གཙང་ཞོལ་བདེ་གསལ།
གནམ་ས་འཕྲུལ་གྱིས་གཤགས་པའི་གྲུ་ཁ་ཡི།།
འཕེལ་རྒྱས་གསར་བའི་བང་རྩལ་མ་རྙེད་པར།།
སྒྱིད་ལུག་གོམ་ཁ་འཁྱོར་བའི་བྱ་སྤྱོད་ལ།།
ཕ་དང་མ་ཡིས་སྡུག་སྨྲེ་གཏིང་ནས་ཤོར།།
རྒྱུག་འདུར་འཚུབ་ཆ་འཁོར་བའི་ནང་རོལ་ན།།
ཟུར་ཟའི་མཆུ་མདུང་རྣོན་པོའི་ཁ་བར་ན།།
སེམས་པ་ཁྱོད་ཀྱིས་འཕྲོག་པའི་སྒང་གཞོངས་ན།།
དུངས་བའི་མནར་གཅོད་བཙན་པོའི་དབང་འོག་ན།།
ཉིན་མོ་ཟང་ཟིང་ཁྲོད་ནས་མགོ་བོ་ན།།
མཚན་མོ་རྨི་ལམ་ནང་ནས་སྔས་གཞི་བརླན།།
ཞལ་རས་གོར་མོ་མཇལ་བའི་བར་གསེང་ན།།
ཚོར་འདུའི་ཟུག་གཟེར་སྟོང་ཕྲག་བཟོད་པར་དཀའ།།
རྒས་པའི་གཉེར་རིས་གདོང་ལ་བསུས་པ་ཡི།།
མི་སྡོད་ལོ་ཟླ་བཞུད་པའི་ལམ་བུ་རུ།།
ཁྱེད་ཀྱི་གཟུགས་བརྙན་ཡིད་ལ་བསྒོམས་བསྒོམས་ཏེ།།
ཁེར་རྐྱང་འཚོ་དགོས་བྱུང་འདིས་སེམས་ཚེགས་གཏད།།
འཕྲིན་གྱི་ཕོ་ཉ་བསྐྱལ་བའི་སྔ་རྗེས་སུ།།
སེམས་ཀྱི་མཁའ་ལ་དྲི་བའི་བྱ་ཚོགས་འཁོར།།
རེ་འདོད་རྟིང་མ་ལོན་པའི་ཆ་རྐྱེན་དུ།།
ངོ་ཚའི་གོས་དཀར་རྒྱབ་ཏུ་གཡུགས་འདོད་སྐྱེས།།
༢༠༡༠ ༠༣ ༡༢ ལ་རྡ་རམ་ས་ལ་ནས་བྲིས།