོལ་སྐྱབས་ཟེར་བའི་གསར་བུ་ནམ་རྒྱུན་དེ་ཙམ་བློ་ཁོག་ཆེན་པོའི་གྲས་སུ་མི་བགྲངས་པ་ཞིག་ཡོད་པ་དེས་ཐེ་ཚོམ་མེད་པར་གུར་གྱི་སྒོ་ཕྱེས་ནས་ནང་དུ་ལྟ་ཙམ་བྱས་མ་ཐག། གློ་བུར་དུ་འཇིགས་སུ་རུང་ཞིང་སྙིང་ལ་ཟུག་པའི་ཨག་རིང་ཞིག་བཏབ་རྗེས་སྡོང་རྒན་རྩ་བ་བཅད་པ་ལྟར་ས་རུ་འགྱེལ་བ་དང་མཉམ་དུ་གཅིན་སྐྱག་ཀྱང་དབང་མེད་དུ་གུ་ཐུང་ནང་ཤོར་བའི་དྲི་ངན་ཆིལ་ལེར་སོང་བས། ཁོའི་རྒྱབ་ལོགས་སུ་ཡོད་པའི་གསར་བུ་དེ་ཚོས་ཁོའི་དྲན་མེད་དུ་བརྒྱལ་བའི་ཕུང་པོ་ཡང་བསྐྱུར་ནས་འུར་ལྡིར་གྱིས་ཕྱིར་བལྟས་མེད་པར་བྲོས་སོང་བ་རེད།
ཆུ་ཚོད་བཞི་ཙམ་གྱི་རྗེས་སུ་བཙན་རྒོལ་སྐྱབས་ཀྱིས་དྲན་པ་ཕྲན་བུ་ཞིག་སོས་ནས་གོག་མ་ནུར་གྱིས་ཕྱིར་རང་ཁྱིམ་དུ་འབྱོར་ཙམ་བྱུང་མོད། མཚན་མོ་དེར་ལུས་པོ་འདར་ཞིང་ངག་ལྡབ་ལྡིབ་ཏུ་གྱུར་ཅིང་། མགོ་མཇུག་མེད་པའི་སྐད་ངན་སྣ་ཚོགས་བར་མེད་དུ་སྒྲོག་པ་དང་། ཁ་སྣ་གཉིས་ཀ་ནས་ཁྲག་དམར་པོ་དྲི་མ་སྣོམ་མི་བཟོད་པ་ཞིག་བསྐྱུགས་རྗེས། མིག་གཉིས་ཀླད་ལ་འཁོར་ཞིང་རྐང་ལག་ལྕགས་ལྟར་རེངས་ཏེ་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་མགྲོན་དུ་ཆས་སོང་ལ། དགོང་མོ་དེའི་མཚན་གང་བོར་ཁྱི་རྒན་ཚོས་གཟུགས་མེད་ཅིག་སྡེ་དཀྱིལ་ནས་ཡར་བདའ་མར་བདའ་བྱས་ནས་སྐྱ་རེངས་མ་བཀྱགས་བར་དུ་མཚམས་བཞག་མ་སོང་ཟེར།
ཟླ་བ་གཅིག་འདས་སོང་། ཡིན་ཡང་ཆོས་བྷ་རྒྱ་ཐོའི་རོ་གུར་དེ་ད་དུང་འགྱེལ་མེད་པ་རེད་ལ། ནམ་རྒྱུན་བདུན་ཕྲག་རེ་རེ་བཞིན་མང་གཞུང་གི་སྟོད་སྨད་བར་གསུམ་ནས་དུར་ཁྲོད་ནང་གཤིན་པོའི་ཕུང་པོ་སྐྱེལ་དུ་ཡོང་བའི་འདུ་འཛི་དེ་ཡོངས་སུ་མཚམས་ཆད། ཚེ་འདས་མང་པོའི་ཕུང་པོ་རང་རང་གི་སྡེ་བའི་ཉེ་འདབས་སུ་ས་སྦས་གཏོང་དགོས་བྱུང་བ་དང་། བན་སྔགས་བོན་གསུམ་སུ་ཡང་དུར་ཁྲོད་དེར་བཅར་མ་ཐུབ། མཚན་མོ་དུ་མར་རོ་གུར་དེའི་ནང་ནས་ཆོས་བྷ་རྒྱ་ཐོས་སྐད་ཅོར་རྒྱག་པ་དང་། སྐབས་རེར་འཁྲིག་སྤྱོད་ཀྱིས་མྱོས་པའི་ཆགས་སྐད་རྒྱག་པ་ཡང་ཐོས་རབས་འདུག་ལ། མི་ལ་ལས་ཉིན་མོར་རོ་གུར་དེའི་ནང་ནས་རོ་ལངས་ཕོ་མོ་ཚོས་གར་འཁྲབ་ཀིན་འདུག་པ་ཡང་མཐོང་སོང་ཟེར།
མང་སྨད་ན་སྡེ་བ་ཆུང་ཆུང་ཞིག་ཡོད་པའི་ནང་དུ་སྔགས་པ་མཚན་སྙན་གྲགས་དེ་ཙམ་ཆེན་པོ་མེད་པ་ཞིག་ཡོད། ཁོའི་མིང་ལ་སྔགས་པ་རིག་འཛིན་ཟེར་ཞིང་ཞབས་དཀར་ཚོགས་དྲུག་རང་གྲོལ་སྐུ་ཕྲེང་ཞིག་གི་སློབ་མ་ཡིན་སྐད། མཚན་མོ་ཞིག་ལ་སྔགས་པ་རིག་འཛིན་གྱིས་རྟ་ཞོན་ནས་གཅིག་བུར་དུར་ཁྲོད་དེར་བསྐྱོད། ཁོ་དུར་ཁྲོད་དང་ཐག་ཉེ་སར་བསླེབས་དུས། རོ་གུར་དེའི་ནང་དུ་མེ་འབར་བའི་གྲིབ་ནག་གི་ངོས་སུ་རོ་ལངས་ཕོ་མོ་ཚོའི་གཟུགས་རིས་གསལ་བོར་མངོན་འདུག བུད་མེད་གཅེར་བུའི་གཟུགས་དབྱིབས་དང་། ཆོས་བྷ་རྒྱ་ཐོའི་ཐུང་ཞིང་ཚོ་བའི་གཟུགས་རིས། ཀེང་རུས་ཙམ་ལས་ལྷགས་མེད་པའི་བུད་མེད་སྐྲ་རིང་པོ་ཅན་ཞིག་གི་གཟུགས་རིས་ཀྱང་མངོན། རོ་ལངས་འདི་ཚོས་སྐབས་རེར་ངུ་འབོད་སྙིང་ལ་གཟན་པ་རེ་བྱེད་ཅིང་། ལན་རེར་གད་མོ་རྣ་བར་རྩུབ་པ་རེ་ཡང་དགོད།
སྔགས་པ་རིག་འཛིན་རོ་གུར་ནས་གོམ་པ་བདུན་གྱི་སར་རྟ་ལས་བབས་ཤིང་སྒའི་སྔ་རུའི་སྟེང་དུ་འཕངས་པའི་ཏ་ལེན་ལས་ཌྰ་རྐང་གཉིས་ཕྱིར་བླངས། ཁོས་སྙན་ལ་ཟབ་པའི་མ་ཅིག་ལབ་སྒྲོན་གྱི་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཟེར་བ་དེ་བཏོན། ཐོག་མར་སྔགས་པས་སྙིང་ལ་གཟེར་ཤ་རྒྱུག་པའི་རྐང་དུང་ལན་གསུམ་བུས་པས། རོ་ལངས་ཚོས་ངར་སྐད་འདོན་བཞིན་རོ་གུར་གྱི་ནང་ནས་ཡར་མཆོང་མར་ལྡིང་བྱས། གཅོད་ཌྰིལ་གྱི་སྒྲ་སྐད་ཟིལ་རྔམ་ཆེ་བ་དང་བསྟུན་ནས་རོ་ལངས་ཚོས་སྡེར་ཤད་བརྒྱབ་སྟེ་རོ་གུར་འགྱེལ་མ་ལངས་དེའི་ཕྱོིགས་གང་ས་ནས་ཚལ་བར་གཤགས་ཤིང་ཁོ་ཚོའི་ཁ་ནང་སྣ་ནང་ནས་མེ་ལྕེ་སྔོན་པོ་ཞིག་འབར་བཞིན་གཅིག་གཅིག་ལ་འཐམས་ཏེ་དངངས་སྐྲག་སློང་བའི་ངུ་རྒྱངས་དྲག་པོ་བྱེད། སྔགས་པས་གཅོད་བཏོན་ནས་ཕྱེད་ཀར་བསླེབས་དུས་རོ་ལངས་ཚོ་རེ་རེ་བྱས་ནས་ས་རུ་འགྱེལ་ཏེ་འགྲེ་ལྡོག་བྱེད་པ་དང་། གཅོད་མཇུག་རྫོགས་གྲབ་ཡོད་དུས་ཆོས་བྷ་རྒྱ་ཐོའི་རོ་ལངས་དེའི་དྲག་ཏུ་འགྲེང་བའི་མཇེ་སྣེ་ནས་ཁྲག་ནག་པོ་དྲི་ངན་བཟོད་དུ་མེད་པ་ཞིག་གཅིན་པ་གཏོང་བ་ནང་བཞིན་ཤག་སེར་ཆུ་ཚོད་ཕྱེད་ཀའི་རིང་བཞུར་བྱུང་ལ། དེ་ནས་ཁོ་ཚོ་རེ་རེའི་ལུས་ཀྱི་བུ་ག་ཚང་མ་ནས་ཁྲག་དང་ཆུ་སེར། རྣག་ཁྲག་སོགས་དྲི་ངན་དང་བཅས་ཕྱོགས་ཕྱོགས་སུ་བཞུར་ཡོང་ཞིང་། སྐབས་ཤིག་རོ་ལངས་ཚང་མ་གྲགས་མེད་འགུལ་མེད་དུ་གྱུར་པ་དང་། སྔགས་པས་ཁ་ནས་དྲག་སྔགས་འདོན་བཞིན་ལག་པས་ཌྰ་དྲིལ་འཁྲོལ་བ་དང་། རྐང་པས་གར་སྟབས་སྒྱུར་བཞིན་རོ་གུར་དེ་དྲུད་ཡོང་ནས་རོ་ལངས་གསུམ་པོའི་སྟེང་དུ་འཕངས་རྗེས། སྔོན་ནས་གྲ་སྒྲིག་བྱས་ཡོད་པའི་རྟ་སྒའི་ཕྱི་རུའི་སྟེང་གི་མར་ཁུ་རྐྱལ་བ་གང་པོ་དེ་ཚོའི་སྟེང་བླུགས་རྗེས་མེ་ལྕགས་ཀྱིས་མེ་སྤར། སྐད་ཅིག་དེ་ཉིད་ལ་མུན་ནག་གི་མཚན་ལྗོངས་དེ་མེ་ལྕེ་དྲག་པོས་གསལ་གྱི་ལེར་བཏང་བ་དང་། མེ་ལྕེའི་ཁྲོད་ནས་རོ་ལངས་རེ་རེ་བཞིན་མགོ་བོ་འགྱོག་ཙམ་དང་ལག་པ་གཡོབ་ཙམ། སྡུག་སྐད་འདོན་ཙམ་དང་རྐང་བ་རྐྱོང་ཙམ་རེ་བྱས་རྗེས་མེ་ལྕེས་ཡོངས་སུ་ཚིག་སོང་།
སྔགས་པས་ཉེ་འཁོར་ནས་རོ་གོས་ཚལ་བ་མང་པོ་ཞིག་བཏུས་ཡོང་ནས་མེ་ལྕེའི་ནང་དུ་འཕངས་པ་ན། ཚེག་སྒྲ་དང་མཉམ་དུ་བུད་མེད་དང་བྱིས་པའི་ངུ་སྐད་དང་། རྒན་པོ་དང་གསར་བུའི་ཨག་སྐད་རྣ་བར་གཟན་པ་རེ་ཡང་མཆེད་ཡོང་བ་དང་། སྐྱ་རེངས་འཆར་ལ་ཉེ་དུས། རོ་ལངས་བསྲེགས་པའི་མེ་ལྕེ་དེ་ཡང་ག་ལེར་ཇེ་ཆུང་ཇེ་ཆུང་དུ་གྱུར་ནས་མཐར་དུ་བ་བན་བུན་ཞིག་ལས་ཅི་ཡང་མ་ལྷགས་པ་དང་། མཇུག་མཐར་རོ་ལངས་ཚོའི་རུས་པ་ཚིག་རོ་ཁ་ཤས་ཤིག་སྐྱ་རིག་གེར་ཐལ་བའི་དཀྱིལ་དུ་ཧ་ཅང་མི་སྡུག་པའི་ཚུལ་དུ་གསལ་བོར་མཐོང་ཡོང་།
སྔགས་པས་རོ་ལངས་བཏུལ་སོང་ལ་སྔགས་པ་ཐང་ཡང་ཆད་སོང་། སྔགས་པས་རོ་ལངས་ཀྱི་རྣམ་ཤེས་འདྲེན་རྒྱུ་བརྗེད་སོང་། སྔགས་པས་དགའ་སྤྲོའི་ངང་རྟ་ཞོན་ནས་ཕྱིར་ལམ་ལ་ཆས་ཤིང་། ང་ཚོའི་སྡེ་བ་བརྒྱུད་ནས་འགྲོ་ཞོར་ད་ནས་བཟུང་གཤིན་པོའི་བེམ་པོ་རྣམས་དུར་ཁྲོད་དུ་བསྐྱལ་ན་ཆོག་ཅེས་བསྒྲགས། སྔགས་པ་ཁོའི་སྡེ་འདབས་སུ་སླེབ་གྲབ་ཡོད་དུས། གར་ཡོང་མ་ཤེས་པའི་ཁྱི་དམར་པོ་ཞིག་གིས་སྔགས་རྟའི་རྐང་པར་རྨུག་པས། སྔགས་རྟ་འདྲོགས་ནས་མཆོང་ཐེངས་གཅིག་གིས་སྔགས་པ་ས་རུ་གཡུགས་སོང་། ཡིན་ཡང་སྔགས་པས་ཡི་དམ་གྱི་བསྐྱེད་རིམ་མ་གློད་པས་ཁོའི་རྩིབ་མ་གསུམ་ཆག་པ་མ་གཏོགས་ཚེ་སྲོག་ལ་ཉེས་སྐྱོན་ཅི་ཡང་མ་བྱུང་།
དེ་ནས་བཟུང་ད་ལྟའི་བར་དུ་ང་ཚོའི་དུར་ཁྲོད་དེར་ཆོས་བྷ་རྒྱ་ཐོའི་གཟུགས་བརྙན་དངོས་སུ་མཐོང་མཁན་ཞིག་མ་བྱུང་། ཡིན་ཡང་། ཕལ་ཆེར་མཚན་མོ་རེ་རེ་བཞིན་ནམ་གུང་ལ་བསླེབས་པ་ན། ཆོས་བྷ་རྒྱ་ཐོས་ཀི་རིང་འདེབ་བཞིན་ཁོས་སྔོན་ཆད་འཁྲིག་པ་སྤྱོད་མྱོང་བའི་གཤིན་མོ་རེ་རེའི་མིང་ནས་བཟུང་སྟེ་དྲག་ཏུ་འབོད་པ་དང་། ལན་རེར་གཤིན་མོ་དེ་ཚོར་འཁྲིག་པ་སྤྱོད་དུས་ཀྱི་ཆགས་སྐད་འབྱིན་པ། སྐབས་རེར་ཁོའི་གཟུགས་མེད་པའི་ངུ་འབོད་དང་ཆགས་སྐད་ཀྱིས་སྡེ་དཀྱིལ་ནས་ཁྱི་རྒན་ཚོ་ཟང་ཟིང་ལང་ལོང་དུ་གཏོང་བ། ཡང་ལན་མང་པོར་བུ་མོ་ན་ཆུང་མང་པོ་ཞིག་དུར་ཁྲོད་དང་ཐག་ཉེ་བའི་རི་མགོའི་ཟོག་རྫི་རུ་ཡོད་དུས། གཟུགས་མེད་གདོན་འདྲེ་རོ་རུལ་གྱི་དྲི་ངན་འཐུལ་བ་ཞིག་གིས་མནན་ནས་འཁྲིག་པ་སྤྱོད་པའི་ཟོལ་གྱིས་ལུས་ཀྱི་གོས་ཚང་མ་བཤུས་འགྲོ་བ་སོགས་དེང་སང་གི་བར་དུ་རྒྱུན་ཆད་མེད་པར་ཡོད། གནས་ཚུལ་ཚབས་ཆེན་པོ་གཅིག་ནི། ངའི་གྲོགས་པོ་ཞིག་གི་ཨ་མས་ཉིན་གུང་ཞིག་ལ་ནང་དུ་མོའི་བུ་ཆུང་ཞིག་དང་མཉམ་དུ་ཡོས་རྔོ་བཞིན་ཡོད་དུས། གློ་བུར་དུ་སྒོ་ཁྲོག་སེ་ཕྱེས་མཁན་ཞིག་བྱུང་བ་དང་། མོས་དེར་ལྟ་ཙམ་བྱེད་པའི་སྐད་ཅིག་མ་དེའི་རིང་། ཨག་རིང་སྙིང་གསེང་དུ་ཟུག་པ་ཞིག་བརྒྱབ་པ་དང་མཉམ་དུ་ཁ་ནང་གི་སོ་ཚང་མ་རྡེབ་ཤུགས་ཆེན་པོས་ཕྱོགས་ཕྱོགས་སུ་འཐོར་ནས་དེ་མུར་དབུགས་ཆད་སོང་བ་དང་། ཁྱིམ་མི་ཚོ་ནང་དུ་བསླེབས་ནས་མོའི་བེམ་པོའི་གདོང་ལ་ལྟ་དུས། མོའི་མིག་གི་རྒྱལ་མོའི་ངོས་སུ་ཆོས་བྷ་རྒྱ་ཐོས་གཅེར་བུར་ཁ་གདངས་ཤིང་མིག་བགྲད། ད་དུང་མཇེ་ནག་པོ་ཞིག་ཀྱང་འདོམ་བར་ནས་འགྲེང་སྟེ་ཁོ་ཚང་གི་ནང་སྒོའི་ནང་རོལ་དེར་ལངས་བསྡད་ཡོད་པ་མཐོང་འདུག ཅང་མ་འགོར་མོའི་མཚན་མའི་ནང་ནས་ཁྲག་ནག་པོ་རུལ་ཁྲི་བར་མེད་དུ་ཁ་བ་ཞིག་བཞུར་ཡོང་བ་དང་། མོའི་བེམ་པོ་དེར་དབུགས་བརྒྱབ་པ་ཇི་བཞིན་སྐྲང་ནས་རྐང་ལག་བརྒྱངས་ཤིང་། ཁ་གདངས་ལྕེ་བསྣར་མིག་གཅེར་སོགས་ལྟ་མི་བཟོད་པ་ཞིག་ཏུ་གྱུར་སོང་བས། སྡེ་བའི་ནང་གི་མི་རྣམས་སྐྲག་ཐག་ཆོད་དེ་མཚན་མོ་དེ་རང་ལ་བུད་མེད་དེའི་ཕུང་པོ་དུར་ཁྲོད་དུ་བསྐྱལ་མོད། བདུན་ཕྲག་གཅིག་གི་རིང་ལ་ཕུང་པོའི་སྟེང་དུ་བྱ་རྒོད་འབབ་པ་ཕར་ཞོགས་ཕོ་རོག་ཅིག་ཀྱང་མ་འཁོར་བ་མ་ཟད། མཚན་མའི་ནང་ནས་དྲི་ངན་འཐུལ་བའི་ཁྲག་རྒྱུན་ཉིན་མཚན་མེད་པར་བཞུར་བ་དང་། ཕུང་པོའི་ཁོག་སྟོད་དགྱེ་ནས་ཡར་ལངས་གྲབ་བྱེད་བཞིན་ཡོད་པས། སྡེ་མི་ཚོ་ཐབས་ཟད་དེ་ཟངས་ཐལ་དགོན་པའི་གྲྭ་རྒོད་འགའ་གདན་འདྲེན་ཞུས་ནས་བེམ་རོ་ས་སྦས་མི་གཏོང་ཀ་མེད་བྱུང་། ས་སྦས་གཏོང་དུས་གཤིན་མོའི་བེམ་རོས་འཕག་འཚག་བརྒྱབ་སྟེ་གླགས་མ་ཁེལ་བར། མཐའ་མར་རྡོ་ཆེན་པོ་མང་པོས་དུར་ཁུང་གི་ཁ་གཅོད་དགོས་བྱུང་འདུག
ད་དུང་རིག་གསར་རྗེས་སུ་སླར་གསོ་བྱས་ནས་གྲྭ་པ་བརྒྱ་ཁར་ལོངས་ཡོད་པའི་ཟངས་ཐལ་དགོན་པའི་མཚན་མོའི་དུས་སུ། གྲྭ་པ་མང་པོས་ཆོས་བྷ་རྒྱ་ཐོ་གླིང་བར་གྱི་གྲིབ་ནག་ཁྲོད་དུ་ཡར་ལངས་བསྡད་ཡོད་པ་ཐེངས་མང་པོར་མཐོང་བ་དང་། སྐབས་རེར་གྲིབ་ནག་ནང་གཟུགས་མེད་ཅིག་གིས་ཆགས་སྐད་འབྱིན་བཞིན་གཅིན་པ་ཤག་སེ་གཏོང་ཡོང་བ་དང་། ལམ་སེང་དེའི་ཕྱོགས་སུ་གློག་གཞུ་སྤར་ནས་བལྟས་ན། ཁྲག་གི་ཐིགས་པ་དམར་ནག་དྲི་ངན་སྣོམ་མི་བཟོད་པ་ཞིག་ས་རུ་འཁྱིལ་བསྡད་ཡོད་པ་མཐོང་རྒྱུ་འདུག་ཅིང་། ཁྲག་ཐིགས་དེའི་སྟེང་དུ་འབུ་སྦྲང་ཡང་མི་འཁོར་བ་མངོན་སུམ་རེད། ད་དུང་ཆོས་བྷ་རྒྱ་ཐོའི་གྲྭ་ཤག་གི་ཤུལ་རེད་ཟེར་བའི་གྱང་ཆག་ཞིག་རོ་འགའ་ཡོད་པའི་གསེབ་ཏུ་རྩྭ་ལྡུམ་ཟ་ངེ་ཟིང་ངེ་མང་པོ་ཞིག་སྐྱེས་ཡོད་ཀྱང་། རྟ་ནོར་ལུག་གསུམ་སུ་ཡང་དེ་རུ་སོང་ནས་རྩྭ་མི་བཟའ་བ་དང་། མཚན་མོར་གྱང་ཆག་དེ་ཚོའི་གསེབ་ནས་ལན་རེར་ཀི་སྒྲ་སྒྲོག་ཅིང་མཚམས་རེར་ཆོ་ངེ་འདོན་པ་ཁོ་བོ་རྩོམ་པ་པོས་ལན་མང་ཐོས་མྱོང་ལ། རླུང་བུའི་རྒྱུ་ཕྱོགས་ཀྱིས་ཁོའི་གྲྭ་ཤག་གི་ཕྱོགས་དེ་ནས་དྲི་ངན་ཞིག་དབྱར་དགུན་སྟོན་དཔྱིད་མེད་པར་འཐུལ་ཡོང་བ་ཡང་མངོན་སུམ་ཡིན།
ངའི་ཕ་ཡུལ་གྱི་མི་ཚོས་ཆོས་བྷ་རྒྱ་ཐོའི་མིང་ནས་འབོད་རྒྱུར་ཡང་སྐྲག་སྣང་སྐྱེ་བ་དང་། ལྷག་པར་དུ་མཚན་མོའི་དུས་སུ་ཁོའི་མིང་ནས་འབོད་མཁན་ཞིག་བྱུང་ན་དེ་མ་ཐག་མདོ་གདུགས་སྒྲོལ་གསུམ་ཤེར་རྙིང་སེང་གདོང་སོགས་ཀྱི་གཟུངས་སྔགས་འདོན་པ་དང་། དུར་ཁྲོད་དུ་སྨུག་པ་འཐིབས་དུས་ཟོག་རྫི་མང་པོས་ཆོས་བྷ་རྒྱ་ཐོས་གཅེར་བུར་ཁ་ནང་ནས་ཁྲག་འཛག་བཞིན་བུ་མོ་ཞིག་གི་བེམ་པོ་དྲུད་ནས་ཡར་འགྲོ་མར་འགྲོ་བྱེད་པ་མཐོང་སོང་ཟེར་བ་དང་། སྐབས་འགར་ཁོའི་རས་གུར་དེ་ཡང་གསལ་ལ་མི་གསལ་བ་ཞིག་མཐོང་གིན་འདུག་ཟེར། ཡང་སྡེ་མི་ལ་ལས་ཁ་བརྡའི་ཞོར་ལ་ཁོས་མིང་ནས་བོས་པ་དང་མཉམ་དུ་ལམ་སེང་ལུས་ཀྱི་བ་སྤུ་གཟེངས་ཡོང་བ་དང་། སྣ་ལམ་དུ་རུལ་དྲི་འཐུལ་ཡོང་གིན་འདུག་ཟེར་བ་དང་། ཁ་ཤས་ཀྱིས་ཁོ་སྔོན་ཆད་མ་ཤི་བའི་དུས་ཀྱི་ལུས་ཀྱི་རྣམ་འགྱུར་དང་སྐད་ཀྱི་གདངས་སོགས་ཡིད་ལ་ཤར་ན་ཡང་། དེ་མ་ཐག་གཟུགས་པོར་གློག་འཁྱུད་པ་ལྟར་འདར་སིག་རྒྱག་པ་དང་མཉམ་དུ་སྣ་ལམ་དུ་ཤ་རུལ་གྱི་དྲི་མ་འཐུལ་ཡོང་གིན་འདུག་ཟེར་བཞིན་འདུག
སྒྲུང་འདི་བྲིས་ནས་མཚམས་འདིར་བསླེབས་དུས། ངའི་ལུས་ཀྱི་བ་སྤུ་རྣམས་གྱེན་དུ་ལངས་པ་དང་། མདུན་གྱི་གློག་ཀླད་ཀྱི་རྒྱབ་ནས་ཆོས་བྷ་རྒྱ་ཐོས་རུལ་དྲི་ཁ་ཞིང་འཇིགས་སུ་རུང་བའི་འདྲེ་ལག་ཚུར་རྐྱོང་བཞིན་ཡོད་པའི་སྣང་བ་ཞིག་ཤར་ཡོང་བས། ད་ནི་འདྲེ་སྒྲུང་ངམ་རོ་ལངས་ཀྱི་སྒྲུང་འདི་འབྲི་མཚམས་འཇོག་དགོས་པར་གྱུར་པས། གལ་སྲིད་ཁྱེད་ལ་སྒྲུང་འདི་དོན་དངོས་མིན་པའི་དོགས་པ་བྱུང་ན། ཐབས་བརྒྱ་ཇུས་སྟོང་གིས་ངའི་ཕ་ཡུལ་གྱི་དུར་ཁྲོད་དེར་ཐེངས་ཤིག་ཕེབས་ནས་མཚན་གཅིག་དེ་རུ་ཞག་འདུག་བྱེད་རྒྱུ་ནི་ངའི་རེ་བ་ཡིན།

བརྩམས་སྒྲུང་།

Post navigation

Previous Post: དགུ་བཅུ་གསུམ་གྱི་ཚོགས་ཆེན་སྐོར་གྱི་བསམ་ཚུལ་ཐན་ཐུན།
Next Post: བརྩེ་དུང་གི་ངོས་གཉིས།

Comments (26) on “ཆོས་བྷ་རྒྱ་ཐོ།”

  1. འོད། says:
    2013-10-13 at 1:41 am

    འདྲེ་སྒྲུང་འདི་ལ་ཁྱད་ཆོས་སྣ་ཚོགས་པ་ཞིག་འཛོམས་འདུག འདྲེ་སྒྲུང་འདི་ལ་ཙེ་ནས་ཕྱིར་སློག་ནའང། འདྲེ་སྒྲུང་འདི་ད་དུང་དངོས་དོན་གསོན་ཉམས་ལྡན་པ་རང་རེད་འདུག་པས། ཀླུ་སྨྱོན་ལགས་ནས་འབྲུག་ཡུལ་ནས་འབྲུག་པ་ཀུན་ལེགས་ཀྱི་རྣམ་སྤྲུལ་ཞིག་ཕ་ཡུལ་དུ་གདན་ཞུ་གནང་སྟེ། འདྲེ་སྒྲུང་འདིའི་མཇུག་བསྡུ་རྩིས་མེད་དམ།

  2. རྟ་བདུན་དབང་བོ says:
    2013-10-13 at 2:02 am

    འདྲེ་སྒྲུང་འདི་དངོས་ཡོད་གནས་ཚུལ་རེད་ཅེས་ཟེར་ན་ཡིད་ཆེ་དཀའ་ཙམ་འདུག
    ང་དངོས་སུ་ས་ཆ་དེར་སོང་ནས་གཅོད་ཅིག་འདོན་ན་མ་གཏོགས་ཡིད་ཆེ་མ་སོང་། །

  3. ཀརྡོ་གཉེར་ཕྱག་པ། says:
    2013-10-13 at 2:27 am

    ་་་་་་ སྒྲུང་འདི་བྲིས་ནས་མཚམས་འདིར་བསླེབས་དུས། ངའི་ལུས་ཀྱི་བ་སྤུ་རྣམས་གྱེན་དུ་ལངས་པ་དང་། མདུན་གྱི་གློག་ཀླད་ཀྱི་རྒྱབ་ནས་ཆོས་བྷ་རྒྱ་ཐོས་རུལ་དྲི་ཁ་ཞིང་འཇིགས་སུ་རུང་བའི་འདྲེ་ལག་ཚུར་རྐྱོང་བཞིན་ཡོད་པའི་སྣང་བ་ཞིག་ཤར་ཡོང་བས། ད་ནི་འདྲེ་སྒྲུང་ངམ་རོ་ལངས་ཀྱི་སྒྲུང་འདི་འབྲི་མཚམས་འཇོག་དགོས་པར་གྱུར་པས། གལ་སྲིད་ཁྱེད་ལ་སྒྲུང་འདི་དོན་དངོས་མིན་པའི་དོགས་པ་བྱུང་ན། ཐབས་བརྒྱ་ཇུས་སྟོང་གིས་ངའི་ཕ་ཡུལ་གྱི་དུར་ཁྲོད་དེར་ཐེངས་ཤིག་ཕེབས་ནས་མཚན་གཅིག་དེ་རུ་ཞག་འདུག་བྱེད་རྒྱུ་ནི་ངའི་རེ་བ་ཡིན། ་་་་་ཟེར།

  4. ཀརྡོ་གཉེར་ཕྱག་པ། says:
    2013-10-13 at 2:32 am

    ་་་་་ མཚན་མོར་གྱང་ཆག་དེ་ཚོའི་གསེབ་ནས་ལན་རེར་ཀི་སྒྲ་སྒྲོག་ཅིང་མཚམས་རེར་ཆོ་ངེ་འདོན་པ་ཁོ་བོ་རྩོམ་པ་པོས་ལན་མང་ཐོས་མྱོང་ལ། རླུང་བུའི་རྒྱུ་ཕྱོགས་ཀྱིས་ཁོའི་གྲྭ་ཤག་གི་ཕྱོགས་དེ་ནས་དྲི་ངན་ཞིག་དབྱར་དགུན་སྟོན་དཔྱིད་མེད་པར་འཐུལ་ཡོང་བ་ཡང་མངོན་སུམ་ཡིན། ་་་་ཟེར་སྟངས་ལ་བལྟས་ན། ཀླུ་སྨྱོན་ལགས་ཀྱིས། འདྲེ་སྒྲུང་ལས་ལྷག་པ། དངོས་འབྱུང་ལོ་རྒྱུས་ཅིག་གསུངས་འདུག་སྙམ་ལགས། གཅོད་པ་འགའ་ལ་ཕན་ཐོགས་འོངས་བར་ངེས་སོ།། །།

  5. རྟེན་འབྱུང་། says:
    2013-10-13 at 2:58 am

    ཡིན་ཡང་སྔགས་པས་ཡི་དམ་གྱི་བསྐྱེད་རིམ་མ་གློད་པས་ཁོའི་རྩིབ་མ་གསུམ་ཆག་པ་མ་གཏོགས་ཚེ་སྲོག་ལ་ཉེས་སྐྱོན་ཅི་ཡང་མ་བྱུང་། ཟེར

  6. གཡུ་ཐོག་བུ། says:
    2013-10-13 at 2:59 am

    ཨང་དང་པོའི་བྱ་དགའ་ཁྱོད་ལ་བསྟེར།

  7. དབང་འདུས། says:
    2013-10-13 at 3:12 am

    གང་ལྟར་ཡང་འགྲིམ་ཙམ་འདུག

  8. གནམ says:
    2013-10-13 at 4:01 am

    ང་ས་དེ་རུ་ཐང་གཅིག་འགྲོ་ཐག་ཆོད་ཡིན། འདྲེ་མ་རིག་པའི་དཀའ་ངལ་གྱིས། དུར་ས། ལུང་སྟོང་། མཁར་རྙིང་། དགོན་མཐའ། མཚན་ནག། བྲག་རོང་། ཆུ་ཁུག་སོགས་ང་མ་སོང་མ་བསྡད་པའི་གནས་ཞིག་མེད་མོ། དཀོན་མཆོག་ཚད་དུ་བཙུགས་ནས་ཅིག་བཤད་ན། གཅིག་ཀྱང་མ་མཐོང་། འདྲེ་སྐད་ཀྱང་གཅིག་ལ་མ་གོ།
    ཐབས་ཟད་པའི་སྔ་མ་དེར། རང་གིས་མཚན་མོའི་མི་ནག་ལ་རྒན་གཞོན་དར་གསུམ་ལ་འདྲེ་སྐྲག་ཕུད་པས། སང་ཞོགས་ཀྱི་མྱི་སྣ་རེ་ལ་འདྲེ་སྒྲུང་རེ་ཡོད་པས། སེམས་སྐྲག་ན་མྱིག་རྩ་འཁྲུག་འགྲོ་བ་ཞིག་དང་ཉན་ཉན་ན་སྒྲ་ཞིག་ཡང་གོ་འགྲོ་བའི་རྣམ་རྟོག་ཞིག་ལས་མེད་པ་ངས་རང་གི་མྱི་ཚེའི་ནང་། མ་རབས་དག་ཙམ་དག་ཙམ་བྱས་པའི་སྐད་ཆ་ཡིན། དྲ་གྲོགས་ཚོ། སོ་སོ་འདྲེ་བྱས་ནས་དེའི་འདྲེ་སྒྲུང་ལ་ཉན་དུ་ཕྱིན་ན་སྐྱིད་པོ་ཡོད་ཡ། གསངས་མ་ཐུབ་ན་གྱོད་མགོ་ཡང་སློང་བས། སྐབས་དེར་གཡུག་ཐུབ་པའི་དཔའ་སྙིང་ཡང་དག་ཙམ་དགོས། ཧ་ཧ་ཧ།
    ཨ་ཁུའི་དུར་སྒྲུང་འདི་ཆགས་སྨྱོན་ལ་ཤོར་བར་འབྲེལ་བ་ཙམ་ལས་འདྲེ་སྒྲུང་ཤ་བརྩེ་ས་ཞིག་མ་རེད་འདོད། གང་ལྟར་ཁྱིམ་དེ་དག་དང་རུས་དེ་ཚོ་ལ་སྙིང་རྗེ།

  9. རི་རྒྱལ་ཏི་སེ says:
    2013-10-13 at 4:36 am

    རྩོམ་པ་པོ་ཀླུ་སྨྱོན་ལགས། འདི་ལོའི་ཀླུ་སྨྱོན་རྩོམ་རིག་བྱ་དགའ་དེ་ཡང་ལོ་སྔོན་མ་དང་འདྲ་བར་བོད་ཕྱི་ནང་གི་སྤྱི་ཚོགས་སྟེང་སློབ་གསོ་དང་འཕྲོད་བསྟེན། ལོ་རྒྱུས་དང་སྒྱུ་རྩལ་གྱི་ཕྱོགས་སུ་གྲགས་འགུལ་ཆེ་བའི་བོད་ཡིག་དཔེ་དེབ་ཀྱི་རྩོམ་པ་པོ་ཞིག་ལ་སྤྲོད་རྒྱུ་ཡིན་པས། རྒྱ་ཆེའི་དྲ་དམངས་རྣམ་པས་བློ་གཟུ་བོར་གནས་པའི་སྒོ་ནས་དྲ་ཐོག་ཏུ་འོས་ཤོག་འཕེན་རོགས། སྔོན་ཆད་བྱ་དགའ་འདི་ཚར་གཅིག་ཐོབ་ཟིན་པ་དག་དང་སྐུ་གཤེགས་ཟིན་པའམ་གར་སོང་ཆ་མེད་དུ་གྱུར་པའི་རྩོམ་པ་པོ་དག་ཐེངས་འདིའི་འོས་ཆོས་སུ་བགྲང་མི་རུང་། ལོ་འདིའི་སྤྱི་ཟླ་ ༡༠ ཚེས་ ༡༢ ཉིན་བྱ་དགའ་ཐོབ་མཁན་གྱི་མིང་གསལ་བསྒྲགས་བྱེད་རྒྱུ་ཡིན། ཞེས་པ་དེ་ཅི་ཞིག་བྱས་སོང་ཡོད་མིན་གསལ་བཤད་ཅིག་གནང་རོགས་ཞུ་རྒྱུ་ཡིན།???????

  10. ཨ་ཕྱི་ཆོས་སྒྲོན says:
    2013-10-13 at 7:12 am

    འཇིགས་སུ་རུང་བ་ཞིག་བྲིས་འདུག ང་ལ་དབང་ཞིག་ཡོད་ན་ལ་རྩེ་འདྲེ་སྒྲུང་དུ་གདམས་ནས་ཨང་དང་པོའི་གཟེངས་རྟགས་འབུལ་ས་རེད། གང་ཤེས་ཁྱབ་སྲིད་པ་ཚོ།།

  11. ཉི་འོད་གྲོང་། says:
    2013-10-13 at 7:12 am

    ཀླུ་སྨྱོན་ལགས་ཆོས་བྷ་ཐོ་ཟེར་བ་དེ་རོ་ལངས་ག་འདྲ་ཞིག་འགྱུར་མེད་ཡོད་མེད་གསལ་པོ་མི་འདུག་པས།
    དང་པོ་ཁོ་རང་གིས་བེམ་པོ་ལ་ཆགས་སྤྱོད་སྐབས་རོ་ལངས་ཞིག་དང་འཕྲད་པ་ཡིན་་ནམ། ཁོ་རང་ཤི་ནས་རོ་དུར་ཁྲོད་དུ་བསྐྱེལ་བའི་རྗེས་སུ་རོ་ལངས་ཆགས་པ་རེད་བས་ལེན་ཞིག་གནང་རོགས། སྒྲུང་འདིས་མི་ལ་ཞེ་སྣང་དང་སྔངས་སྐྲགས་ཀྱི་ཚོར་བ་་དྲོ་མོ་ཞིག་སྤྲོད་ནུས་པའི་ཆ་ནས་གསོན་ཉམས་ཀྱི་ཁྱད་ཆོས་བཟང་པོ་ལྡན་ཡང་ཡིད་མ་ཆེས་བ་ཞིག་ལ་རོ་ལངས་ཞེ་སྣང་ཅན་དེ་ཚོ་གུར་གུ་ཆུང་ཆུང་ཞིག་གི་ཕྱི་རོལ་དུ་ཐོན་མི་ནུས་ཤིང་། ལུང་པའི་མི་ཚོར་གནོད་པ་དང་འཚེ་བ་མི་བྱེད་པ་དེ་ནི་མིའི་བསམ་ཐོག་ལ་རྟས་གོམ་པ་རྒྱག་ཞེས་པའི་དཔེ་ལྟར། ཁྱོད་རང་གིས་བློ་འདོད་ཀྱིས་བྲིས་པའི་སྒྲུང་ཞིག་ལས་དོན་དངོས་མིན་པར་སྙམས།

  12. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-10-13 at 7:21 am

    ས་ཆ་དེ་ཨ་མདོ་ས་ཆ་ཞིག་ཡིན་པ་འདྲ། བདེན་མིན་ཨ་མདོ་མི་དེ་ཚོ་ལ་དྲིས་ན་ཧ་གོ་གི་རེད། གནས་ཚུལ་དེ་ཀླུ་སྨྱོན་གཅིག་པུས་མ་གཏོགས་ཤེས་མེད་ཡ་ཡིན་གི་མ་རེད།
    ངེད་ནས་བསམ་ན་ཁོ་ཕ་ཡུལ་གཅིག་པ་དང་དགོན་པ་གཅིག་པ་ཚོས་ཧ་གོ་དགོས་ངེས་རེད་སྙམ་སོང་།

  13. རིག་ལོ། says:
    2013-10-13 at 11:48 am

    འདྲེ་སྒྲུང་འཇིགས་ཡེར་བ་ཧ་ཅང་ཡག་པོ་ཞིག་བྲིས་འདུག ཡིན་ཡང་། བོད་ནང་ནས་འགྲན་བསྡུར་འདིར་ཞུགས་མཁན་མང་དུས་འདིར་བྱ་དགའ་འཐོབ་དཀའ་ངེས་རེད། སྟག་གི་ཡན་ན་སྒང་ཡོད་ནི་རེད།

  14. བཀྲ་ཤིས་དོན་འགྲུབ། says:
    2013-10-13 at 12:45 pm

    འདི་ནི་དགོད་སྒྲུང་ཞིག་ལས་འདྲེ་སྒྲུང་ཞིག་ཡེ་ནས་མ་རེད། སྒྲུང་འདི་མཇུག་མ་རྫོགས་བར་ང་རང་གད་མོ་རྐྱང་རྐྱང་ཤོར་བྱུང་།

  15. དགེ་འདུན་རྒྱ་མཚོ། says:
    2013-10-13 at 1:27 pm

    ཡག་པོ་བྲིས་འདུག
    ཀླུ་སྨྱོན་རྩོམ་རྩལ་ལ་བྱང་གོམས་ཡོད་འདུག

  16. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-10-13 at 1:44 pm

    ང་ནི་འདྲེ་སྒྲུང་ཡིན་ཟེར་ན་ཡིད་ཆེས་ཁག་པོ་བྱུང་། གང་ཡིན་ཟེར་ན་འདིར་གྲྭ་བ་ལ་དམའ་འབབ་དང་སྔགས་པ་ལ་ཆེ་བསྟོད་བྱས་འདུག འདི་ཀླུ་སྨྱོན་གྱིས་གསར་རྙིང་ལ་དབྱེ་འབྱེད་བྱས་པའི་མཚོན་རྟགས་རེད་སྙམ། འདྲ་སྒྲུང་ལ་བརྟེན་ནས་ཆོས་བརྒྱུད་གཞན་ལ་དམའ་འབབ་བྱེད་ཆེད་རེད། རྩོམ་སྟངས་འདིའི་རིགས་དངོས་གནང་ཡག་པོ་འདུག དགེ་ལུགས་དགོན་དེའི་གྲྭ་བའི་སྤྱོད་པ་ངན་པ་དང་རྙིང་མའི་སྔགས་པ་ཞིག་གིས་མཐུ་ནུས་ཀྱིས་བཏུལ་བར་བཤད་འདུག གྲྭ་བ་གྲོང་བས་བཏུལ་ན་ཡ་མཚན་མ་རེད་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདུད་བཏུལ་བ་དང་ཤ་རི་བུ་དང་མོ་འགལ་གྱི་བུས་ཀླུ་དང་གནོད་སྦྱིན་སྲིན་པོ་མཐུ་ཅན་མང་བོ་བཏུལ་བ་མ་རེད་པས། དགོན་པ་དེའི་གྲྭ་བའི་ནང་དང་ཡང་ན་གྲྭ་བ་གཞན་ལ་མཐུ་ནུས་མེད་དོན་ཅི་ཡིན་ནམ། འདི་ནི་འདྲེ་སྒྲུང་རང་ཅིག་མིན་པར་ཆོས་བརྒྱུད་དཀྲིགས་པའི་སྲིད་དོན་གྱི་རྩོམ་ཞིག་རེད་ལགས། ཀླུ་སྨྱོན་ནི་དོན་དངོས་སུ་ཕྱོགས་རིས་རིང་ལུགས་པ་ཞིག་ཡིན་པ་གསལ་བོ་རེད། རྩོམ་ཡིག་འདིའི་རིགས་དེང་དུས་ཀྱི་དགོས་མཁོ་དང་མཐུན་གི་མི་འདུག་ལ། རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་རྒྱབ་འགལ་རེད། 

  17. སྒྲོལ་མ་འཇིགས་སྒྲོལ says:
    2013-10-13 at 2:19 pm

    མཁས་དབང་ཀླུ་སྨྱོན་ལགས་རྩོམ་རིག་བྱ་དགའ་ད་ལོ་སུ་ལ་ཐོབ་སོང་།

  18. བཀྲ་ཤིས་དོན་འགྲུབ། says:
    2013-10-13 at 3:43 pm

    ཀླུ་སྨྱོན་གྱིས་རྩོམ་གང་འདྲ་ཞིག་བྲིས་ནའང་མཇེ་སྟུ་དང་ཁ་བྲལ་མི་ཐུབ། ཐ་ན་འདྲེ་སྒྲུང་ཡིན་རབས་ཀྱི་རྩོམ་འདི་ཡང་དོན་ལ་མཇེ་སྒྲུང་ཞིག་རེད། ངས་ནི་རྩོམ་འདི་ལ་འདྲེ་སྒྲུང་གི་ངོས་ནས་མིན་་པར་མཇེ་སྒྲུང་གི་ངོས་ནས་གོ་བ་ལེན་དགོས་པར་འདོད། གལ་སྲིད་ང་ལ་སྒྲུང་གཏམ་ཡིན་རབས་ཀྱི་རྩོམ་འདིར་དཔྱད་གཏམ་ཞིག་བྲིས་ཤོག་ལབ་པའི་དབང་དུ་བཏང་ན། ངས་མཇེ་སྒྲུང་གི་ཚད་ཐིག་ཅིག་ནས་དཔྱད་པ་གཏོང་ངེས་ཡིན། སྙིང་རྗེ་་་་་་་་་་་་་་་་་་་་་་་་་་་ཁ་བརྡའི་ཀློག་པ་པོ་ཚོ་མཇེ་སྒྲུང་དང་འདྲེ་སྒྲུང་གི་དབྱེ་བ་འབྱེད་མ་ཐུབ་པར་མགོ་འཐོམས་ཐག་ཆོད་ནས་ལུས་འདུག

  19. ཀརྡོ་གཉེར་ཕྱག་པ། says:
    2013-10-13 at 4:00 pm

    ཆོས་བྷ་རྒྱ་མཚོའི་སྒྲུང་འདི། གསོན་སྒྲུང་ཡིན་དང་། ཤི་སྒྲུང་ཡིན་དང་། མཇེ་སྒྲུང་ཡིན་དང་རྒྱོ་སྒྲུང་ཡིནའང་ཆོག སྙན་པོ་ཚད་མེད་པ་ཅིག་འདུག

  20. སྤོབས་པ་མཐའ་ཡས། says:
    2013-10-14 at 1:17 am

    ང་འོས་འདེམས་བྱེད་མཁན་ཡིན་ན་སྒྲུང་འདི་ལ་སྐར་མ་ཁ་ཤས་གཅོག་ས་རེད། དེ་ནི་བོད་ཡུལ་ན་མིའི་སྤུར་དུར་ཁྲོད་དུ་སྐྱེལ་ཟེར་བ་དེ་དུར་ཁྲོད་དུ་ཁྱེར། སྟོབས་ལྡན་ཟེར་བའི་རོ་ལས་བྱེད་མཁན་གྱིས་བཤའ་གཏུབ་བྱས་ནས་བྱ་རྒོད་ལ་སྟེར་བ་མ་གཏོགས་རོ་དེ་ག་ཙམ་དུ་དུར་ཁྲོད་ལ་གཡུགས་ནས་འཇོག་མཁན་མེད། སྒྲུང་འདིའི་ནང་ན་བུད་མེད་ཚོའི་ཕུང་པོ་དེ་ག་ཙམ་དུ་དུར་ཁྲོད་དུ་འཕེན་འཇོག་པ་ལྟ་བུར་བཤད་པ་དེ་ནི་བོད་མིའི་གོམས་སྲོལ་ལེགས་པར་མཚོན་མ་ནུས་པའི་སྐྱོན་ཞིག་རེད་བསམ། དེ་བཞིན་དུ་མ་ཅིག་ལབ་སྒྲོན་གྱི་གཅོད་མཁའ་འགྲོའི་གད་རྒྱངས་ཟེར་བ་ལྟ་བུ་དེ་ཡང་མི་འགྲིགས། མ་ཅིག་ལབ་སྒྲོན་ལ་གཅོད་མཁའ་འགྲོའི་གད་རྒྱངས་ཟེར་བ་ཞིག་མེད་བསམ་སོང་། སྤྱིར་ན་སྒྲུང་གི་བྱུང་བ་སྤྱི་རྫུན་མ་ཡིན་ན་ཡང་དོན་གནད་རེ་རེ་ནས་འཚོ་བ་དང་ལོ་རྒྱུས་དངོས་མཚོན་ནུས་ཐུབ་ན་སྒྲུང་གི་དོན་གོ་ཆོད་པ་རེད། དེ་མིན་པར་མི་ལ་ཞེད་སྣང་སློང་སྤྱད་ཙམ་རེ་མ་གཏོགས་ཤེས་བྱ་གང་ཡང་རག་གི་མ་རེད།

  21. ཀརྡོ་གཉེར་ཕྱག་པ། says:
    2013-10-14 at 3:48 am

    གསོན་འདྲེ་དང་གཤིན་འདྲེ། ལྷ་གདོན་བཞུགས་པ་དང་རོ་ལངས་སོགས་ལ་ཁྱད་པར་གང་དང་ཡོད་རེད་དམ།

  22. རུ་ཤུལ་བུ says:
    2013-10-14 at 4:17 am

    བཀྲ་ཤིས་དོན་འགྲུབ་ལགས་ཀྱི་“ཀླུ་སྨྱོན་གྱིས་རྩོམ་གང་འདྲ་ཞིག་བྲིས་ནའང་མཇེ་སྟུ་དང་ཁ་བྲལ་མི་ཐུབ། ཐ་ན་འདྲེ་སྒྲུང་ཡིན་རབས་ཀྱི་རྩོམ་འདི་ཡང་དོན་ལ་མཇེ་སྒྲུང་ཞིག་རེད། ངས་ནི་རྩོམ་འདི་ལ་འདྲེ་སྒྲུང་གི་ངོས་ནས་མིན་་པར་མཇེ་སྒྲུང་གི་ངོས་ནས་གོ་བ་ལེན་དགོས་པར་འདོད། གལ་སྲིད་ང་ལ་སྒྲུང་གཏམ་ཡིན་རབས་ཀྱི་རྩོམ་འདིར་དཔྱད་གཏམ་ཞིག་བྲིས་ཤོག་ལབ་པའི་དབང་དུ་བཏང་ན། ངས་མཇེ་སྒྲུང་གི་ཚད་ཐིག་ཅིག་ནས་དཔྱད་པ་གཏོང་ངེས་ཡིན། སྙིང་རྗེ་་་་་་་་་་་་་་་་་་་་་་་་་་་ཁ་བརྡའི་ཀློག་པ་པོ་ཚོ་མཇེ་སྒྲུང་དང་འདྲེ་སྒྲུང་གི་དབྱེ་བ་འབྱེད་མ་ཐུབ་པར་མགོ་འཐོམས་ཐག་ཆོད་ནས་ལུས་འདུག”སྐད་ཆ་འདི་ངོ་བདེན་གི་ཀླུ་སྨྱོན་རྩོམ་ཡིག་ཅིག་ཡིན་ན་སྐེད་མན་ཆད་ཡིན་པའི་ཁྱབ་ཟེར་ན་མི་ཆོག་པ་མེད།

  23. ཀརྡོ་གཉེར་ཕྱག་པ། says:
    2013-10-14 at 12:41 pm

    སྤོབས་མཐས།
    ་་་་་ སྒྲུང་འདིའི་ནང་ན་བུད་མེད་ཚོའི་ཕུང་པོ་དེ་ག་ཙམ་དུ་དུར་ཁྲོད་དུ་འཕེན་འཇོག་པ་ལྟ་བུར་བཤད་པ་དེ་ནི་བོད་མིའི་གོམས་སྲོལ་ལེགས་པར་མཚོན་མ་ནུས་པའི་སྐྱོན་ཞིག་རེད་བསམ། ་་་་་ཟེར་བ་ལ་བདེན་པ་ཅུང་ཟད་སྟེར་དགོས་པ་འདུག་སྙམ་ལགས།

  24. ཀརྡོ་གཉེར་ཕྱག་པ། says:
    2013-10-14 at 12:45 pm

    ཡང་།
    ཀློང་ཆེན་སྙིང་ཐིག་གི་ཐིག་ལེ་ལས། གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཞེས་བྱ་བ་བཞུགས་སོ།། །།ཞེས་པ་ཞིག་འདུག་ཀྱང་། དེ་མ་ཅིག་དང་འབྲེལ་བ་གང་ཡོད་མེད་ནི། ངས་ཀྱང་མི་ཤེས།

  25. འདྲེ་རྐང་ཐོ། says:
    2013-10-14 at 2:45 pm

    ཉེ་སྔོན་ནས་འདྲེ་རྐང་ང་ནི་འདིར་འཛུལ་ཐུབ་ཀྱིན་མི་འདུག་་་ཁྱེད་ཚང་གིས་མྱི་མ་གཏོགས་འདྲེ་ང་ཡོང་མི་འཇུག་དོན་གསལ་བྱེད་གནང་རོགས། དེ་མིན་འདྲེ་ངས་འདིར་ཁྱོད་ཚོའི་སྐྱག་ཁྲིམས་དང་འགལ་བའི་ལས་བྱས་པར་མི་དྲན་གི གལ་ཏེ་ཡོད་འདིར་འགོད་རྐྱང་གནང་དང་ངོས་ལན་བྱས་ཆོག

  26. འདྲེ་རྐང་ཐོ། says:
    2013-10-14 at 2:58 pm

    སྙན་པ་ལ་ཚོད་ཅིག་མི་འདུག་མོད་་་དངོས་ཡོད་གནས་ལུགས་དང་ཅུང་མཐུན་གྱི་མེད་པ་འདྲ། གང་ཡིན་ཟེར་ན་བོད་མདོ་དབུས་ཁམས་གསུམ་ན་མི་རོ་དེ་བྱ་རྒོད་ལ་གཏོར་སྲོལ་ཡོད་ལ་་་ཡང་ན་ས་འོག་ཏུ་སྦས་སྲོལ་་་ཆུ་ལ་གཡུག་སྲོལ་སོགས་ཡོད་པ་ལས་ཁྱི་རོ་བཞིན་གང་འདོད་དུ་གཡུག་སྲོལ་ཡོད་ཚོད་མི་འདུག དེས་ན་ངས་འདྲེ་སྒྲུང་འདི་ནི་རྟོག་སྒྲུང་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (24)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (13)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme