Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གླུ་མ་དབྱངས་ཅན་མ་ལ་བསྟོད་པ་དཔལ་ལྡན་བླ་མའི་བྱིན་རླབས་མྱུར་འཇུག

Posted on 2013-08-30 By ཁ་བརྡ་ 53 Comments on གླུ་མ་དབྱངས་ཅན་མ་ལ་བསྟོད་པ་དཔལ་ལྡན་བླ་མའི་བྱིན་རླབས་མྱུར་འཇུག

ཨེ་མ་ཧོ།

0ན་མོ་གུ་རུ་པདྨ་ཀ་ར་ཡེ།
ཀ་དག་གདོད་མའི་མགོན་པོ་ཀུན་ཏུ་བཟང་།།
ཁ་བའི་ཕན་བདེའི་བྱེད་པོ་སྤྱན་རས་གཟིགས།།
ག་སར་གང་འདུལ་མཛད་པའི་དབྱངས་ཅན་མ།།
ང་ཡི་མཐུན་པའི་གྲོགས་བཟང་རྒྱལ་གྱུར་ཅིག །
ཅ་དག་བོད་ཀྱི་བུ་མོ་མཛེས་མཛངས་མས།།
ཆ་ལུགས་ལེགས་པའི་གནའ་དེང་རྒྱན་བཟང་གསོལ།།
ཇ་རྩམ་བྲོ་བ་ངོམས་པའི་རིགས་བཟང་མ།།
ཉ་གང་ཟླ་བའི་སྲས་མོ་རྒྱལ་གྱུར་ཅིག །
ཏ་ཐྰ་ག་ཏའི་བསྟན་འཛིན་ཡོངས་ཀྱི་རྗེ།།
ཐ་དག་རིག་པའི་རྒྱན་གཅིག་པདྨ་འབྱུང་།།
ད་ལྟའི་མུན་པ་བསལ་བའི་བཤེས་གཉེན་ལ།།
ན་མོ་སད་དབྱངས་འདེབས་པར་རྒྱལ་གྱུར་ཅིག །
པ་ལགས་བཀའ་དྲིན་དྲན་པའི་གངས་ཅན་པ།།
ཕ་མེས་སྲོལ་རྒྱུན་འཛིན་པའི་རྣམ་དཔྱོད་ཅན།།
བཛྲ་གུ་རུ་ཛབ་དབྱངས་མགུར་མཁས་པའི།།
མ་སྨད་བསོད་ནམས་དཔལ་སྒྲོན་རྒྱལ་གྱུར་ཅིག །
ཙྭ་རི་ཀོང་པོར་འཁྲུངས་པའི་ཚེ་རིང་མ།།
ཚྭ་མཆོག་སྨན་བཟང་ཇི་བཞིན་ཀུན་མཐུན་མ།།
ཛ་ཡའི་བསྟན་པ་སྲུང་པའི་ཆོས་སྐྱོང་མ།།
ཝ་ལེར་འཛམ་གླིང་གླུ་མ་རྒྱལ་གྱུར་ཅིག །
ཞྭ་དམར་མཁས་གྲུབ་བརྒྱུད་པར་གསོལ་འདེབས་ཕྱིར།།
ཟ་ཧོར་མཁན་སློབ་ཆོས་རྒྱལ་དད་གུས་ཅན།།
འ་ཅག་དད་དམ་གཅིག་པའི་མཆེད་ལྕམ་མ།།
ཡ་མཚན་ཀུན་མཛངས་དབང་མོ་རྒྱལ་གྱུར་ཅིག །
ར་རུ་བྲེད་མོ་གཏམ་འཆལ་དབེན་པའི་གསུང་།།
ལ་བཞེས་སྙན་པའི་འགྱུར་ཁུག་སྟོང་ལྡན་ཁྲོལ།།
ཤ་ཞེན་དད་གུས་དག་སྣང་འོད་གསལ་མ།།
ས་སྟེང་གོ་ལའི་བདག་མོ་རྒྱལ་གྱུར་ཅིག །
ཨ་དབྱངས་གླུ་བྲོ་མཛའ་བརྩེའི་རྒྱན་དུ་བཞད།།
ཧ་ཅང་དགའ་བའི་རྣལ་འབྱོར་སྒེག་མཛེས་མས།།
དུས་གསུམ་སངས་རྒྱས་མགུར་བའི་དབྱངས་ཅན་མ།།
ལྷུན་གྲུབ་ཀུན་བཟང་ལྷ་མོ་རྒྱལ་གྱུར་ཅིག །
ཨི་ལྡན་དབྱངས་གསལ་རྒྱན་པའི་བསྟོད་པ་འདི།།
ཨུ་རྒྱན་པད་འབྱུང་འབོད་པའི་སྐལ་བཟང་ལ།།
ཨེ་མ་དཔལ་ཡོན་སྙན་པའི་ལེགས་སྐྱེས་འབུལ།།
ཨོ་ཌྰི་ཡ་ནའི་བསྟན་པར་རྒྱས་གྱུར་ཅིག །
རྒྱལ་ཀུན་སྤྱི་གཟུགས་མ་ཧྰ་གུ་རུ་རྗེར།།
ནམ་ཡང་འབྲལ་མེད་ཡང་གསང་བསྟན་པའི་དཔལ།།
ཕྱོགས་དུས་ཀུན་ཁྱབ་ཕན་བདེ་རིན་པོ་ཆེ།།
འཛམ་གླིང་འཛིན་མའི་རྒྱན་ཏུ་རྟག་འཆར་ཤོག །

ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་གྲོ་བཞིན་ཟླ་བའི་ཚེས་པ་བཅོ་ལྔ་ལ་དྲ་ཐོག་ནས་བོད་གངས་ཅན་གྱི་གླུ་མ་དབྱངས་ཅན་མས་རྒྱ་ནག་སྤྱི་མཐུན་རིག་པའི་ཟློས་གར་གར་སྟེགས་ཀྱི་གླུ་གར་འགྲན་རྩོད་ཨང་གཉིས་པ་ཐོབ་པའི་དགའ་ཚོར་དང་།ཁྱད་པར་གླུ་ཚིག་གི་ནང་དོན་ལ། སད་པར་གྱིས། ནམ་མགྱོགས་པོར་ལངས་རན། ལམ་ལ་ཆས། ལམ་ཐག་ད་རུང་རིང་། མཛའ་བརྩེའི་མི། ཁྱོད་སྐྲག་སྣང་མ་བྱེད། མུན་པ་ནི་འོད་ཟེར་འཆར་བའི་སྔ་རོལ་ཙམ། འོད་གསལ་བ་སྟེ། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ།། དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས།། བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ།། བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ།། བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།། སད་པར་གྱིས། སད་པར་གྱིས། སད་པར་གྱིས། ཞེས་བླངས་པ་མཐོང་ཐོས་ཀྱི་མོད་ལ་གང་དྲན་དུ་ཤྲྰི་སྨྱོན་ཨེ་མ་ཧོས་དབྱིན་ཡུལ་ཀུན་བཟང་དགའ་ཚལ་ལམ་ཨེ་ཝྃ་རྫོགས་ཆེན་ཆོས་ཚོགས་ཁང་ནས་དབྱངས་གསལ་རིག་པའི་སྣང་ཆ་རྣམས་རྟེན་འབྲེལ་བརྡ་རུ་ཕུལ་བར་དགེའོ། །

རྩོམ་རིག

Post navigation

Previous Post: མཐོ་སྒང་གི་ངར་སྒྲ་གོ་ལ་ཧྲིལ་པོར་སྤེལ་མཁན་གཡང་སྐྱིད་མ།
Next Post: ལ་ཁའི་ཆིག་ལབ།༼ཚན་པ་བཅོ་ལྔ་བ༽

Comments (53) on “གླུ་མ་དབྱངས་ཅན་མ་ལ་བསྟོད་པ་དཔལ་ལྡན་བླ་མའི་བྱིན་རླབས་མྱུར་འཇུག”

  1. སྤོབས་པ་མཐའ་ཡས། says:
    2013-08-30 at 12:17 am

    བུ་མོ་འདིའི་མིང་ངོ་མ་ལ་དབྱངས་གཅེས་མ་ཡིན་པ་འདྲ། པད་བཀོད་བདུད་འཇོམས་སྤྲུལ་སྐུ་ལ་ཀོང་པོ་ན་བུ་ཞིག་མེད། བུ་མོ་ཞིག་ཡོད་པ་དེ་བདེ་ཆེན་གཡུ་སྒྲོན་རེད། དེའི་དགོན་པ་ནི་བླ་མ་གླིང་ཟེར་བ་སྒོའི་གཡས་གཡོན་ན་ཕོ་མཚན་ཆེན་པོ་འགྲེངས་པའི་འདྲ་གཟུགས་བཟོས་ཡོད་ས་དེ་རེད། ང་དེ་ལ་འགྲོ་ཡང་མྱོང་། གང་ལྟར་དེ་ས་ཆ་སྐྱིད་པོ་ཞིག་ན་ཡོད། མཆན་འབྲི་མཁན་གཅིག་གིས་བདུད་འཇོམས་ཀྱི་བུ་ཆུང་བའི་རྒྱུད་རེད་ཟེར། བདུད་འཇོམས་ལ་བོད་ན་བུ་གཅིག་མ་གཏོགས་མེད་བསམ། དེ་ནི་ས་སྐྱའི་བླ་མ་མདོ་ལ་འཇིགས་མེད་ལགས་རེད། དེང་སང་གི་བདུད་འཇོམས་སྤྲུལ་སྐུ་སྐུ་གཞོན་གཅིག་དེ་ཚང་ལ་འཁྲུངས་པ་རེད། ཁོང་ཡང་ཀོང་པོ་ལ་མི་བཞུགས། སྐུ་ཟླ་སྔོན་མའི་བུ་རྡོ་རྗེ་དཔལ་བཟང་ལགས་ནི་རིག་གསར་སྐབས་ཡས་མས་ཤིག་ལ་བཀྲོངས་པ་རེད། བུ་ཆུང་བ་གཞན་ཕན་ནོར་བུ་ཕྱི་རྒྱལ་ན་ཡོད་པ་རེད། བོད་ནང་ལ་འབྲེལ་བ་ཆེར་མེད་མཁན་ཞིག་རེད། ངས་ངོ་མ་བུ་མོ་འདི་སུ་ཡིན་ཤེས་འདོད་འདུག

  2. ཀརྡོ་གཉེར་ཕྱག་པ་ says:
    2013-08-30 at 2:05 am

    ་་་་ བོད་ནང་ལ་འབྲེལ་བ་ཆེར་མེད་མཁན་ཞིག་རེད། ངས་ངོ་མ་བུ་མོ་འདི་སུ་ཡིན་ཤེས་འདོད་འདུག ་་་་ཟེར།

  3. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-08-30 at 2:23 am

    མོ་དད་ཅན་ཚོས་ག་རེ་ཡིན་ཡང་ལབ་སྲིད་པ་རེད།
    ཕ་ཡུལ་གཅིག་པ་ཡིན་མདོག་གི་ཞེན་ཁོག་ཁས་དགོས་ཡ་མི་འདུག

  4. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-08-30 at 2:24 am

    མོ་དད་ཅན་ཚོས་ག་རེ་ཡིན་ཡང་ལབ་སྲིད་པ་རེད།
    ཕ་ཡུལ་གཅིག་པ་ཡིན་མདོག་གི་ཞེན་ཁོག་ཁས་དགོས་ཡ་མི་འདུ

  5. ཀརྡོ་གཉེར་ཕྱག་པ་ says:
    2013-08-30 at 2:26 am

    ཀ་མད་སུམ་ཅུའི་སྐད་མདངས། །
    ཁ་བའི་ལྗོངས་ཀྱི་བུ་མོས། །
    ག་ས་ག་ལ་བཏང་བ། །
    ང་ཡང་རྣ་བར་གཏད་ཡོད། །

  6. རྫ་ཚེ་རིང་བཀྲ་ཤིས། says:
    2013-08-30 at 3:08 am

    མིང་ངོ་མ་ཚེ་རིང་གཡང་་སྐྱིད་དམ་སྡུས་མིང་གཡང་སྐྱིད་མ་ཟེར་བ་རེད་འདུག
    གཞན་ཞུ་ཡ་ཅང་མེད།

  7. ཨ་ཕྱི་ཆོས་སྒྲོན says:
    2013-08-30 at 3:09 am

    མཁན་ཆེན་བླ་མ་དཔལ་དགྱེས་པས་ཡག་པོ་བྲིས་བཞག ངས་ཀྱང་དྲ་ཐོག་ནས་མཐོང་སོང་། ཡིན་ན་ཡང་གཡང་གཅེས་མའི་ལོ་རྒྱུས་ཞིག་ཤེས་ན་བསམ་སོང་། དྲ་ཐག་འདི་ན་གདའ
    http://www.youtube.com/watch?v=Mp7fCo47nHg&feature=share

  8. དྲན་དཀར་དཔལ་ཡོན་ says:
    2013-08-30 at 4:59 am

    ནོལ

  9. མགོ་ལོག་ཟླ་བྷེ། says:
    2013-08-30 at 7:37 am

    ཀློག་ཟིན།

  10. བློ་ཚེ། says:
    2013-08-30 at 7:55 am

    ཀ་རྩོམ་ཡག་པོ་འདུག་ཐུགས་རྗེ་ཆེ།

  11. གནམ says:
    2013-08-30 at 7:58 am

    ཨ་རོ་ཟླ་བྷེ་ཡ། བུ་མོ་འདི་འདྲ་ཞིག་ཁབ་ཏུ་བཞེས་ན་འདོད་ཀི་ཡོད་ནི་མིན་ནི་ཨ། གྱགས་རྒྱུ་མེད་ས་ཞིག་ནས་ནག་འབུར་ཞིག་བྱེད་དོན་ཡོད་ནི་རེད་མོ། ཨ་ལ། ངོ་མ་བཤད་ན། ཁ་ཤགས་རེ་ཀློད་ཀི་སྡོད་ཡ། སྐུ་འགྲོན་པ་ལྟ་ནི་ཉན་ནི་མེད་རུང་། ཁེར་བཤད་རེ་ཡིན་ན་ཡང་བརྗེད་ཀི་མ་འཇུག་ཡ། ཁྱོད་ལ་ཁ་ཡོད། ནང་ན་དོན་ཡོད་མོ།

  12. དྲན་དཀར་དཔལ་ཡོན་ says:
    2013-08-30 at 8:02 am

    མི་གསོན་པོས་བཀོད་པ་ནས་མཐོང་སོང་། ད་དེ་འདྲ་རེད། བོད་ཀྱི་གནས་བབ་ངོས་ནས་བཤད་ན་ངུ་འབོད་ཀྱི་དུས་རབས་རེད། འདི་འདྲའི་རིགས་ལ་རྒྱ་ནག་གི་དྲང་མོ་མ་བྱས་པ་ནི་ཀྲོང་གོའི་ལྐུགས་རྟགས་རེད་བསམ།

  13. སྤྱང་ཤོག་ says:
    2013-08-30 at 11:41 am

    ༧༽ ཨ་ཕྱི་ཆོས་སྒྲོན་ནས། མཁན་ཆེན་བླ་མ་དཔལ་དགྱེས་པས་ཡག་པོ་བྲིས་བཞག་ཟེར་ནས་སོ་སོར་བསྟོད་པ་མ་བྱེད་མི་གཅིག་ཡིན་པ།

  14. ཀརྡོ་གཉེར་ཕྱག་པ་ says:
    2013-08-30 at 11:53 am

    ལ་བཞེས་སྙན་པའི་འགྱུར་ཁུག་སྟོང་ལྡན་ཁྲོལ།།
    འདི།
    ལ་གཞས་སྙན་པའི་འགྱུར་ཁུག་སྟོང་ལྡན་ཁྲོལ།། ་་་་མིན་ནམ།
    གླུ་མ་དབྱངས་ཅན་མ་འདི། གཞས་མ་གཡང་སྐྱིད་མ་ཡིན་བཟོ་འདུག་གདའ།

  15. འདྲེ་རྐང་ཐོ། says:
    2013-08-30 at 2:20 pm

    ཀ་ཁ་ག་ང་ཤེས་ས་མ་རེད།།
    ཁ་བའི་བུ་མོ་ཡིན་ཚོད་མེད་ཀི།།
    ག་ལ་བལྟས་ཀྱང་བོད་གཤིས་མེད་ཀི།།
    ང་ཡིས་བོད་མོར་ཟེར་ན་མི་འདོད།།

  16. ཨ་ཕྱི་ཆོས་སྒྲོན says:
    2013-08-30 at 3:37 pm

    ཅ་ཅོ་མ་མང་འདྲེ་ཕོ་རྐང་ཐོ། །
    ཆ་ལུགས་ཆོས་ལུགས་ཁྱོད་ཀྱིས་མི་ཤེས། །
    ཇ་ཆང་དུ་བས་བཟི་བ་འདྲ་བོས། །
    ཉ་བ་ཤན་པས་བོད་མོ་མི་ཤེས། །

  17. ཀརྡོ་གཉེར་ཕྱག་པ་ says:
    2013-08-30 at 4:13 pm

    ཀ་ཁ་ག་ང་ཤེས་པའི་མ་ཚད། །
    མཆོག་གསུམ་སྐྱབས་འགྲོ་གླུ་རུ་ལེན་བགྱིད། །
    ཀོང་མོ་མོན་མོ་ཟེར་ནས་མ་སྡོད། །
    བོད་རིགས་ཞིག་གིས་སྐད་གྲགས་བཞག་འདུག །

  18. དྲན་དཀར་དཔལ་ཡོན་ says:
    2013-08-30 at 6:41 pm

    ༡༤༧༽ བན་དེ་བ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༠ གི་ཆུ་ཚོད་ ༩ སྐར་མ་ ༢༦
    ཨ་ཕྱི་འདྲེ་མོ་འདིས་བོན་རྙིང་གཉིས་ཁྲག་ལྟར་དཀྲུགས་དཀྲུགས་བཏང་ཡོད། འོན་ཀྱང་དྲ་གྲོགས་བོན་པོ་དང་རྙིང་མ་བ་ཚོས་ངེས་པར་དུ་སྤྱང་གྲུང་བྱེད་པའི་དུས་ལ་བབ་ཡོད། བོན་པོ་བ་ཚོས་ཨ་ཕྱིའི་སྐྱག་གཏམ་ལ་བརྟེན་ནས་རྙིང་མ་བ་ཚོར་བསྐུར་འདེབས་དང་རྙིང་མ་བ་ཚོས་འདྲེ་མོ་འདི་ཡིས་ཁ་ལ་འཁྲུལ་ནས་བོན་པོར་བསྐུར་འདེབས་བྱེད་རྒྱུའི་མཚམས་འཇོག་དགོས་པའི་རེ་བསྐུལ་ཞུ་གི་ཡོད།

  19. མི་གསོན་པོ says:
    2013-08-30 at 7:31 pm

    སྤོབས་པ་ལགས། བུ་མོ་འདི་གདུང་སྲས་རྡོ་རྗེ་དཔལ་བཟང་གི་བུ་མོ་དབྱངས་ཅན་ཟེར་བ་ལྷ་སའི་གྲོང་ཁྱེར་སྒོ་བསྟེན་སྨན་ཁང་གི་སྨན་པ་ཞིག་ཡོད་རྒྱུ་དེའི་བུ་མོ་རེད་ལགས།

  20. རིན་ཆེན་དར་རྒྱས། says:
    2013-08-30 at 10:30 pm

    མི་གསོན་པོས་ངོ་སྤྲོད་གནང་བར་བཀའ་དྲིན་ཆེ། ངས་ཀྱང་ད་ལྟ་རང་བུ་མོ་དེ་བདུད་འཇོམས་རིན་པོ་ཆེའི་གདུང་བརྒྱུད་ཅིག་ཡིན་པའི་ཁུངས་དེ་ཤེས་སོང་།

  21. སྤོབས་པ་མཐའ་ཡས། says:
    2013-08-31 at 12:01 am

    མི་གསོན་པོབཀའ་མོལ་དྲང་པོ་ཡིན་ན་ཐུགས་རྗེ་ཆེ། ངས་ཀྱང་ཅིག་དྲན་པ་འདྲ་ཞིག་བྱས་སོང་། ལྷ་སར་ཨ་མདོ་ལུང་རྟོགས་ཟེར་བའི་རྒད་པོ་ཞིག་ལ་ཐུག་མྱོང་། ཁོ་ལ་སྨན་ཁང་དུ་ལས་ཀ་བྱེད་མཁན་ཨ་ཅག་ངོ་ཤེས་ཤིག་འདུག དེ་བདུད་འཇོམ་གྱི་ཅིག་ཅིག་མིག་མིག་རེད་ཟེར་བ་ཞིག་ངས་ཀྱང་དྲན་སོང་བས་དེ་རེད་དམ།

  22. ཨ་ནུ་ཐང་བསོད་ནམས says:
    2013-08-31 at 2:24 am

    གལ་སྲིད་རྡོ་རྗེ་དཔལ་བཟང་གི་སྲས་མོ་ཡིན་དུ་བཅུག་ཀྱང་མོའི་ཨ་མ་རྒྱ་ཡིན་ཤས་ཆེ། ཤེས་མཁན་ཡོད་ན་གསུངས་རོགས་གནང་།

  23. ཨ་ནུ་ཐང་བསོད་ནམས says:
    2013-08-31 at 2:33 am

    མྱི་གསོན་པོའི་སྐད་ཆ་བདེན་མིན་ང་ལ་དོགས་པ་ཡོད།

  24. ཨ་ནུ་ཐང་བསོད་ནམས says:
    2013-08-31 at 2:39 am

    སྤོབས་པ་ལགས། རྡོ་དཔལ་རིག་གསར་སྐབས་ཙམ་གྲོངས་བ་བདེན་ན་བུ་མོ་ནི་ཉུང་མཐར་ཡང་ལོ་སོར་ལྔ་ཙམ་ཡིན་དགོས་ཀྱང་། དེ་ལྟར་ཡིན་ས་མ་རེད།

  25. ཨ་ཕྱི་ཆོས་སྒྲོན says:
    2013-08-31 at 4:11 am

    སྤོབས་པ་མཐའ་ཡས་ལེགས། བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཚ་མོ་ཡིན་པར་མོ་རང་གིས་བཤད་ཀི་འདུག གང་འདྲ་ཡིན་གསལ་བཤད་བྱས་མ་སོང་། མིང་ངོ་མ་ཚེ་རིང་དབྱངས་ཅན་ནམ་བསྡུས་མིང་ལ་དབྱངས་ཅན་མ་ཡིན་པར་གསལ་བོ་བཤད་འདུག ད་ལྟ་རྒྱ་ནག་ལ་ཡོད་ས་རེད། སྲས་དང་སྲས་མོ་གཉིས་ཡོད་འདུག

  26. སྤོབས་པ་མཐའ་ཡས། says:
    2013-08-31 at 4:37 am

    དྲང་པོ་བཤད་ན་འདི་ཡིད་མི་ཆེས་པ་འདྲ་པོ་བྱུང་སོང་། མོ་རང་གི་ཕའི་པར་བསྟན་སོང་། བོད་ཆས་འདྲ་གྱོན་མི་འདུག མོ་རང་ལ་ཡང་བོད་ཆས་གྱོན་པའི་པར་འདྲ་བསྟན་མ་སོང་།

  27. ཀརྡོ་གཉེར་ཕྱག་པ་ says:
    2013-08-31 at 4:51 am

    རྒྱབ་སྐྱོར་བ་ཚོས། མོའི་མིང་༼གཡང་སྐྱིད་མ་༽ཞེས་བོད་ཡིག་ཏུ་བྲིས་པ་མཐོང་རྒྱུ་འདུག ཕྲུ་གུ་གཉིས་ཀྱི་ཨ་མ་ཡང་སྲིད་པ་རེད། ལོ་ན་སོ་ལྔར་ཡང་སོན་མི་སྲིད་པ་མི་འདུག་སྙམ།

  28. དགེ་འདུན་རྒྱ་མཚོ། says:
    2013-08-31 at 5:15 am

    གང་ལྟར་ལྷ་སའི་གླུ་མ་ཟླ་སྒྲོན་ཕྱི་ལ་འཁྱམས་པ་ནས་བཟུང་དབུས་ཁུལ་གྱི་གར་སྟེགས་སམ་སྡིགས་ཆ་དེ་སྟོང་བར་གྱུར་སོང་། རྗེས་ཀྱི་གླུ་བ་དང་གླུ་མ་དག་ནི་འདྲ་གཟུགས་ཙམ་རེད། 
    ང་ཨ་མདོ་ནས་སྐྱེས་ཤིང་མཚར་ལོངས་བྱུང་ན་ཡང་གླུ་གཞས་ནི་ཁམས་པའི་འཁྲབ་པ་ཡག་ཞིག་མེད།
    སྐད་ཆ་དྲང་མོར་བཤད་དགོས།
    གཡང་སྐྱིད་མའི་གླུ་གཞས་ལ་ངས་བལྟས་པ་ཡིན། ཚིག་དང་གདངས་ཕལ་ཆེར་རྒྱ་མིའི་རྩོམ་པ་ཤ་སྟག་རེད།
    རྒྱ་ནག་སྤྱི་མཐུན་རིག་པའི་ཟློས་གར་གར་སྟེགས་ཀྱི་གླུ་གར་འགྲན་རྩོད་སྟེང་གི་གླུ་གཞས་ཀྱང་ཡག་པོ་མཐོང་མ་སོང་། གདོན་འདྲེ་འཁྲབ་པ་ལྟར་ཞེད་སྣང་ཚ་བོ་འདུག སྐྲ་ལོ་དག་ནི་རླུང་གིས་བསྐྱོད་ཀྱིང་གཟེངས་ལ་གསིག་པས་འཇིགས་སུ་རུང་བ་ཞིག་རེད། ངོ་མ་ལྟ་མི་བཟོད་པ་ཞིག་འདུག ཚོན་མདོག་ཅན་གྱི་གློག་འོད་སྣ་ཚོགས་འཕྲོས་པའི་བར་ནས་མོའི་འགྱུ་བའི་གར་སྟབས་ནི་གསོན་འདྲེ་མོའི་ཉམས་རང་རེད།
    གཅིག་བྱས་ན་རྒྱ་ནག་ཚོའི་བོད་དང་བོད་ཀྱི་རིག་གཞུང་ལ་མཐོང་ཆུང་བྱས་པ་ཡིན་ཡང་སྲིད། གང་ལྟར་བོད་ཀྱི་སྒྱུ་རྩལ་དང་རིག་གཞུང་གི་ངོ་བོ་མཚོན་པའི་ཁྱད་ཆོས་ཅི་ཡང་མེད། 
    འདི་ནི་ངའི་མཐོང་སྣང་ཙམ་རེད། འགའ་ཤས་ཀྱིས་འདྲེ་མོ་ལྷ་མོར་སྒོམ་ཆོག་གི་རེད་ལ། ཡང་ལྷ་མོ་འདྲེ་མོར་མཐོང་ཡང་སྲིད་པ་རེད།
    འོན་ཀྱང་རིག་པའི་དཔྱད་པ་གནང་རྒྱུ་གལ་ཆེན་པོ་རེད།

  29. ཨ་ནུ་ཐང་བསོད་ནམས says:
    2013-08-31 at 5:40 am

    གང་ལྟར་མོ་རང་གིས་བོད་པ་མིན་མདོག་བྱས་བ་འདིས་མོན་པ་རྣམས་ལ་ང་ཚོ་བོད་རིགས་མིན་ཟེར་བའི་བག་ཆགས་ངན་པ་ཞིག་བཞག་ཅིང་། བོད་པ་མང་པོ་སེམས་ཞིག་གི་སེམས་ཁམས་ལ་རྡུང་འདེགས་བྱས་བ་རེད། མོས་གླུ་དབྱངས་རྩམ་མཁན་ཕལ་ཆེར་བ་རྒྱ་མི་ཡིན་ཚེ། མོ་རྒྱ་དང་འབྲེལ་བ་བཟང་ཞིང་དེས་ནང་ནས་གཡོག་སྒྱུ་ཞིག་ཡོད་དུ་ངེས། གང་ལྟར་མོ་རྒྱ་ནག་གིས་ཆབ་སྲིད་ཆེད་བེད་སྤྱོད་བཏང་ཡུལ་ཞིག་ཏུ་ཆགས་སྲིད་ལ། ད་ནས་བཟུང་འགོ་གཙུགས་པ་འདོད།

  30. མི་གསོན་པོ says:
    2013-08-31 at 6:08 am

    སྤོབས་པ་ལགས་གཙོས་པའི་དྲ་གྲོགས་ཚོ། ངས་བཤད་པའི་སྐད་ཆ་བདེན་པ་ཡིན། གཡང་སྐྱིད་མ་རྡོ་རྗེ་དཔལ་བཟང་གི་བུ་མོ་མ་རེད་མོ་ཡི་ཨ་མ་དབྱངས་ཅན་ཟེར་བའི་སྨན་པ་དེ་རྡོ་རྗེ་དཔལ་བཟང་གི་བུ་མོ་རེད། མོའི་ཨ་མ་སྨན་པ་དབྱངས་ཅན་མ་ལ་བདུད་འཇོམས་ཚང་གིས་རྟག་པར་ཕྱག་འཕྲིན་བསྩལ་གནང་བའི་སྐོར་སྨན་རམས་པ་ཕུན་ཚོགས་ལ་བཤད་རྒྱུ་འདུག ལོ་སྔོན་མ་གཡང་སྐྱིད་མ་འབྲུག་ལ་བདུད་འཇོམས་ཚང་གི་གདུང་རྒྱུད་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཇལ་དུ་སོང་ནས་ཟླ་བ་གཅིག་ཙམ་འབྲུག་ལ་བསྡད་སོང་། ད་དུང་འགྲན་རྩོད་སྐབས་བོད་ཡིག་གཡང་སྐྱིད་མ་ཟེར་བའི་ཡི་གེ་ཞིག་འདུག་རྒྱུ་དེའང་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་བྲིས་པ་རེད་ཟེར།

  31. མི་གསོན་པོ says:
    2013-08-31 at 6:19 am

    མོས་ངོ་སྤྲོད་ཀྱི་འཚམས་སྦྱོར་ནང་དུ་ང་བོད་ལྗོངས་ཉི་ཁྲི་གྲོང་ཁུལ་ནས་ཡོང་བ་ཡིན་ཞེས་བཤད་འདུག སྐབས་འགར་མོས་མོན་པ་ཡིན་ཞེས་བཤད་པ་ཙམ་གྱིས་བོད་པ་མིན་མདོག་བྱེད་པ་ཡིན་ན་ང་ཁམས་པ་ཡིན། ང་ཨ་མདོ་བ་ཡིན་ཟེར་བ་དག་ཀྱང་བོད་པ་མིན་མདོག་བྱེད་པ་ཨི་རེད། ངས་གཡང་སྐྱིད་མ་དཀར་པོ་བཟོ་འདོད་ཀྱིས་བཤད་པ་མིན་ལ་བཟོ་དགོས་ཀྱི་ཡང་རེད། གལ་སྲིད་མོ་དཀར་པོ་བཟོ་དགོས་ན་ངས་བཟོ་ཡང་ཐུབ་ཀྱི་མ་རེད། འོན་ཏེ་བོད་མི་རིགས་ཀྱི་སྒྱུ་རྩལ་བ་དག་གཞན་དབང་སྟབས་བསྟུན་པའི་དགོས་པའི་གནས་ལུགས་འདི་ཤེས་པ་མཛད་ནས་གནས་ཚུལ་ཆུང་ཆུང་རེ་ཁྱེར་འོང་ནས་སྤྱི་ཚོགས་ནང་མིང་ཆད་བཟོས་བསྡད་ན་གྱོང་གུན་རག་ས་དེ་ང་རང་ཚོ་ཡིན་པའང་མཁྱེན་འཚལ།

  32. མི་གསོན་པོ says:
    2013-08-31 at 6:24 am

    ད་དུང་གོང་དུ་གྲོགས་པོ་ཞིག་གིས་གཡང་སྐྱིད་མ་ལ་ཕྲུ་གུ་གཉིས་ཡོད་འདུག་ཟེར་བ་དེ་མོའི་མ་དང་ནོར་་ཡིན་ས་རེད། སྤོབས་མཐའ་སོགས་ཀྱིས་ཤུགས་རྒྱོབ་དང་གཡང་སྐྱིད་མ་ཆང་ས་གཞི་ནས་རྒྱག་རྒྱུ་རེད།

  33. བཙན་བྱོལ་བ་ says:
    2013-08-31 at 10:11 am

    ངོ་མ་ང་ནི་གླུ་གཞས་རྟིང་མའི་འགྲན་རྩོད་ཀྱི་ལྷ་སའི་བསྟོད་གླུ་དེ་ཉན་སྐབས་གཞས་གཏོང་སྟངས་དང་རྣམ་འགྱུར། གཞས་གདངས་བཅས་ཀྱིས་སེམས་ཚོར་ཆེན་པོ་ཞིག་སྟེར་སོང་། བོད་མོ་ཁོང་ལྟ་བུ་ཞིག་རྒྱལ་སྤྱི་སྡིངས་ཆའི་སྟེང་ལ་ཐོན་ཐུབ་པ་ལ་བོད་མི་ཞིག་ཡིན་པའི་ངོས་ན་སྤོབས་པ་ཆེན་པོ་འབྱིན། ཡང་དེ་སྔོན་རྒྱལ་སྤྱི་རྩེད་འགྲན་གྱི་ནང་དུ་བོད་མོ་གཉིས་ཐོན་པ་བཅས་ནི་ལོ་རྒྱུས་ཀྱི་ནང་དུ་འཇོག་རིན་འོས་པའི་གནས་ཚུལ་ཞིག་ཏུ་ངོས་འཛིན་བཞིན་ཡོད།

    གནས་ཚུལ་དེ་རིགས་ཐོན་སྐབས་ལམ་སེང་ཕྱོགས་འཐེན་དང་དགའ་མིན་གྱི་འཆལ་གཏམ་འདྲ་མིན་བྲིས་ན་ལེགས་པོར་མི་མཐོང་།

  34. ཀརྡོ་གཉེར་ཕྱག་པ་ says:
    2013-08-31 at 11:38 am

    ངས་དུས་རྟག་ཏུ། སྟོད་ལ་དྭགས་པ་ནས། སྨད་དར་རྩེ་མདོ་པ་དང་། ཟངས་དཀར་པ། གར་ཞྭག་པ། སྤི་ཏི་པ། ཉེ་ཤངས་པ། ཡོལ་མོ་པ། མུ་ཁུམ་པ། ཤར་པ། རོང་པ། རྟ་མངས་པ། ཀོང་པོ་པ། མོན་པ། འབྲུག་པ། འབྲས་ལྗོངས་པ་ཚང་མ་བོད་པ་ཡིན་ཞེས་ལབ་ན་ངོ་ཚ་བགྱིད་འདུག་ན། ང་ཚོ་ཚང་མ་གངས་ཅན་པ་ཡིན་པ་ལ་གཅིག་པ་རེད། དེའི་སྟེང་དུ་ཨིན་སྐད་ནང་གི་Tibetanཡིན་པ་ལ་ཐེ་ཚོམས་སྤུ་ཙམ་བྱེད་མི་དགོས་པ་ཅིག་རེད། འོནད་ཀྱང་། ཁུ་ནུ་པ་རྣམས་བོད་ཀྱི་ནང་ཆོས་པ་ཡིན་ན་ཡང་། བོད་པའམ། བོད་རིགས་རེད་ཅེས་ཅུང་ཤོད་དཀའ་བ་དང་། དེ་བཞིན་སོག་པོ་ཡང་ཁུ་ནུ་དང་མཚུངས་པར་འདོད་དོ།། །།དེས་ན་གླུ་མ་གཡང་སྐྱིད་མ་ལགས་ཀྱང་། བོད་པའམ་བོད་མི། བོད་རིགས་ཡིན་པ་ལ་རྩོད་མི་དགོས་སོ།། །།

  35. རིན་ཆེན་དར་རྒྱས། says:
    2013-08-31 at 12:57 pm

    གཡང་སྐྱིད་མ་ལ་ཕྲུ་གུ་གཉིས་འདུག་ཟེར་བ་དེ་མོའི་པོད་ཕྲན་དུ་བྱིས་པ་གཉིས་དང་མཉམ་དུ་སྒྲོན་པའི་པར་ཞིག་བཞག་ཡོད་པ་དེས་འཁྲུལ་བ་བསྐྱེད་པ་ཡིན་པ་འདྲ།

  36. ཨ་ཕྱི་ཆོས་སྒྲོན says:
    2013-08-31 at 3:31 pm

    སྤྱང་ཤོག་དང་ཁྱི་ཤོག འབྲི་ཤོག བོན་ཤོག ཚོས་ནམ་རྒྱུན་སྒེར་འཁོན་ཞིག་གཉེར་ནས་འགྲོ་བ་ལས་བོད་རིགས་བུ་མོ་ཞིག་ལ་བཀྲ་རྟེན་འབྲེལ་འཚམས་འདྲི་ཡི་རང་བྱས་ན་མི་འགྲིག་གམ། དགེ་རྒྱམ་ནས་་་འགའ་ཤས་ཀྱིས་འདྲེ་མོ་ལྷ་མོར་སྒོམ་ཆོག་གི་རེད་ལ། ཡང་ལྷ་མོ་འདྲེ་མོར་མཐོང་ཡང་སྲིད་པ་རེད། འོན་ཀྱང་རིག་པའི་དཔྱད་པ་གནང་རྒྱུ་གལ་ཆེན་པོ་རེད།ཟེར། གུ་རུའི་གསོལ་འདེབས་བསམ་ལྷུནདང་ཏྰ་རེའི་དབྱངས་སུ་འགུགས་ན་འདྲེ་མོ་མཐོང་བར་ཡ་མཚན། ཡིན་ན་ཡང་མུ་སྟེགས་པ་སྟོན་པས་སངས་རྒྱས་ལ་ཡང་མཚན་མི་སྡུག་པ་དགུ་རུ་མཐོང་བ་རེད། ཁྱེད་ཚོས་ལུས་ལ་ཆོས་གོས་གྱོན། ལག་ན་མི་སྙིང་རློན་པ་བཟུང་། མགོ་ལ་ལྕག་ཞྭ་གྱོན་ནས་གར་འཁྱམ་པ་ལྷ་སྒོམ་པ་སུ་ཞིག་གི་ལུགས། དགེ་བཤེས་གྲྭ་བ་དུ་མར་དམར་བསད་གཏོང་ནས་ཏྰ་ལའི་བླ་མ་ལོ་སར་ཡིན་ཟེར་བའི་གསོན་འདྲེ་དེ་ཚོས་གུ་རུ་གསོལ་འདེབས་དང་འོད་གསལ་ཆོས་ཀྱི་གླུ་དབྱངས་མཐོང་ན་སྙིང་ན་སྲིད་ཀྱང་སྡུག་གྱོང་རེད།
    ངས་ཞུ་འདོད་པ་དེ་ནི་བུ་མོ་ཚེ་རིང་དབྱངས་ཅན་མས་བསམ་དོན་ལྷུན་གྱིས་འགྲུབ་པར་ཤོག

  37. ཨ་ཕྱི་ཆོས་སྒྲོན says:
    2013-08-31 at 3:32 pm

    བཀྲ་ཤིས་རྟེན་འབྲེལ་གྱི་འཚམས་འདྲི་དང་ཡི་རང་རེ་བྱས་ན་མི་འགྲིག་གམ།

  38. སྤོབས་པ་མཐའ་ཡས། says:
    2013-08-31 at 7:23 pm

    མོན་པ་ཡིན་ནམ་ཡིན། བོད་པ་ཡིན་ནམ་ཡིན། རྒྱ་མི་སྤྱང་པོ་ཁ་ཤས་ཤིག་གིས་འཁྲབ་སྟོན་བྱས་ནས་རྒྱ་མོ་ཞིག་ལ་སྤྲད་པ་མིན་ན་ངའི་ཡིད་ཚིམས་པ་ཡིན། སྤོ་བོ་ཀ་གནམ་དང་བདུད་འཇོམ་ཀྱི་གདུང་རྒྱུད་སོགས་ཡིན་ན་དེ་ལས་ཀྱང་ལེགས་པ་ལས་སྐྱོན་མ་མཆིས་པས་དགའ་གུས་ཡི་རང་ཡོད། བུ་མོ་འདིའི་ལོ་རྒྱུས་གསལ་རྒྱས་ལྟ་བུ་ཞིག་མཁོ་སྤྲོད་བྱེད་མཁན་ཡོད་ན་བཀའ་དྲིན་ཤིན་ཏུ་ཆེ། ང་ཚོས་ཀྱང་སྤྲོ་ཚོགས་ལ་ལྟ་ས་ནས་ཐལ་མོ་རེ་རེ་བརྡབ་པ་ལས་མ་འཇོན་ན་ཡང་བོད་མི་འཇོན་ཐང་ཅན་ཚོར་རྒྱབ་སྐྱོར་བྱེད་ཐུབ་གི་རེད། རང་རེའི་མི་རིན་ཐང་ཅན་ལ་སྲུང་སྐྱོར་དང་རྒྱབ་སྐྱོར་བྱ་དགོས་པ་དེ་ང་ཚོ་ཚང་མའི་འགན་རེད། རྒྱ་ནག་ལྟ་བུའི་མི་རིགས་རིང་ལུགས་ཀྱི་ཞེན་པ་མཚོ་ལྟར་ཟབ་ས། གྲངས་མང་མི་རིགས་ཀྱིས་དབང་བསྒྱུར་རི་ལས་ལྗིད་ས། གྲངས་ཉུང་མི་རིགས་ཀྱི་གྲངས་ཀ་ནམ་མཁའི་སྐར་མ་ལས་མང་ས། འགྲན་བརྡུར་གྱི་ཚོར་སྣང་གློག་ལས་རྐྱེན་ས་འདི་འདྲ་ཞིག་ལས་རྣམ་པར་རྒྱལ་བ་ནི་ང་ཚོ་ཚང་མ་ཡ་མཚན་འོས་པ་དང་དགའ་བ་སྒོམ་པ་ཞིག་རེད། བོད་པ་མིན་ན་ཡང་མིན། ཡུ་གུར་བ་ཞིག་ལ་ཐོབ་ན་ཡང་དགའ་འོས་པ་རེད། མི་ཁུངས་ལོ་རྒྱུས་སོགས་གསལ་པོ་ཞིག་གོ་བའི་ཉིན་ལ་ངས་ཀྱང་བསྟོད་རྩོམ་ཞིག་འབྲི་བསམ་བསྡད་ཡོད།

  39. ཨ་ཕྱི་ཆོས་སྒྲོན says:
    2013-08-31 at 8:40 pm

    དབྱངས་ཅན་མ་རང་ཉིད་ཀྱིས། མཚམས་རེ་ང་རང་གི་པུ་གུ་ལ་གླུ་དབྱངས་ལེན་གྱི་ཡོད་ཅེས་དང་།
    ང་ནི་དབྱངས་ཅན་མ་ཡིན།
    ང་ཡི་ཞེན་རྟེན་ནི་རོལ་རྩེད་ཁྱབ་ཁོངས་ཀྱི་སྐར་ཆེན་མ་ཡིན་ལ།
    ང་ཡི་ཞེན་རྟེན་ནི་ང་རང་གི་ཨ་མ་ལགས་ཡིན།
    ངའི་ཨ་མ་ནི་སྨན་པ་ཞིག་སྟེ། སྲོག་སྐྱོབ་རྨས་གསོ་ཡི་གོང་དཀར་ལྷ་མོ་ཞིག་ཡིན།
    ང་ཡང་ནར་སོན་རྗེས་སྨན་པ་ཞིག་ཏུ་མ་གྱུར་མོད།
    འོན་ཀྱང་ངས་གླུ་དབྱངས་ལ་བརྟེན་ནས་མི་མང་པོ་ཞིག་གི་སེམས་ཁམས་ལ་ཞི་བདེ་དང་། སེམས་ངལ་གསོ་ཐུབ་པའི་རེ་བ་ཡོད། ཅེས་རྒྱ་སྐད་ལས་བཤད་སོང་།

  40. ཀརྡོ་གཉེར་ཕྱག་པ་ says:
    2013-09-01 at 2:00 am

    ་་་ བོད་པ་མིན་ན་ཡང་མིན། ཡུ་གུར་བ་ཞིག་ལ་ཐོབ་ན་ཡང་དགའ་འོས་པ་རེད། ་་་་ཟེར།

  41. ལུང་རྟོགས། says:
    2013-09-01 at 4:04 am

    མོ་གསོན་པོས་སྐད་ཆ་གསོན་པོ་ཞིག་བཤད་སོང་། བཀའ་དྲིན་ཆེ། མི་ཁ་ཤས་ཀྱིས་གཡང་སྐྱིད་མ་ནག་པོ་བཟོ་ཐབས་བྱེད་པ་འདི་ནི། གཞན་གང་ཡང་མ་ཡིན་པར་བུ་མོ་འདུ་བདུད་འཇོམ་ཚང་གི་རྒྱུད་པ་ཡིན་པས་རེད། ཕྱོགས་ཞེན་ཅན་ཚོ་ནི་ནམ་ཡང་འདི་འདྲ་ཡིན་ནི་རེད།

  42. ཀརྡོ་གཉེར་ཕྱག་པ་ says:
    2013-09-01 at 4:20 am

    གླུ་མ་གཡང་སྐྱིད་མ་བོད་མོ་ཡིན་པ་དང། ཀོང་མོ་ཡིན་པ་དང་། ནང་པ་ཡིན་པ་དང་། བོད་ཆོས་རྙིང་མ་པ་ཡིན་པ་སོགས་ར་འཕྲོད་གསལ་པོ་བྱུང་སོང་བས། དྲ་གྲོགས་ཚང་མར་བཀའ་དྲིན་ཆེའོ།། །།

  43. གནམ says:
    2013-09-01 at 5:05 am

    ཀརྡོ་ཡ། མོ་འཁའ་འགྲོ་མ་ཞིག་ཡིན་ནོ་ཁྱོད་ལ་ར་འཕྲོད་མེད་པས། ངས་ཁྱེད་ཀྱི་བློ་ཁ་ཚིམ་སྤྱད་ལ་བརྫུན་བསྒྲུགས་ཟིག་བྱས་བ་ཡིན་ན། ཁྱོད་ལ་རྨྱི་ལམ་ཡག་པོ་ཟིག་རྨྱིས་བའི་རྟེན་འབྲེལ་ཞུ། ཧ་ཧ།

  44. སྤོབས་པ་མཐའ་ཡས། says:
    2013-09-01 at 5:48 am

    མོའི་ཕའི་མིང་ལ་ཅི་ཡིན་ནམ། ཕའི་འདྲ་པར་ཞིག་བསྟན་སོང་། ཕ་དེ་བོད་ཆས་འདྲ་གྱོན་མཁན་ཞིག་རེད་མི་འདུག་ལ་བླ་ཆེན་དཔོན་ཆེན་ཞག་གི་ཉམས་འདྲ་ཡང་མེད་མཁན་ཞིག་རེད་འདུག གཟེངས་རྟགས་དེ་ཧ་ལས་པ་རེད། རྒྱ་མི་གཞན་སྐྱེས་ཚང་མས་རྣ་བ་དཀྲོག་དཀྲོག་བྱས་ནས་ཉན་བསྡད་ཡོད་རེད། ཕལ་ཆེར་འཛམ་བུ་གླིང་གི་རྒྱ་མི་གཙོ་བའི་མི་དུང་ཕྱུར་མང་པོས་བལྟས་བསྡད་ཡོད་རེད། དེ་གྲངས་ཉུང་མི་རིགས་གི་གཞོན་སྐྱེས་ཤིག་ལ་ཐོབ་པ་དེ་ཧ་ལས་པ་འདྲ་བོ་རེད། ཕལ་ཆེར་མི་སྲིད་པ་འདྲ་བོ་རེད། ངས་ངོ་མ་གསལ་པོ་གསལ་རྐྱང་ཞིག་ཤེས་འདོད་འདུག ཁྱེད་རྣམ་པས་ངལ་བ་ལ་མ་འཛེམས་པར་རྩད་གཅོད་ཡག་པོ་བྱེད་རོགས། མོ་ལ་ཞིབ་འཇུག་གྱིས། ངོ་སྤྲོད་སྤེལ། གསལ་བཤད་གྱིས་དང་ང་ཚོའི་སྤོབས་པ་རེད།

  45. ཀརྡོ་གཉེར་ཕྱག་པ་ says:
    2013-09-01 at 6:01 am

    ༤༣༽ གནམ་ནས།
    ཀརྡོ་ཡ། མོ་འཁའ་འགྲོ་མ་ཞིག་ཡིན་ནོ་ཁྱོད་ལ་ར་འཕྲོད་མེད་པས། ་་་་་
    ཞེས་པའི་ལན་དུ།
    ང་ལ་མཁའ་འགྲོ་མ་གཅིག་རིག་མར་ཉར་ནས་ཡོད་པས། ད་གཉིས་པ་ཅིག་མི་དགོས། འོནད་ཀྱང་རྨི་ལམ་བཟང་པོ་དང། རྟེན་འབྲེལ་བཟང་པོ་འདྲ་བསྒུག་ནས་བསྡད་ཡོད།

  46. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-09-01 at 6:56 am

    འགའ་ཤས་ཀྱིས་གཡང་སྐྱིད་མ་བདུད་འཇོམས་ཀྱི་ཚ་མོ་རེད་ཟེར། སྐད་ཆ་དེ་བདེན་པ་ཡིན་ན་བདུད་འཇོམས་ནི་བོད་ཀྱི་ལྷོ་ཁ་དང་རྒྱ་གར་གྱི་ཨ་སམ་དང་འབྲེལ་བའི་ས་མཚམས་ནས་རེད། པདྨ་བཀོལ་པ་ཟེར་བའི་ས་ཆ་དེ་ནས་རེད། མི་རིགས་ནི་ཀློ་བ་ཟེར་བའི་མིའི་རིགས་དེ་རེད། 
    འགའ་ཤས་ཀྱིས་མོ་ལྷ་ཡིན་པར་སྒྲུབ་ཡོང་གེ ་ འགའ་ཤས་ཀྱིས་མོ་གདོན་འདྲེ་ཡིན་པར་སྒྲུབ་ཡོང་གེ ངེད་ནས་བསམ་ན་མོ་རང་མི་མོ་རེད། མོ་རང་མིའི་མོ་ཡིན་པའི་མཚམས་དེ་ནས་བཞག་ན་ཡག་གི་མ་རེད་པས། 

  47. བཀྲ་ཤིས་ཆོས་སྒྲོན། says:
    2013-09-01 at 7:02 am

    ཀློ་པ་ནི་ང་ཚོའི་འདིར་ཡང་ཡོད་རེད། མི་རིགས་དེ་བོད་པ་མ་རེད་ལོ། ཀློ་པ་ཟེར། དེ་ཚོས་ཁྱི་ཤ་དང་འདྲ་མི་འདྲ་ཟ་གི་རེད། 

  48. དྲན་དཀར་དཔལ་ཡོན་ says:
    2013-09-01 at 7:51 am

    སྐུ་མཁྱེན་དེ་ལྟར་དུ་ཤ་ཅེས་མ་འབོད་རོགས། སྐུ་མཁྱེན་དེ་ལྟར་དུ་མ་འབོད་རོགས། ཁོང་ཚོས་ཁྱི་ཤ་བཟའ་མི་ཟ་མི་ཤེས། ཟ་ན་ཡང་གཡག་ཤ་དང་གླང་ཤ་ར་ཤ་ཅེས་ང་ཚོར་འབོད་ན་གང་འདྲ་ཡོང་ས་རེད། སྐུ་མཁྱེན་དངོས་གནས་ཡག་པོ་མ་རེད།

  49. མི་གསོན་པོ says:
    2013-09-01 at 10:26 am

    སྤོབས་པ་ལགས། ཚེ་རིང་གཡང་སྐྱིད་ཀྱི་ངོ་སྤྲོད་ཆ་ཚང་ཞིག་གོང་ནས་ཞུས་ཡོད་དྲན་སོང་། མོའི་ཨ་ཕའི་མིང་ལ་རྟ་ཆུང་ཟེར་ཞིང་ཕ་ཡུལ་ཀོང་པོ་རང་གི་མི་རེད་འདུག ཨ་མ་ནི་གོང་དུ་ཞུས་པ་བཞིན་བདུད་འཇོམས་ཚང་གི་སྲས་ཆུང་བ་རྡོ་རྗེ་དཔལ་བཟང་གི་བུ་མོ་ལྷ་ས་གྲོང་ཁྱེར་སྒོ་བསྟེན་སྨན་ཁང་གི་སྨན་པ་ཞིག་རེད། ཚེ་རིང་གཡང་སྐྱིད་ཀོང་པོ་དང་ལྷ་ས་བཅས་ནས་དམའ་རིམ་དང་འབྲིང་རིམ་སྦྱོང་ནས་མཐོ་རིམ་པེན་ཅིང་སློབ་ཆེན་ནས་སློབ་མཐར་ཕྱིན་པ་རེད། གལ་སྲིད་ཁྱེད་ཀྱིས་མོའི་སྐོར་དངོས་གནས་མཁྱེན་འདོད་ཡོད་ཚེ་མོ་རང་གི་འཕྲིན་ཕྲན་ཁ་བྱང་ཡང་ངས་ཁྱེད་ཀྱི་གློག་འཕྲིན་བརྒྱུད་ནས་བསྐུར་ཆོག གཞན་རྒྱུ་མཚན་མེད་བཞིན་ཀུ་ཅོ་སྒྲོག་མཁན་གྱི་དྲ་འབུ་དག་ལ་ནི་ཞུ་རྒྱུ་ཅི་མེད།

  50. ལུང་རྟོགས། says:
    2013-09-01 at 12:57 pm

    བསམ་གཏན་སྒྲོལ་མ་རྫུན་མ་བཤད་ཨ། བདུད་འཇོམ་ནི་པོ་བོ་ཀ་གནམ་རྒྱལ་པོ་ཞེས་པ་དེའི་རྒྱུད་པ་ཡིན་པ་རྣམ་ཐར་ན་གསལ་ཡོད། ཀ་གནམ་རྒྱལ་པོ་ནི་བོད་པ་ཁྲུས་ན་མ་དག་པ་ཞིག་རེད།

  51. ནུབ་ཕྱོགས་གངས་ཕྲུག་ says:
    2013-09-01 at 2:06 pm

    བཀྲ་ཤིས་སྒྲོལ་མ་ལགས། གློ་པ་་རིགས་འདྲ་མིན་མང་པོ་ཡོད་རེད། བོད་ཡུལ་དུ་གློ་པ། བལ་ཡུལ་ཁུལ་གློ་བ་Mustang ཟེར་བ་ཡོད། རྒྱ་གར་བྱང་ཤར་ཁུལ་དུ་གློ་བའི་མི་རིགས་ཡོད། དེ་ཚོས་ཁྱི་ཤ་ཟ་སྐད། གཞན་ཡང་ཨ་རིའི་གདོད་མའི་མི་རིགས་ལ་གློ་པ་ཡང་ཟེར། དེ་ཚོས་དབྱེ་བ་འབྱེད་དགོས།

  52. ཀརྡོ་གཉེར་ཕྱག་པ་ says:
    2013-09-02 at 12:59 am

    ང་ཚོའི་བོད་ཀྱི་རྙིང་པའི་རྒྱལ་རབས་འགའི་ནང་ལ་ཁ་ཆེའི་ཆོས་ལ། ཀླ་ཀློའི་ཆོས་ཞེེས་གསུངས་ཡོད་རེད། དེ་ད་ལྟ་བརྒྱ་ཕྲག་ཉེ་གཅིག་གི་སྐབས་ལ་ཚིག་དེ་བེད་སྤྱོད་བྱས་ན་མི་རིགས། དེ་བཞིན་འདིར་ཡང་། བོད་དབུས་ཕྱོགས་ནས། མཐའ་མཚམས་བོད་མི་འགའ་ལ་གློ་པ་དང་། མོན་པ་ཞེས་འབོད་ནས་བརྙས་ཚིག་ལྟ་བུར་བེད་སྤྱོད་བྱས་ན་ཡང་། ཤིནད་ཏུ་ནོར་བ་རེད་དོ།། །།གཞོན་སྐྱེས་ཚོ།། །།

  53. ཀརྡོ་གཉེར་ཕྱག་པ་ says:
    2013-09-02 at 1:04 am

    དེང་དུས་བོད་ཀྱི་གཞས་མ་གྲགས་ཅན་གཡང་སྐྱིད་མ་ལགས་ཀྱི་ཡབ་ཀྱི་མཚན་ལ་རྟ་ཆུང་རེད། ཟེར། ཡུམ་ནི་བོད་པའི་སྨན་པ་ཅིག་རེད་ཟེར། ཀོང་པོ་དང་ལྷ་སའི་སློབ་གྲྭར་ཕྱིན་ནས། མཐར་པེ་ཅིང་མཐོ་སློབ་ཏུ་སློབ་མཐོན་ཟིན་པ་རེད་ཟེར་འདུག་གོ། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (32)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (16)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme