Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨིན་ཊི་ཡན་མི་རིགས་ཀྱི་སྐོར་ཕྲན་ཙམ་གླེང་བ་གཡུ་ཡི་རྣ་རྒྱན།(2)

Posted on 2009-12-072009-12-07 By དབང་ཕྱུག་ 17 Comments on ཨིན་ཊི་ཡན་མི་རིགས་ཀྱི་སྐོར་ཕྲན་ཙམ་གླེང་བ་གཡུ་ཡི་རྣ་རྒྱན།(2)

རི་སྤྱང་ཁེར་འགྲོ

ཁོར་ཡུག་དང་སྲོག་ཆགས་ལ་ལྟ་ལྟངས

ཡང་། ཨིན་ཊི་ཡན་རྣམས་ཀྱིས་གནམ་ནི་འཇིག་རྟེན་སྲུང་བའི་ཕ་དང་ས་གཞི་ནི་ཚེ་སྲོག་སྦྱིན་པའི་ཨ་མར་བརྩིས་ལ། རི་དང་ཆུ་དང་། ལྗོན་ཤིང་དང་ནགས་ཚལ་སོགས་ན་ལྷ་གནས་གནས་བར་འདོད་ཅིང་དེ་རྣམས་ལ་བརྩི་་མཐོང་ཆེན་པོ་བྱེད། རི་སྐྱེས་སྲོག་ཆགས་དང་ཆུ་གནས་སྲོག་ཆགས།འདབ་ཆགས་ཁྲོད་ལ་ལ་ལྷ་ཡི་ཕོ་ཉ་དང་ལ་ལ་ལྷ་ཡི་འཁོར་རུ་བགྲང་། དཔེར་ན་བྱ་གླག་ནི་འདབས་ཆགས་ཀུན་ཀྱི་རྒྱལ་བོ། གཡེལ་བ་མེད་པའི་གནམ་ས་སྲུང་མཁན། མཁའ་དབྱིངས་མཐོན་པོ་ན་འཕུར་བའི་ཡ་མེད་རྒོད་པོ། དཔའ་དང་རྩལ་གྱི་་བདག་ཉིད་ཆེན་པོ། ཉི་མིའི་མིག་ཀོང་ལ་ཐད་ཀར་ལྟ་ཞིང་ཉི་མ་དང་སའི་གོ་ལའི་བར་བརྡ་འཕྲིན་སྐྱེལ་མཁན་གྱི་ལྷའི་ཕོ་ཉ་རུ་བཀུར་ནས་ཨིན་ཊི་ཡན་རྣམས་ཀྱི་ཕུགས་བསམ་མཚོན་བྱེད་དང་རེ་འདུན་བཅོལ་ཡུལ། དཔའ་ངར་སློང་བྱེད། ནད་གེགས་འཇོམས་བྱེད། དགྲའི་གནོད་པ་བཟློག་བྱེད་སོགས་ བྱེད།
བྱ་གླག་རྒོད་པོའི་སྒྲོ་ནི་སྒྲོ་ཀུན་གྱི་མཆོག་དང་བྱ་གླག་གི་རུས་པའི་གླིང་བུ་དང་སྲུང་རྟེན་སོགས་མཆོག་ཏུ་བརྩི། དེང་སང་ཡིན་ཡང་ཨིན་ཊི་ཡན་གྱི་ཁྱིམ་ཚང་ཞིག་ནང་བྱ་གླག་གི་སྤུ་སྒྲོ་ཐང་ལ་འདྲིལ་བ་ཡིན་ན་ཁྱིམ་གང་བོས་ཟས་བཟའ་བའང་རེ་ཞིག་སྐྱུར་ནས་ལམ་སེིང་རྒོད་པོའི་སྒྲོ་དེ་སླར་མཐོ་སར་བཞག་ནས་བརྩི་བཀུར་བྱེད། བྱ་གླག་གི་སྒྲོ་འདི་དཔའ་བོའི་སྐྱེས་སུ་འབུལ་བ་གཅིག་པུ་མ་ཡིན་པར། མི་རྩ་ཆེན་དང་གཞན་ཕན་གྱི་དགེ་ལས་སྒྲུབ་མཁན་བྱས་རྗེས་ཅན་ལའང་སྟེར་སྲོལ་འདུག ད་དུང་གླག་གི་སྒྲོ་ལས་གཞན་འདབ་ཆགས་གཞན་གྱི་སྤུ་སྒྲོ་ཡང་གཙུག་རྒྱན་དང་འཚམས་སྐྱེས་སུ་སྤྱོད་ལུགས་ཡོད་འདུག ཉེ་རབས་ཨ་རི་སྲིད་གཞུང་གིས་སྟོངས་ལ་ཉེ་བའི་བྱ་གླག་སྲུང་སྐྱོབ་ཀྱི་ཁྲིམས་བཅོས་པ་ནས་བཟུང་། ཨིན་ཊི་ཡན་གྱི་ལྷ་ཆོས་ཆོ་གའི་ཆེད་དུ་མ་གཏོགས་གླག་སྒྲོ་བེད་སྤྱོད་གཏོང་མི་ཆོག་ལ། དེ་ཡང་ཆོས་འབྲེལ་གྱི་ཆོ་གའི་ཆེད་གླག་སྒྲོ་ལག་ལེན་བྱེད་མཁན་ཡིན་ན་ཨིན་ཊི་ཡན་གྱི་མི་རྒྱུད་རྣལ་མ་ཡིན་པའི་ལམ་འཁྱེར་སྟོན་དགོས། དེ་མིན་ཨིན་ཊི་ཡན་མ་ཡིན་མཁན་དང་ཆོས་ཀྱི་བྱེད་སྒོ་ཆེད་མ་ཡིན་པར་གླག་སྒྲོ་ཉོ་འཚོང་བྱས་པ་ཡིན་ན་ཁྲིམས་ལ་སྤྱོར་བ་མ་ཟད་ཨ་སྒོར་ཉིས་ཁྲི་ལྔ་སྟོང་གི་ཆད་པ་གཅོད།

འཇིག་རྟེན་ཆགས་ལུགས

ཨིན་ཊི་ཡན་མི་རིགས་ཀྱི་སྲིད་པའི་འཇིག་རྟེན་བྱུང་རབས་ཀྱང་སྣ་ཚོགས་སྟེ། ཨ་རིའི་ལྷོ་ཤར་གྱི་ཡུལ་དུ་འཚོ་སྡོད་བྱེད་པ་རྣམས་ཀྱི་་ལྷ་སྒྲུང་ནང་། འཇིག་རྟེན་སྟེང་ནས་མར་རིམ་པ་གསུམ་དུ་འདོད་དེ་སྟེང་ལྷའི་གནས། བར་ཨིན་ཊི་ཡན་མི་རིགས་དང་རི་དགས་སྲོག་ཆགས་ཀྱི་གནས། འོག་གི་འཇིག་རྟེན་མ་རུང་བ་སྡིགས་ཅན་དང་དབང་བོ་སྐྱོན་ཅན་གྱི་གནས། གདོད་མའི་དུས་སུ་བྱ་ཁྲ་ཆེན་པོ་དང་བྱ་གླག་སོགས་འདབ་ཆགས་རྣམས་འཇིག་རྟེན་བར་མའི་ཡུལ་དུ་མི་དང་ལྷན་དུ་སྡོད་ལ། རི་དགས་དང་རྩི་ཤིང་གིས་ཀྱང་མི་སྐད་སྨྲ་ཞིང་མི་དང་ལྷན་དུ་གླེང་མོད་བྱེད་པ་ཡིན་ཡང་། ཕྱིས་སུ་མི་རྣམས་གཡོ་སྒྱུ་ཅན་དུ་གྱུར་བར་བརྟེན་འདབ་ཆགས་ཆེ་བ་རྣམས་ཕྱིར་འཇིག་རྟེན་སྟེང་མར་དེངས། མིས་རི་དགས་གསོད་པ་དང་དྲག་པོིའི་ལས་བྱས་བར་རི་དགས་རྣམས་མི་དང་རྒྱང་དུ་གྱེས་ནས་གླེང་མོལ་མི་བྱེད་པར་བཞུགས། ད་ལྟ་འཇིག་རྟེན་བར་མའི་ས་སྒང་འདིའི་སྟེང་གནས་པའི་སྲོག་ཆགས་དང་སྐྱེས་དངོས་ཀུན་ཡ་ཐོག་སྲིད་པའི་སྲོག་ཆགས་གཤིས་བཟང་ལྷ་འདྲ་བ་དེ་ཚོའི་རྣམ་པ་མཚོན་བྱེད་ཙམ་ཡིན་པར་སྨྲ། སའི་གོ་ལ་ནི་མུ་མེད་མཐའ་ཡས་རྒྱ་མཚོའི་ཁ་ན་གཡེང་བའི་སྐམ་སའི་གླིང་ཆེན་པོ་ཞིག་དང་།གཡའ་དག་པའི་ནམ་མཁའི་ཕྱོགས་ཆེན་བཞི་ནས་ཐུར་དུ་དཔྱངས་བའི་རྨུ་ཐག་བཞིས་སའི་ཕྱོགས་ཆེན་བཞི་ནས་སྐྱོར་བར་བཤད། སའི་འཇིག་རྟེན་དུས་སྐབས་ནམ་ཞིག་ལ་སུས་གནམ་ནས་མར་དཔྱངས་པ་སུས་ཀྱང་མི་དྲན་ཟེར་ཞིང་། སྐལ་བ་འཇིག་བའི་ཚེ་ཕྱོགས་བཞིའི་རྨུ་ཐག་ཆད་ནས་ཐམས་ཅད་མུན་པ་ཅན་གྱི་ཆུའི་ཀློ་་དུ་བྱིངས་ནས་འཆི་བར་བཤད།
འཇིག་རྟེན་གསུམ་པོའི་ཐད། འགྲོ་བ་མི་མ་བྱུང་སྔོན་སྟེང་དང་འོག་གི་འཇིག་རྟེན་གཉིས་ལས་མེད་ཟེར། སྐབས་ཤིག་འཇིག་རྟེན་སྟེང་མར་གནས་བའི་འདབ་ཆགས་དང་རི་དགས་འབུ་སྲིན་རྣམས་འཚང་ཁ་ཤིག་ཤིག་ཏུ་གྱུར་ནས་གནས་ཡུལ་གཞན་ཞིག་འཚོལ་བར་སྟ་གོན་བྱེད་དུས།འབུ་ནག་གིས་ང་འཇིག་རྟེན་འོག་མ་རྒྱ་མཚོའི་གླིང་་དུ་ཕྱིན་ནས་ཉམས་ཞིག་ཅིག་བྱེད་ནས་ལོག་ཡོང་ལབ་ནས་ཕྱིན། མཚོ་ཞབས་སུ་སླེབས་པ་ན་དེར་འཇིམ་པ་སྙི་མོ་ཡོད་པ་རྙེད། དེ་ཁྱེར་ནས་མཚོ་ཁར་ཡོང་ནས་ས་སྒང་བརྩིགས་པ་ཕྱིས་སུ་འཇིག་རྟེན་བར་མའི་ས་གླིང་ཞེས་གྲགས། ད་དུང་རི་ལུང་ཆགས་སྟངས་ཐད་ཁོང་ཚོའི་སྲིད་པ་ཆགས་པའི་གཏམ་རྒྱུད་ཀྱི་མཇུག་འདི་ལྟར། འདབ་ཆགས་དང་རི་དགས་རྣམས་ཀྱིས་ས་སྒང་འཇིམ་པ་རློན་པའི་སྟེང་གནས་མི་འཆའ་ཞེས་འཁང་ར་བྱས་པར་སྲིད་པའི་ཁྲ་རྒན་མས་གཤོག་ཆེན་ཟུང་འཁྱུག་རྡེབ་བྱེད་བཞིན་འཇིམ་རློན་སྐམ་པར་བྱས། ཁོས་གཤོག་པ་རྡེབ་དུས་སྐབས་སྐབས་སུ་འཕུར་བ་ཧ་ཅང་དམའ་དྲག་ནས་གཤོག་ལྕག་འཇིམ་པར་གཞུས་པ་ལས་ལུང་གཞུང་དང་རི་སྒང་བྱུང་། ཕྱིས་སུ་འདབ་ཆགས་དང་རི་དགས་སྲོག་ཆགས་ཀུན་སའི་སྒང་ལ་གནས་སྤོ་དུས་འཇིག་རྟེན་ནག་ཁུང་ཡིན་པ་ཤེས་ཏེ་འཇིག་རྟེན་སྟེང་མ་ནས་ཉི་མ་མཁའ་རུ་དྲངས་ནས་འོད་སྣང་བྱྱུང་ཟེར།།
ཡང་ཨ་རིའི་ནུབ་བྱང་འབྲོག་སར་གནས་བའི་ཨིན་ཊི་ཡན་ཚོའི་ལྷ་སྒྲུང་ནང་སའི་འཇིག་རྟེན་བྱུང་ལུགས་ཐད་། སྲིད་པ་རྒན་པོ་ཁོང་ཆུ་ངོགས་སུ་ཤིང་གཏུན་ཞིག་སྟེང་སྲོག་ཆགས་བཞི་དང་ལྷན་བསྐྱོད་པའི་སྐབས། བགྲེས་པོས་ཆུ་རྟིང་ན་ཅི་འདུག་རྩད་གཅོད་ཅིག་བྱེད་དགོས་སྙམ་ནས་སྲོག་ཆགས་བཞི་ཆུའི་ནང་ཞིབ་དཔྱོད་བྱེད་དུ་མངགས་པར་གཞན་རྣམས་ཕྱིར་མ་འོང་། ཙི་ཙི་ཆུ་རྐྱལ་གྱིས་ལག་ཏུ་འཇིམ་པ་གང་འཁྱེར་ནས་ཕྱིར་ལོག་པ་སྲིད་པའི་དྲང་སྲོང་གིས་འཇིམ་པ་ཕྱག་ཏུ་བཞེས་ནས་རིལ་རིལ་མཛད། དེ་ནས་རིང་པོ་མ་ཐོགས་པར་འཇིམ་རིལ་དེ་ཕྱེད་སྐམ་པའི་འཇིམ་གླིང་དུ་གྱུར་ནས་སླར་ཆུའི་ནང་དུ་ཟགས་། དེར་ཁོས་རི་སྤྱང་ཞིག་འཇིམ་ངོགས་སུ་གློད་པས་རི་སྤྱང་ཤར་ཤར་ལ་རྒྱུག་ཅིང་ཐོལ་ཐོལ་ལ་བསྡད་པའི་གོམ་འགྲོས་ལས་ལུང་ཤུར་དང་ཐང་གཞུང།རི་སྒང་སོགས་ཐོན། རི་སྤྱང་གི་རྐང་རྗེས་ཀྱི་ཤུལ་བུར་ནང་ཆུ་བརྡོལ་བ་ལས་གཙང་བོ་དང་མཚེའུ་བྱུང་ཟེར།
ད་དུང་། ཨ་རིའི་བྱང་ཤར་ཨིན་ཊི་ཡན་གྱི་ལྷ་སྒྲུང་གཏམ་རྒྱུད་ཁྲོད་ཁོང་རྣམས་ནམ་མཁའ་དང་ས་གཞི་ཟུང་བསྡེབས་པའི་བུ་ཕྲུག་ཡིན་པར་བཤད་ལ། སྲིད་པའི་འཇིག་རྟེན་རུས་སྦལ་གྱི་སྒལ་བའི་སྟེང་ཆགས་པར་སྨྲ། ཁོང་ཚོའི་ལྷ་སྒྲུང་ནང་། ནམ་མཁའི་ལྷ་མོ་གནམ་ནས་རྒྱ་མཚོའི་ནང་དུ་ལྷུང་བ་ངང་བས་གཤོག་པ་བརྐྱངས་ཏེ་ཡར་བཀྱགས། རུས་སྦལ་གྱིས་སྲོག་ཆགས་གཞན་རྣམས་ལ་སྐུལ་སློང་བྱས་ཏེ་མཚོ་ཞབས་སུ་ས་འཇིམ་ལེན་དུ་མངགས། འདབས་ཆགས་དང་སྲོག་ཆགས་གང་མང་གཅིག་རྗེས་གཅིག་གིས་དེད་དེ་ཆུའི་གཏིང་དུ་ཕྱིན་མཐར་ཙི་ཙི་ཆུ་རྐྱལ་གཅིག་པུ་ཤི་མ་གསོན་ངང་ས་སྤར་གང་འཁྱེར་ཡོང་ནས་རུས་སྦལ་གྱི་སྒལ་བའི་སྟེང་བཞག་པ་ཆེར་འཕེལ་ནས་ནམ་མཁའི་ལྷ་མོ་དེའི་སྟེང་དུ་སྐྱོབ་པ་སའི་འཇིག་རྟེན་བྱུང་ཟེར། ཡང་ནུབ་བྱང་གི་ཡུལ་ཞི་བདེ་རྒྱ་མཚོའི་འགྲམ་ངོགས་དང་ཐག་ཉེ་བའི་ཨིན་ཊི་ཡན་གྱི་གཏམ་རྒྱུད་ནང་ཕོ་རོག་གིས་ཁ་ནང་དུ་རྡེའུ་ཞིག་ཟིན་ཏེ་མཚོ་སྟེང་ནས་འཕུར་བཞིན་པའི་སྐབས། ངལ་དུབ་ཀྱིས་མ་བཟོད་པར་ཁ་ནང་གི་རྡེའི་མཚོ་ངོགས་སུ་ལྷུང་བ་ཆེན་པོར་གྱུར་ནས་སའི་འཇིག་རྟེན་གྲུབ་ཟེར། ད་དུང་ཕོ་རོག་གིས་ཉི་ཟླ་སྐར་གསུམ་མཁའ་དབྱིངས་སུ་བཀོད་ཅེས་དང་། རི་སྤྱང་གིས་གནམ་གྱི་སྐལ་ཚིགས་བཞེངས་སོགས་སྲོག་ཆགས་མང་པོ་ཞིག་ཨིན་ཊི་ཡན་གྱི་སྲིད་པ་ཆགས་པའི་གཏང་རྒྱུད་ནང་གོ་གནས་གལ་ཆེན་བཟུང་འདུག

མིང་འདོགས་སྟངས

ཨིན་ཊི་ཡན་རྣམས་རང་བྱུང་ཁོར་ཡུག་གི་པང་ན་འཚོ་སྡོད་བྱེད་པའི་རི་དགས་དང་འདབ་ཆགས། སྐྱེ་དངོས་དང་ལྷུན་གྱིས་གྲུབ་པའི་རང་བྱུང་གི་བཀོད་པ། མིའི་ལྷན་སྐྱེས་ཀྱི་གཤིས་ཀ་དང་དཔའ་པོའི་བྱེད་ལུགས་སོགས་ལ་ཤིན་ཏུ་དགའ་ཞིང་དེ་རྣམས་ལ་གུས་བརྩི་ཆེན་པོ་བྱེད། ཁོང་ཚོའི་ཚོ་བའི་མིང་དང་གདུང་རྒྱུད་ཀྱི་མིང་། གང་ཟག་སྒེར་བའི་མིང་ཡང་ རང་བྱུང་མ་མའི་རབ་ཡངས་ཀྱི་ཀློང་ན་བག་ཡངས་སུ་རྒྱུ་བའི་རི་དགས་དང་ཐོག་རེག་བྲལ་བའི་བར་སྣང་ན་རང་དབང་གིས་འཕུར་བའི་འདབས་ཆགས། ཁོར་ཡུག་མཛེས་མའི་བྲང་ངོགས་ན་ལྷུན་གྲུབ་ཀྱི་རི་སྒང་དང་ཐང་གཞོང་། ས་འཛིན་ཕྱུག་མོའི་པང་རུམ་ན་ལྷུང་ལྷུང་འབབ་པའི་ཆུ་བོ་དང་། ལྷམ་མེར་བཀྲ་བའི་མེ་ཏོག་དང་རྩི་ཤིང་སོགས་ཀྱི་མིང་དང་རྗེས་སུ་མཐུན་པར་སྦྱོར།
ཚོ་བའི་མིང་དུ་སུག་ནག ཟུངས་ཁྲག ཕོ་རོག ཕུག་རོན། མཚོ། གདོང་དམར། བྱ་ཁྲ། ཝ་མོ། རི་བོང་དང་། གདུང་རྒྱུད་ཀྱི་མིང་ལ་རླུང་། དོམ། གཟིག་ནག རི་སྤྱང་། ཞོག་ཁོག ཤ་བ། ཕོ་རོག བྱ་གླག་ལྟ་བུ་དང་།
བུད་མེད་ཀྱི་མིང་ལ་ལོ་མ་སེར་པོ། ལྗོན་པ་ཆེན་པོ། གཏན་དུ་འཛུམ་པའི་མེ་ཏོག མེ་ཏོག་ཐང་གཞོང་། སྲན་མ། གངས་བྱེའུ། ངུ་ངག་མ། སྦྲུལ་གཞོན་ནུ་མ། རུས་སྦལ། མོ་གཙང་མ། སྒེག་མཛེས། གར་མ། ས་འཛིན། དྲི་བཞོན། གཞུ། ངག་ཕྱུག་མ། ཆུ་ཕྲན་ལྷུངལྷུང་། བྱུང་བཟང་མ། ལྕང་མའི་ལྗོན་ཤིང་། ཆུ་ཐིགས། དྲག་ཟིང་མེད། རེག་བྱ། སློ་མའི་སྣོད་ནང་འབྲུ་འཁྱེར་མ། བྱེ་མ་ལེབ། གཞུང་དྲང་མ། གྲུ་ཆར་འཇོ། གསང་བའི་བདག་མོ། ཁ་བའི་འདབ་མ་སོགས་མང་དུ་སྣང་།
སྐྱེས་བ་ཕོའི་མིང་ལ་རི་སྤྱང་ཐལ་མདོག གངས་རི་དཀར་པོ། བྱ་ཁྲ་ནག་པོ། སྟོབས་པོ་ཆེ། རྩལ་ལྡན། གཡུལ་འཁྲུག ཙི་གུ། ནགས་གནས། གཡུལ་དགའ། སྡོད་མི་ཚུགས། དཔའ་རྟུལ། སྐར་ཆེན། ཤེས་རབ་མཆོག སྦྲུལ། སྟོབས་པོ་ཆེ། འབོད་པ་གཏོང་མཁན། ལམ་བཟང་། རྦ་རླབས། འཇིམ་པའི་དེའུ་རི། ཤ་བ་རྔ་དཀར། བྱེའུ་ནག ཤ་བ་གཞོན་ནུ། བྲག་རི། བྱ་གླག སྙིང་སྟོབས་ཆེན་པོ། ཉི་མ། ཀི་འདེབས་མཁན། ཤུག་པའི་ལྗོན་ཤིང་། བསྲེག་ཟ། སྤྲང་བོ། རླུང་ནག་འཁོར་ལོ། གླིང་བུ། ས་གཞི། གནམ། མང་པོ་བསད། ཟླ་དཀར། ནགས་ཚལ། གཡོན་ལག་ཅན། ཉག་ཕྲན། གངས་ཀྱི་སེང་གེ། གནག་ཕྱུགས་བདག་མེད། སྣ་ཀུག་སོགས་དང་།
ཨ་རི་བྱང་ཐང་གི་ཨིན་ཊི་ཡན་འབྲོག་པའི་ཚོ་དཔོན་ཁག་ཅིག་གི་མིང་འདི་ལྟར། རི་གླང་ས་ཙོག ཆུ་སྤྲིན་དམར་པོ། ཅང་ཤེས་སྨྱོན་པ། གྲི་སྟུག གཤོག་དཀར། དོམ་གོག ཁོག་མ་ནག་པོ། མིག་གཅིག གཙོད་དཀར། ཕོ་རོག་དར་མ། སྐྱེས་བུ་ཆེ་ཆུང་ལུང་མ་བསྟན། རྔ་མ་ཁྲ་ཁྲ། ཅང་ཤེས་དཀར་པོ། རི་གླང་གཟུགས་རིང་། དོམ་སེར། རྐང་རྒན།དོམ་སུག་འབྲད་སོགས།།

དུས་ཚིགས་དང་ཟླ་འཁོར་ངོས་འཛིན་བྱེད་སྟངས

ཨིན་ཊི་ཡན་གྱི་དུས་ཚིགས་ངོས་འཛིན་བྱེད་སྟངས་ཀྱང་ཚོ་སྐོར་མི་འདྲ་བ་རྣམས་སྡོད་སའི་ཡུལ་གྱི་ནམ་དུས་དང འཚོ་ཐབས་ཀྱི་ཁྱད་པར་ལས་སྣ་ཚོགས་སུ་སྣང་། ཚོ་སྐོར་ལ་ལས་ལོ་འཁོར་ཧྲིལ་བོ་གཅིག་དུས་ཚིགས་བཞི་འམ་ལྔ་རུ་ཕྱེ་ནས་བརྩིས་ལ། ཁ་ཤས་ཀྱི་ཟླ་བ་གསར་བ་ཚེས་ནས་ཟླ་བ་ཁ་གང་བའི་བར་ཟླ་འཁོར་གཅིག་ཏུ་བརྩིས་ནས་ལོ་གཅིག་ནང་ཟླ་འཁོར་བཅུ་གསུམ་དང་ཟླ་འཁོར་གཅིག་ལ་ཉིན་ཞག་ཉེར་བརྒྱད་དུ་བགྲང་ཀྱིན་ཡོད་འདུག། དེ་ཡང་ཟླ་རེའི་མིང་འདོགས་སྟངས་དང་དུས་ཚིགས་ངོས་འཛིན་བྱེད་སྟངས་ནི་ཞིང་འབྲོག་གི་འཚོ་ལས་དང་། དེར་གནས་ཀྱི་རི་དགས་དང་འདབ་ཆགས། རྩི་ཤིང་དང་གནམ་གཤིས་སོགས་ཀྱི་ཁྱད་ཆོས་དང་མཐུན་པར་སྦྱོར།
སྤྱི་ཟླ་དང་པོའི་མིང་ལ། ཤིན་ཏུ་གྲང་བའི་ཟླ་བ། ལྗོན་ཤིང་གི་ཡལ་འདབ་ཁ་བས་གཞོམ་པའི་ཟླ་བ། ཊི་ཕི་སྦྲ་ནང་ཁ་བ་ལྡང་བའི་ཟླ་བ། འཁྱག་རོམ་གྱི་ཟླ་བ། རླུང་ནག་ལྡང་བའི་ཟླ་བ་སོགས་དང་།
ཟླ་གཉིས་བའི་མིང་དུ། དོམ་སྐྱ་རྔ་ཁྲ་རྒྱུ་བའི་ཟླ་བ། ངང་བའི་ཁྱུ་ཁྱིམ་དུ་ལོག་པའི་ཟླ་བ། གསོམ་ཤིང་གི་རྡུལ་རླུང་གིས་འཁྱེར་བའི་ཟླ་བ། གང་བུ་ཆུང་ཆུང་གི་ཟླ་བ། ཉ་མོ་རྒྱུ་བའི་ཟླ་བ་ཞེས་འབོད།
ཟླ་བ་གསུམ་པའི་མིང་དུ། བདག་མེད་བ་མོས་བེའུ་བཙའ་བའི་ཟླ་བ། སྦལ་ཕྲུག་གསར་སྐྱེས་ཀྱི་ཟླ་བ། ལོ་མ་ཆག་པའི་ཟླ་བ། རྫིང་བུའི་ཆུ་མི་གཡོ་བའི་ཟླ་བ་སོགས་སུ་འབོད།
ཟླ་བ་བཞི་བའི་མིང་དུ། སྔོ་ལྗང་རྩ་ཡི་ཟླ་བ། ངང་བས་སྒོ་ང་གཏོང་བའི་ཟླ་བ། མ་རྨོས་ལོ་ཏོག་གི་ས་བོན་འདེབས་པའི་ཟླ་བ། ལོ་མ་འབུས་པའི་ཟླ་བ། འཁྱག་རོམ་ཞིག་པའི་ཟླ་བ་སོགས་དང་།
ཟླ་བ་ལྔ་བའི་མིང་དུ། རྟེའུ་བཙའ་བའི་ཟླ་བ། བཞོན་རྟ་ཤེད་ཤུགས་རྒྱས་བའི་ཟླ་བ། མ་རྨོས་ལོ་ཏོག་གི་ཞིང་ཁ་བརྔོག་པའི་ཟླ་བ།
ཟླ་བ་དྲུག་པའི་མིང་དུ་། ལུས་ཟུངས་གསོ་བའི་ཟླ་བ། གླང་གོག་གིས་བ་གླང་མོ་རྗེས་འདེད་བྱེད་པའི་ཟླ་བ། ལོ་མ་ལྗང་ནག་གི་ཟླ་བ། ནམ་ཟླ་ཚ་བོ་སླེབས་པའི་ཟླ་བ། མ་རྨོས་ལོ་ཏོག་སྐྲ་རིང་འཇོ་ལོ་ལོ་ཡི་ཟླ།
ཟླ་བདུན་པའི་མིང་ལ། ཤ་ར་ལྷུང་བའི་ཟླ་བ། ཅུང་ཙམ་སྨིན་པའི་ཟླ་བ། མ་རྨོས་ལོ་ཏོག་གི་འབྲས་བུ་ཅུང་ཙམ་ཕྱི་རུ་ཐོན་པའི་ཟླ་བ།
ཟླ་བ་བརྒྱད་པའི་མིང་ལ། ངང་བའི་སྤུ་རྙིང་འདོར་བའི་ཟླ་བ། སྐམ་པོར་གྱུར་བའི་ཟླ་བ། མ་རྨོས་ལོ་ཏོག་གོས་ཆེན་མདངས་ལྡན་ཟླ་བ། ཆེན་པོར་སྨིན་པའི་ཟླ་བ། མེི་ཏོག་སེར་པོའི་ཟླ་བ།
ཟླ་བ་དགུ་བའི་མིང་དུ། རྩི་ཤིང་སྐམ་པར་གྱུར་བའི་ཟླ། རི་དགས་ཤ་བས་ས་འབྲད་པའི་ཟླ་བ། མ་རྨོས་ལོ་ཏོག་ནང་དུ་བསྡུ་བའི་ཟླ་བ།
ཟླ་བ་བཅུ་བའི་མིང་ལ། ལོ་མ་ས་ལ་ཟགས་པའི་ཟླ་བ། རླུང་ཆེན་ལྡང་བའི་ཟླ་བ། གཙང་བོའི་འགྲམ་ངོགས་འཁྱག་པས་བསྡམས་པའི་ཟླ་བ། གྲང་ངར་བཅུ་ལྡན་གྱི་ཟླ་བ།
ཟླ་བ་བཅུ་གཅིག་གི་མིང་ལ། ཆུ་ངོགས་ལོ་མ་ནག་པོས་ཁྱབ་པའི་ཟླ་བ། གཙང་བོ་འཁྱག་པས་ཡོངས་སུ་བསྡམས་པའི་ཟླ་བ། ཐམས་ཅད་ནང་དུ་འདུ་བའི་ཟླ་བ། དོམ་ཕྲུག་བཙའ་བའི་ཟླ་བ།
ཟླ་བ་བཅུ་གཉིས་བའི་མིང་ལ། ཤིང་སྡོང་སྐམ་པོ་ཀྲོང་ངེར་འགྱིང་བའི་ཟླ་བ། སྤྱང་ཁྱུ་ལྷན་དུ་རྒྱུ་བའི་ཟླ་བ། དགུན་ཁ་ཆེན་པོའི་ཟླ་བ། དོམ་ཆེན་རྒྱུ་བའི་ཟླ་བ་སོགས་ཟླ་བ་རེིའི་མིང་འབོད་སྲོལ་མི་འདྲ་བའི་ཁྱད་པར་ལས་ཚོ་སྐོར་རེའི་འཚོ་ལས་གང་ཡིན་པའང་གསལ་བོར་རྟོགས་འོང་།

སྣ་ཚོགས།

Post navigation

Previous Post: ཨིན་ཊི་ཡན་མི་རིགས་ཀྱི་སྐོར་ཕྲན་ཙམ་གླེང་བ་གཡུ་ཡི་རྣ་རྒྱན།(1)
Next Post: ཨ་རིའི་བོད་པར་སྤྲིངས་པ།

Comments (17) on “ཨིན་ཊི་ཡན་མི་རིགས་ཀྱི་སྐོར་ཕྲན་ཙམ་གླེང་བ་གཡུ་ཡི་རྣ་རྒྱན།(2)”

  1. གཅན་བཟོད་རྒྱམ། says:
    2009-12-07 at 2:28 am

    དྲ་གྲོགས་རི་སྤྱང་གིས་ཡང་ཀློག་རིན་ཡོད་པའི་དཔྱད་རྩོམ་རིང་མོ་ཞིག་སྤེལ་འདུག་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ད་དུང་མུ་མཐུད་ནས་འདི་འདྲ་རེ་དུས་ནས་དུས་ལྟར་དྲ་ཐོག་ཏུ་སྤེལ་རོགས་ཞུ།

    གཞན་དྲ་དཔོན་རྡོར་དབང་ལགས། ངས་བསམ་ཚུལ་ཞིག་ལ། ཁ་བརྡ་དྲ་ཐོག་ཏུ་རྩོམ་ཡིག་འགོད་སྐབས། སྡེ་ཚན་དེ་ལ་ངེས་མེད་འདྲ་ཞིག་མཐོང་གིན་འདུག རྒྱུ་མཚན་ནི། གོང་གི་རྩོམ་འདི་ཡང་དཔེ་འཇོག་གཅིག་རེད་པས། རྩོམ་ཡིག་ཚན་པ་དང་པོ་གཉིས་པ་གཉིས་ཀ གཅིག་གསར་འགྱུར་དང་ཡང་གཅིག་དེ་སྣ་ཚོགས་ཀྱི་གྲས་སུ་བཞག་འདུག ངས་བསམས་ན་འདི་གཉིས་ཀ་རྩོམ་ཡིག་གཅིག་ལ་ཚན་པ་གཉིས་སུ་བཀར་འདུག་སྙམ་བྱུང་བས་ཡིན་ན་གཉིས་ཀ་གསར་འགྱུར་དང་ཡང་མིན་ན་གཉིས་ཀ་སྣ་ཚོགས་ཀྱི་གྲས་སུ་འཇོག་དགོས་པར་འདོད། ཡང་གཅིག་བཤད་ན་རི་སྤྱང་ལགས་ཀྱི་རྩོམ་ཡིག་འདི་ནི་དཔྱད་རྩོམ་མམ་ཆེད་རྩོམ་ཀྱི་གྲས་སུ་འཇོག་ན་འོས་ཤིང་འཚམས་པར་སྙམ། དེ་བཞིན་སྔོན་ཆད་བདག་གི་རྩོམ་ཡིག་རེ་ཟུང་ཡང་ལ་ལ་སྙན་ངག་དང་ལ་ལ་སྒྲུང་རྩོམ། ཡང་རེ་ཟུང་གསར་འགྱུར་གྱི་གྲས་སུ་བཞག་འདུག་ན། ངའི་རྩོམ་ཡིག་བཀོད་མཁན་ཁྱོད་མིན་ཡང་རྩོམ་ཀྱི་སྡེ་ཚན་འདི་ཁོངས་སོ་སོར་གསལ་བོར་བཀོད་ན་ཧ་ཅང་བཟང་བར་མཐོང་། འདི་བསམ་ཚུལ་ཙམ་ཡིན་པས་དགོངས་འགལ་མེད་པ་ཞུ།

  2. རྡོར་དབང་། says:
    2009-12-07 at 4:09 am

    གཅན་བཟོད་རྒྱམ་ལགས།

    ཁྱེད་རང་ཅི་མ་བདེན། ངས་གོང་གི་རྩོམ་ཡིག་འདི་དྲ་དེབ་སྟེང་ནང་འཇུག་བྱེད་སྐབས། སྣ་ཚོགས་ཞེས་པའི་ཁོངས་སུ་འཇུག་རྩིས་ཡིན་ནའང་། གཅིག་དེ་འདམས་ཉེས་བྱུང་སྟེ། གསར་འགྱུར་གྱི་ནང་ཕྱིན་འདུག དགོངས་དག་ཞུ། ད་ལྟ་རང་བསྐྱར་ཞུས་ཏེ། གཉིས་ཀ་སྣ་ཚོགས་ཀྱི་སྡེ་ཚན་དུ་བཅོས་ཡོད། རྗེས་མར་ང་ཚོས་རྩོམ་ཡིག་འགོད་སྐབས་གཟབ་ནན་ཞུས་ཆོག དེ་རིང་ཁྱེད་རང་གིས་དྲན་སྐུལ་ཡག་པོ་ཞིག་གནང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  3. མགོན་པོ་ཕྱག་གཉིས་པ། says:
    2009-12-07 at 5:52 pm

    ཡ་ཡ། ད་ཧ་གོ་དེ། རི་སྤྱང་ཁེར་འགྲོ་ཟེར་བའི་མིང་འདི་ཡང་ཨ་རིའི་གདོད་མའི་མིའི་མིང་འདོགས་སྟངས་ཤིག་ཡིན་པ་འདྲ།
    ཨ་རིའི་གདོད་མའི་མིས་འཇིག་རྟེན་ཆགས་ཚུལ་གྱི་བཤད་རྒྱུན་འདི་ཚོཀློག་ན་དངོས་གནས་གཅིག་ལ་གཅིག་བརྟེན་གྱི་འཇིག་རྟེན་འདིའི་གསང་གནས་སྟོན་བྱེད་ཀྱི་སྙན་ངག་ཅིག་གྱེར་བ་དང་འདྲ་ལ་མིའི་རིགས་ཀྱི་ཧམ་སེམས་ཐེར་འདོན་ཐེངས་ཤིག་བྱས་པ་དང་ཡང་འདྲ།
    གནའ་བོའི་བོད་མིའི་མིང་འདོགས་སྟངས་སྟག་གཟིག་སོགས་གཅན་གཟན་དང་། ལྷ་ཀླུ་བཙན་གཉན་གྱི་མིང་ཟུར་ལས་གྲས་པའི་འཇིགས་སྣང་སྟེར་བའི་མིང་དེ་ཚོར་བསྡུར་ན། ཁོ་ཚོའི་མིང་འདོགས་སྟངས་དེ་ཚོའི་ནང་རང་བྱུང་ཁམས་ཀྱི་བརྩེ་བ་ཞིག་འཕྲེད་ཀྱིས་ཉལ་བསྡད་མི་འདུག་གམ།

  4. གཅན་བཟོད་རྒྱམ། says:
    2009-12-07 at 11:54 pm

    དྲ་རྒྱ་དོ་དམ་པས་རེ་སྐུལ་བཞིན་དུས་ལྟར་བཅོས་པར་དགའ།

  5. རིན་ཆེན says:
    2009-12-08 at 8:14 am

    འདི་དཔྱད་རྩོམ་ལས་ལོ་རྒྱུས་ཀྱི་སྡེ་ཚན་ནང་བཞག་ན་འོས། རྩོམ་པ་པོ་ལ་འདྲི་བ་ཞིག་ཡོད། ཁོང་ཚོའི་མི་མིང་ལ་གངས་ཀྱི་སེང་གེ་ཟེར་བ་དངོས་གནས་གདུག་གམ།

  6. མི་རྐང་གླིང་བུ། says:
    2009-12-08 at 3:55 pm

    བྱ་གླག་གི་སྒྲུང་དེ་དག་གིས་ངས་རང་རེ་བོད་ཀྱི་བྱ་རྒྱལ་ཁྱུང་གི་ལྷ་སྒྲུང་དེ་དག་སེམས་ལ་འཁོར་བྱུང་། དུ་བ་ལང་ལིང་དུ་འཕྱུར་སྦྲ་ནག་གི་སྒོར། འབྲོག་རྒན་ཚེ་ལོས། མཛུབ་མོ་རེ་ཀེར་བཞིན། ཁྱུང་ཆེན་ཞིག་ཡ་གི་རྫ་རི་མགོ་ལ་བབ་པས་རྫ་དེ་ཉིལ་སོང་བ། མ་ཀི་དིའུ་དེ་ཁྱུང་གི་གཤོག་པས་བསྡུས་ཡོང་བ། ཐད་ཀི་ཐང་འདི་ཁྱུང་གི་གཤོག་པ་བརྐྱངས་པའི་རྗེས་རེད། ཟེར་བཞིན་མིག་ཟུང་ཕྱེ་མ་ཟུམ་གྱིས་རྒྱང་རིང་དུ་བལྟས་ནས་ཡ་ཐོད་མཛུམ་གྱིས་ཁེངས་འདུག

  7. རི་སྤྱང་ཁེར་འགྲོ says:
    2009-12-08 at 11:47 pm

    གུས་བར་འོས་བའི་རིན་ཆེན་ལགས།
    ཁྱེད་ཀྱིས་མཆན་འདི་ད་ལྟ་རང་མ་གཏོགས་མཐོང་མ་སོང་།
    གངས་ཀྱི་སེང་གེ་ཟེར་བའི་མིང་འདི་ཨ་རི་རྫོན་ནའི་ཧོ་ཕེ་འམ་ན་བ་ཧོ་གང་རུང་ཞིག་གིས་སྤྱོད་མྱོང་མཁན་མིང་ཞིག་ཡིན་པ་དྲན་པ་སོས། སྐབས་དེར་ངས་མཆན་རྒྱག་དུས་མིང་དེ་བོད་སྒྱུར་ཐད་ང་ལའང་དོ་སྣང་བྱུང་། གངས་སེང་ཞེས་བསྒྱུར་ན་བོད་ཀྱི་གངས་སེང་ལ་འཁྲུལ་བར་དོགས་ནས་སྐབས་དེར་ངས་ཀྱང་འདིའི་སྐོར་ལ་བསམ་བློ་བཏང་བ་ཡིན། སྤྱིར་ཨ་རི་རྫོན་ནའི་ཡུལ་ངོ་མ་ནི་དེང་སང་གི་ཨ་རི་རྫོན་ན་མངའ་སྡེ་མ་ཟད་། ནེའོ་མེད་ཀི་སི་ཁོ་ཡོངས་རྫོགས་དང་། ཁ་ལོ་ར་སྒྲོ་མངའ་སྡེ་དང་ཡིག་འཕྲ་་མངའ་སྡེ་གཉིས་ཀྱི་ལྷོ་རྒྱུད། ནི་བ་བརྡ་ཡི་ཤར་ངོས་སོགས་ལ་ཁྱབ་ཀི་ཡོད་ཅིང་། ཡུལ་དེ་དག་གི་ཁྱབ་ཁོངས་ན་བྲག་རི་སྐམ་པོ་དང་མེ་རི་དམར་པོ། རྫ་རི་སྨུག་པོ། གཅོང་རོང་གཟར་མོ། བྱང་ཐང་ཆེན་པོ་དང་ཁ་བའི་གངས་རི་མང་པོ་ཡོད་འདུག་པས། Mountain Lion ཞེས་བའི་མིང་དེ་གངས་ཀྱི་སེང་གེ་ལ་བསྒྱུར་བ་ཡིན་ན།འདི་བོད་ཀྱི་གངས་སེང་ལ་ནོར་དགོས་དོན་མི་འདུག་བསམས། ཧོ་ཕེ་ཚོ་སྐོར་དང་ན་བ་ཧོ་རུ་སྐོར་ཟུང་ཨ་རི་རྫོན་ནའི་བྱང་ཐང་གི་མཐོ་སྒང་ན་གནས་བས་གངས་རིའི་སེང་གེ་ཟེར་ན་མི་སྐྱོན་སྙམ།
    གཞན་ངས་གོང་གི་ཨིན་ཏི་མི་རིགས་སྐོར་ལ་མཆན་རྒྱག་དུས་ཨིན་ཊི་མི་རིགས་ཀྱི་སྐོར་ངོ་སྤྲོད་སྟབས་བདེ་གཙོར་བཟུང་བ་ལས་ཕུད་འདེད་ཕུག་འདེད་དམིགས་སུ་བཟུང་མེད།
    དེ་ཡང་ཀློག་པ་པོ་དཀྱུས་མ་དག་ལ་དམིགས་ནས་མཆན་བརྒྱབ་པ་ཡིན། དོགས་འདྲི་གནང་བ་བཀའ་དྲིན་ཆེ།།

  8. རི་སྤྱང་ཁེར་འགྲོ says:
    2009-12-09 at 12:26 am

    ཨོ རིན་ཆེན་ལགས་ད་དུང་ཞུ་རྒྱུ་ཞིག་ལ་ ངས་ཨིན་ཊི་མི་རིགས་ཀྱི་སྐོར་གླེང་བ་ཞེས་བ་འདི་མཆན་རྒྱག་དུས་ལྟེ་བའི་ལྟེ་བ་ཚིག་དོན་གཉིས་ཀྱི་ཆ་ནས་ཀློག་པ་པོར་སྤྲོ་སྣང་སྟེར་རྒྱུར་དམིགས་ཡོད། འདིས་ཁྱེད་ལ་སྤྲོ་སྣང་ཞིག་སྤྲད་སོང་ངམ། སྤྲད་མ་སོང་ན་དགོངས་དག་ཞུ་བ་ཡིན།
    རྡོར་དབང་ལསག་ཀྱིས་ངའི་རྩོ་མ་ཆག་འདི་སྣ་ཚོགས་ཀྱི་ཁོངས་སུ་བཙུད་པ་ཏག་ཏག་རེད་བསམས་ཀི།

  9. USA says:
    2009-12-09 at 8:14 am

    རི་སྤྱང་ལགས། རྩོམ་འདི་ང་ལ་མཚོན་ན་དཔེ་དགའ་པོ་བྱུང༌། ཞིབ་ཕྲ་ཀློག་པ་ཡིན། མུ་མཐུད་འབྲི་རོགས་གནང༌། འོན་ཀྱང་དྲི་བ་ཞིག་ཡོད། འདི་སྣ་ཚོགས་ཀྱི་ཁོངས་སུ་བཙུད་དགོས་དོན་གང་ཡིན་ནམ། ཁ་བརྡ་ནང་ལོ་རྒྱུས་སྡེ་ཚན་མེད་ན་མ་གཏོགས། ད་དུང་དྲི་བ་ཞིག་ཡོད། འདིར་མཆན་བཏབ་སྐབས་ཞགས་པོ་རེ་རེ་གཉིས་གཉིས་མཐོང་ཡ་མི་འདུག དེ་འདྲར་སོང་། འཕྲོས་དོན་དྲི་བ་དང་དྲི་ལན་བྱེད་ས་མི་འདུག དེ་ག་རེའི་ཁྱད་ཡིན་ནམ།

  10. USA says:
    2009-12-09 at 8:16 am

    འོ་དེ་རིང་ལམ་སང་ཤར་ཡོང་སོང༌།

  11. རི་སྤྱང་ཁེར་འགྲོ says:
    2009-12-09 at 10:36 am

    དྲ་གྲོགས་ USAལགས
    ངས་ལོ་རྒྱུས་ཡིན་ན་ལོ་ཚིགས་ཀྱི་འགྲོས་ལྟར་བྱུང་དོན་རྣམས་བསྟར་མར་སྤེལ་བ་གཙོ་བོ་དང་།དཔྱད་རྩོམ་ཡིན་ན་དགག་སྒྲུབ་ཤུགས་ཆེར་བརྗོད་པ་ལྟ་བུ་ཞིག་ལ་གོ་ཡོད་ལ། ངས་དང་ཐོག་ཨིན་ཊི་ཡན་མི་རིགས་ཀྱི་སྐོར་ལ་མཆན་རྒྱག་དུས་འདི་གཉིས་ཀྱི་དཀྱིལ་དུ་གཏོགས་ཤིང་རྩོམ་ཡིག་གི་རྣམ་ཅན་ཞིག་ཏུ་སྤེལ་བའི་དམིགས་ཡུལ་ཡིན་ན་སྣ་ཚོགས་ཀྱི་ཁོངས་སུ་བཞག་ན་མི་སྐྱོན་སྙམ། བསམ་ཚུལ་འདི་བདག་གི་འཆར་སྣང་ཙམ་ཁོ་ན་ཡིན།།
    གཞན ཕྲན་གྱི་རྩོམ་ཆག་འདི་ཀློག་སྤྲོ་བྱུང་བར་བདག་ཀྱང་སྤྲོ།།
    ཞོར་དུ་དྲ་གྲོ གས་བཟོད་རྒྱམ་དང་མགོན་ཕྱག་རྣམས་ལའང་རབ་ཏུ་འདུད།
    །

  12. ལྷགབསམ་རྒྱ་མཚོ། says:
    2009-12-09 at 11:19 am

    ཨིན་ཊི་ཡན་མི་རིགས་ཀྱིས་རྒྱལ་གཞུང་ལ་ཕུལ་བའི་གཅེས་པའི་ཕ་ས་ཟེར་བ་ཡུལ་གྱལ་བ་ཞིག་ལ་མཚོན་ན་བློ་དབང་མེད་དུ་འགུགས་པ་ཞིག་ཡོད་པ་འདྲ་བོ་དྲན་གྱིས་འདུག གཞན་ཆོས་ལུགས་ཀྱི་ཡོ་བྱད། མདའ་དར། རྨུ་ཐག གཡང་གཞི། གཡང་ཁུག ཚོན་གྲུ། ཤྭ་རྡེའུ། རྟེན་མདུང་སོགས་དང་། སྔགས་ཀྱང་ཨ་དཀར་། མརྡྷུ་མྲི་སོགས་བོན་གྱི་ཆོས་ལུགས་དང་ཤིན་ཏུ་འདྲ་བ་མང་པོ་ཡོད་པས་རང་རེ་ཤ་ཁྲག་དང་འབྲེལ་བ་ཅུང་ཟད་རེ་ཡོད་དམ་སྙམ་པའི་དོགས་པ་བྱུང་བས་ཞིབ་གསལ་གསུང་བའི་ལོང་ན་ཤེས་བྱའི་སྣོན་མར་འགྱུར་བས་དགོངས་འཇགས་ཞུ།

  13. རི་སྤྱང་ཁེར་འགྲོ says:
    2009-12-09 at 11:54 am

    ཨོ་་་ངས་ཀྱང་དང་ཐོག་འུ་ཅག་དང་ཤ་ཁྲག་གམ་རིག་གཞུང་དང་འབྲེལ་བ་ཡོད་པའི་སྐོར་རྩལ་དུ་འདོན་དགོས་བསམ་སོང་མོད། བོད་དང་འདྲ་ས་མང་བའི་ན་བ་ཧོ་དང་ཧོ་པེ་སོགས་ཀྱིས་ཁོང་རྣམས་ཤར་ནས་མཆེད་པའི་བཤད་ཚུལ་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་ལ། བཤད་རྒྱུན་འདི་མི་དཀར་བཙན་འཛུལ་བས་གཡོ་འཕྲུལ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་པས་འདི་ལ་དོ་སྣང་སྤྲད་མེད།
    གཞན་བོན་དང་ཨིན་ཊི་ཡན་གྱི་ཡུལ་ཆོས་སྐོར་ཞིབ་བསྡུརཉམས་ཞིབ་འདི་བརྗོད་གཞི་ཆེན་པོ་ཞིག་ལགས་པས་ཡིནཡིན་ཚང་མས་ཨེ་ལྩོགས་ནང་།།
    བྱུང་ན་ལྷག་རྒྱམ་ལགས་ཀྱིས་གཅེས་བའི་ཕ་ས་ཟེར་བ་འདིའི་དབྱིན་མིང་ཞིག་མི་བཤད་ར། འདི་དེབ་ཞིག་རེད་དམ་སྤྲིངས་ཡིག་ཅིག་རེད།

  14. ཀླུ་སྨྱོན། says:
    2009-12-09 at 1:01 pm

    སྔོན་མར་ནམ་མཁའི་ནོར་བུ་ལགས་ཀྱིས་འདི་ཚོའི་བསང་ཁུང་ཞིག་གི་ཁ་སྟོན་ཕྱོགས་དང་དེའི་ཆོ་ག་སོགས་ལས་འཕྲོས་ཏེ་བོན་ལུགས་ཤིག་དང་ཧ་ཅང་འདྲ་བོ་འདུག་ཅེས་བྲིས་ཡོད་པ་དྲན་གི།

  15. ལྷགབསམ་རྒྱ་མཚོ། says:
    2009-12-09 at 8:51 pm

    གཅེས་བའི་ཕ་ས་ཟེར་བའི་དབྱིན་མིང་བརྗེད་ཚར་ཤག ཨ་རིའི་གཞུང་ལ་ཕུལ་བའི་སྤྲིངས་ཡིག་ཅིག་རེད། གཞན་ཡང་Shawnee.མི་རིགས་ཀྱི་ཚོ་དཔོན་Tecumseh་ལགས་ཀྱིས་བྲིས་གནང་པའི།

    ང་ཚོའི་ནི་རིགས་ནི། སྔོན་ཆད་འཇམ་རླུང་གིས་བསྐུལ་བའི་རྒྱ་མཚོའི་གཉེར་མ་བཞིན།
    ཡང་ན། ནཱ་གིས་ཁེངས་པའི་རྒྱ་མཚོའི་ཉལ་ཁྲི་ལྟར། ས་གཞི་ཡོངས་སུ་གཏམ།

    འོན་ཀྱང་་་་
    དུས་ཀྱི་འགྱུར་བ་ཞིག་གིས། ང་ཚོའི་མི་ནི་ནམ་ཡང་ཕྱི་མིག་མི་གཟིགས་པའི་རྒྱ་མཚོའི་འཕེལ་ཁ་བྲི་བ་བཞིན་་་་་་་རྒྱང་རིང་དུ་དེངས།

    མི་རིགས་ཅིག་འཇིག་པ་དང་། མི་རིགས་གཞན་ཞིག་མུ་མཐུད་དེ་དར།་་་་་་་ཞེས་པ་སོགས་སེམས་འགུལ་ཐེབས་པ་མང་པོ་ཡོད་པ་མཇལ་འདོད་ཡོད་ཀྱང་དུས་ཚོད་བྲེལ་ཟིང་དང་འཛམ་གླིང་ཤར་ནུབ་སྡེ་གཉིས་སུ་གྱེས་པས་གོ་སྐབས་མ་རྙེད།

  16. མགོན་པོ་ཕྱག་གཉིས་པ། says:
    2009-12-10 at 11:51 am

    ལྗང་བུས་བཤད་ན། ཁོ་རྒྱ་མི་ཞིག་དང་ཕྲད་དེ་ཁ་བརྡ་བྱས་པར། རྒྱ་མི་དེ་ཁེ་ན་ཌའི་གདོད་མའི་མི་རིགས་ཀྱི་ས་ཆ་གནམ་ཡོག་ཟེར་བ་ཞིག་ཏུ་ཕྱིན་ཚུལ་བཤད་འདུག གནམ་ཡོག་པ་ཚོས་དད་མོས་བྱེད་ས་གནམ་ཡིན་འདུག་པ་དང་། ཁོ་ཚོའི་སྐད་ནང་བོད་དབུས་པའི་སྐད་ལྟ་བུ་ངོས་འཛིན་བྱེད་ཐུབ་པ་ཁ་ཤས་རེའང་འདུག་ཟེར་ནས་བཤད་འདུག

  17. ལྷགབསམ་རྒྱ་མཚོ། says:
    2009-12-11 at 5:33 am

    ཨིན་ཊི་ཡན་Duwamish ལགས་ཀྱིས་ Chiefseattleཚོ་དཔོན་ལ་ཕུལ་བའི་སྙན་ཚིག
    རྒྱུད་ཚོར་སློབ་སྟོན་འོས་པ་ཞིག་ནི།
    རྐང་འོག་གི་ས་ཆེན་འདི། ང་ཚོའི་མེས་པོའི་རུས་ཐལ་ལས་གྲུབ་པ་རེད་
    ། དེ་བཞིན་ཁོས་ས་ཆེན་འདི་ལ་གུས་པ་བྱེད་འོས།

    ཁྱོད་ཀྱིས་ཁོ་ལ་བཤད་རྒྱུ།
    ང་ཚོའི་རིགས་རུས་གཉེན་ཉེའི་ཚེ་སྲོག་ས་ཆེན་འདིར་ཡོངས་སུ་ཁྱབ་ནས་ཡོད་ཟེར་དགོས།

    ང་ཚོས་བུ་རྒྱུད་ཚོར་སློབ་གསོ་བྱེད་རྒྱུ།
    ས་ཆེན་འདི་ང་ཚོའི་མ་ཡུམ་རེད། ཁྱོད་ཀྱིས་ཡང་བུ་རྒྱུད་ཚོར་དེ་བཞིན་སློབ་གསོ་བྱེད་འོས།

    གལ་ཏེ་ས་གཞི་ལ་བརྙས་བཅོས་བྱས་ན། ས་ཆེན་ཀྱི་བུ་ཡང་ཆག་སྒོ་ལས་ག་ལ་ཐར།
    མི་རྣམས་ཀྱི་ས་གཞིར་མཆིལ་མ་བཏབ་པ་ནི། རང་གི་གདོང་ལ་བསྐྱུགས་པ་དང་འདྲ།

    ང་ཚོའི་ངེས་དགོས་པ་ཞིག་ལ།
    ས་གཞི་མིའི་རིགས་ཀྱིས་མིན་མོད། མི་ནི་ས་གཞིའི་ཁོངས་སུ་གཏོགས།

    ང་ཚོས་ངེས་དགོས་པ་ཞིག་ལ།
    དངོས་པོ་ཐམས་ཅད་གཅིག་ཏུ་འབྲེལ། ཁྲག་རྒྱུན་གྱིས་འབྲེལ་བའི་ང་ཚོའི་རིགས་རུས་ཀྱི་འབྲེལ་བ་བཞིན།

    དངོས་པོ་ཐམས་ཅད་གཅིག་ཏུ་འབྲེལ།
    གལ་ཏེ་ས་གཞི་ལ་བརྙས་བཅོས་བྱས་ན། ས་ཆེན་ཀྱི་བུ་ཡང་ཆག་སྒོ་ལས་ག་ལ་ཐར།

    མིས་ཚེ་སྲོག་གི་དྲྭ་བ་བསྐྲུན་མི་ཐུབ། རྒྱུ་མཚན་ནི་མིའི་རིགས་དྲྭ་སྐུད་ཀྱི་ཆ་ཤས་ཙམ་ཞིག་རེད། མི་རྣམས་ཀྱིས་ཚེ་སྲོག་གི་དྲྭ་བར་ཡག་པོ་གནང་ན། རང་ཉིད་ལ་ཡག་པོ་གནང་པ་དང་འདྲ། མ་གནང་ན་ལྡོག་ཕྱོགས་བཞིན།

    འདི་བཞིན་བྲིས་གནང་ཤག འཕྲལ་བསྒྱུར་ཡིན་པས་ནོར་འཁྲུལ་ཡོད་ངེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (85)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (34)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme