Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲིལ་ལྕེ། ཚན་པ་གཉིས་པ།༼གྲྭ་སྒྲུང་ཞིག༽

Posted on 2013-08-16 By ཁ་བརྡ་ 4 Comments on དྲིལ་ལྕེ། ཚན་པ་གཉིས་པ།༼གྲྭ་སྒྲུང་ཞིག༽

དྲིལ་ལྕེ།

༼ཀ༽
ཆུ་མ་ཐང་སྡེ་བ་ནི་སྔོ་ལྗང་ལྗང་གི་སྡེ་བ་ཞིག་ཡིན་ཟེར་ཆོག སྡེ་འདིའི་འཚོ་རྟེན་ནི་ཞིང་ལས་གཙོ་བྱས། སྒོ་ཟོག་ཀྱང་ཡོད། དུད་ཁྱིམ་རེ་ལ་གཡག་དང་ལུག འབྲི་དང་འཛོ་མོ་ཁ་ཤས་ཀྱང་ཉར་བ་དང་། མདུན་རི་མཐོ་པོ་དེ་ཤིང་ནགས་ཀྱིས་བཟུང་ཡོད། དེ་བས་དཔྱིད་ཀ་དང་དགུན་ཁ་ལ་སྐྱ་སེང་སེང་གི་ཞིང་ག་དེ་མ་གཏོགས། མདུན་རིའི་གསོམ་དཀར་དང་ཐང་ཤིང་། ཤུག་སྡོང་། སྟག་མ། སྦྱར་མ། སྟར་བུ་སོགས་སྔོ་ལྗང་ལྗང་དང་། ནག་སྟུག་སྟུག་ཡིན། ངེད་ཀྱི་དུད་ཁྱིམ་ནི། སྡེ་བ་འདིའི་ཁྱིམ་ཚང་གཞན་ལྟར་གཞི་སྐོར་རྩིག་གྱང་གིས་གྲུབ་ཅིང་། ནང་གི་ཁང་བའི་བར་གྱང་དང་། དྲ་མ་སྒེའུ་ཁུང་སོགས་ཤིང་གིས་བཟོས་པ་མ་ཟད། ཐབ་ཚང་ཡང་ཤིང་གིས་ཤན་ཡོད། གྲོང་བ་འདིའི་ནང་དུད་ཁྱིམ་བརྒྱ་ལྷག་ཙམ་ཡོད་ལ། ངེད་ཀྱི་ཁྱིམ་ནི་གྲོང་བ་འདིའི་ནང་ཆུང་ཤོས་ཡིན།
གཞན་གྲོང་སྡེ་འདིའི་ཁྱིམ་ཚང་གི་སྒོ་ཚང་མ་གཉིས་འབྱེད་ཡིན་མོད། ངེད་ཀྱི་སྒོ་དེ་ཁེར་འབྱེད་ཅན་ཆུང་ཆུང་ཞིག་ཡིན། ཡིན་ནའང་། གྲོང་སྡེ་འདིའི་ནང་ངེད་ཀྱི་སྒོ་དེ་ལ་ཁྱད་པར་མ་འདྲ་བ་ཞིག་ཡོད་པ་ནི། ཁང་བའི་སྒོ་དེ་མཚོན་དམར་བོ་བསྐུས་༼བྱུགས་༽ཡོད། སྤྱིར་ན། སྡེ་བ་འདིའི་ནང་། དུད་ཁྱིམ་གཅིག་གི་རྒྱ་སྒོ་ལ་མཚོན་རྩི་བྱུག་པའི་སྲོལ་མེད། ངེད་ཀྱི་མཚོན་དམར་བོ་ཅན་གྱི་ཁེར་སྒོ་འདི། ངའི་ཨ་མ་ལ་ཅི་ལྟར་ཐོབ་པར། ང་ལ་སྒྲུང་དང་གཏམ་རྒྱུད་གཅིག་ཀྱང་ངག་ན་མེད། ངས་ཤེས་པ་ནི་ཁྱིམ་ཚང་གཞན་དང་མ་འདྲ་བའི་སྒོ་དམར་བོ་ཞིག་རེད།

ཉིན་གུང་རྒྱབ་ལ་ང་རང་སྐྱེ་སའི་སྡེ་བའི་ནང་ཐོན་སོང་། སྲང་ལམ་དུ་མི་ཁ་ཤས་ལ་འཕྲད་པ་དང་། མི་དེ་དག་གིས་ང་ལ་གུས་ཞབས་ཀྱི་རྣམ་པ་ལྟ་བུས་ཁམས་བདེ་རེ་བྱས། རང་ཉིད་སྔ་མོ། གྲོང་སྡེ་འདིར་བསྡད་སྐབས་ལས་མ་འདྲ་བའི་སྤྱོད་ཚུལ་ཞིག་མངོན་ཡོང་། ང་རང་ཁྱིམ་གྱི་སྒོ་དམར་ཆུང་ཆུང་དེའི་འགྲམ་དུ་ཐོན་དུས། ང་ལ་སེམས་ཚོར་མ་འདྲ་བ་ཞིག་སྐྱེས་འོངས་ལ། ལྷ་པར་དུ་སྒོ་ལྕགས་དེ་མཐོང་དུས། དུངས་སྣང་ཞིག་དང་། བསམས་གཞིགས་མང་བོ་ཞིག་འཚང་ཁ་ཤིག་ཤིག་གིས་ངའི་སེམས་སུ་འཁོར་ཡོང་། དེ་མིན། ངའི་མིག་ལམ་དུ་སྔ་མོ་ངེད་ཚང་གི་སྒོ་དམར་འདི་ལན་གྲངས་ཁྲི་ཕྲག་མང་བོ་ཞིག་ཕྱེས་པའི་རྣམ་པ་དེ་དག་སྐད་ཅིག་ཉིད་ལ་འཆར་ཡོང་། དེ་རིང་ཤིང་སྒོ་ཁེར་འབྱེད་འདིའི་ཐོག་གི་སྒོ་ལ་ཟ་རྒྱག་ཆེད་དང་། སྒོ་འབྱེད་ཆེད་རྒྱབ་པའི་སྒོ་ལྕགས་ནར་ནར་དེ་ལག་པ་འཇུས་པ་ན། ལག་པའི་ནང་ཚོར་སྣང་རྣོ་བོ་ཞིག་དང་ལྷན། དུང་སྣང་ཞིག་སེམས་སུ་ཟུག་སོང་། ཕྱི་འདང་ཞིག་རྒྱབ་ན། དེ་རིང་ལྟ་བུའི་ཞི་འཇམ་དང་དུངས་སེམས་ལྡན་པའི་ངང་སྒོ་ལྩགས་འདི་ལ་ལག་པ་འཆང་སྟེ་སྒོ་ཕྱེས་པ་ཞིག་ངའི་དྲན་ཡུལ་དུ་མི་འདུག

སྒོ་ཐེམ་ལས་གོམ་པ་སྤོས་དུས། ལུས་པོ་ཅུང་མ་གོམས་པའི་སྣང་བ་ཞིག་དང་ལྷན། གོམ་པ་སྤོབས་སྟངས་མ་ཤེས་པ་ལྟ་བུ་བྱུང་། སྔོན་ཆད་ང་རང་ཁྱིམ་འདིར་ཡོང་དུས སྒོ་འདི་ལ་འབུད་རྒྱག་བཏང་བ་དང་ཆབས་ཅིག་ཏུ། སྒོ་ཐེམ་ལས་མཆོངས་ཏེ་ཁྱིམ་དུ་ཐོན་ཚར་ཡོད། དེ་རིང་སྒོ་མདུན་དུ་ཐོན་པ་ན། ལག་པས་སྒོ་ལྕགས་ལ་འཆང་སྟེ་སྒོ་ཕྱེས་པ་དང་། སྒོ་ཐེམ་ལས་གོམ་པའི་གདེག་འཇོག་བསྒྱུར་ཏེ་ནང་དུ་ཡོང་བའི་རྣམ་པ་འདིས། ང་རང་རྦད་དེ་འགྱུར་ཡོད་པ་ཚོར་སོང་།
ཁྱིམ་དུ་ཐོན་མ་ཐག ངའི་ཨ་མའི་ལག་ཏུ་ཕྱགས་མ་ཞིག་བཟུང་སྟེ། མིག་གིས་སྒོ་ཕྱེས་ཏེ་ནང་དུ་ཡོང་བཞིན་པའི་གྲྭ་བཙུན་མགོ་རིལ་ངའི་ཕྱོགས་སུ་ཅེར་འདུག ང་རང་ཡང་ཨ་མ་མཐོང་བ་ན། གོམ་པས་གདེག་འཇོག་བཞག་ཏེ། ཡུད་ཙམ་ལུས། འདི་ནི་ང་རང་ཨ་མ་དང་ཁ་བྲལ་ནས་རྒྱུན་རིང་ཤོས་ཡིན་ལ། ངའི་མི་ཚེ་ནང་ངས་རང་གི་ཨ་མའི་སྐུ་གཟུགས་ལ་ཅེར་སྟེ་ཞིབ་ལྟ་དང་། ཡུད་རིང་ལ་བལྟས་བསྡད་པ་ཐོག་མ་རེད། ངེད་གཉིས་ཀྱིས་གཅིག་གིས་གཅིག་ལ་བལྟས་ཏེ་ཡུད་ཙམ་ཕྱིན་སོང་། དེ་ནས་མོས་ཕྱགས་མ་མར་གཡུག་སྟེ་ངའི་མདུན་དུ་ཕེབས་པ་དང་། ངའི་གདོང་ལ་ཞིབ་གཟིགས་ཀྱིས་ངའི་ལག་གི་ཁུག་མ་བླངས་སོང་།

གཟན་ཤམ་གྱིས་བཏུམ་པའི་ངའི་ལུས་པོ་འདི། ཁྱིམ་འདིར་ཡོང་བ་ཐོག་མ་ཡིན་སྟབས། རང་ཉིད་མི་གཞན་ཞིག་གི་སྣང་བ་བྱིན་མོད། རང་ཉིད་ལ་རྒྱུས་ཆེ་ཞིང་ཡུན་རིང་འགྲོགས་འདྲིས་ཟབ་པའི་ཨ་མའི་སྣང་བརྙན་འདི་མཐོང་བ་ན། སེམས་ལ་དགའ་སྐྱོ་འདྲེས་མ་ཞིག་དང་ལྷན། མིག་སྐོང་དུ་མཆི་མ་འཁོར་དེ་ཨ་མའི་སྣང་བརྙན་དེ་རབ་རིབ་ཏུ་གྱུར། ཨ་མ་ཡང་འཚུང་སྣང་ལྟ་བུ་ཞིག་གིས་འདི་ལྟར་གསུངས་སོང་། ཁ་སྔོན་ནས་ཁྱེད་རང་ཁྱིམ་དུ་ལྟ་སྐོར་ལ་ཡོང་བ་གོ་ཐོས་བྱུང་ཡོད། དེ་རིང་ཐོན་ཡོང་བ་ཡིད་དུ་འཁོར་མེད། ཡིན་ནའང་། ངས་གྲ་སྒྲིག་བྱེད་བཞིན་ཡོད། ངས་མགྱོགས་པོར་ཇ་ཞིག་བཟོ་ཡོང་ཟེར། ངས་ལྷས་ནས་ཕྱགས་མ་ཡར་ལངས་ཏེ་གཙང་མ་བཟོ་སྐབས། ཨ་མ་རྒྱུགས་ཡོང་ནས་ངའི་ལག་གི་ཕྱགས་མ་བླངས་པ་དང་། གཙང་མ་བཟོ་མི་དགོས། ཁྱམས་རར་ངལ་གསོ་བྱས་ཟེར།
སྐད་ཆ་འདིས་ང་རང་གཏན་དུ་བདེ་བོ་ཞིག་མ་སྤྲད་པ་དང་། ང་རང་མགྲོན་པོ་ཞིག་ཡིན་པའི་སྣང་བ་ཡང་བྱིན། ཨ་མས་ཇ་སྐོལ་ཚར་རྗེས། ངའི་མདུན་དུ་པུས་མོ་ས་ལ་བཞག་ཏེ་ཙོག་པར་བསྡད་པ་དང་། ང་ལ་ཇ་ཞིག་ལྡུག་ཞོར་༼བླུག་ཞོར༽ཁ་བརྡ་ཡི་འགོ་བརྩམས་སོང་། ང་རང་གྲྭ་བ་བཟོས་ནས་བཟུང་། ཁྱིམ་འདི་ལ་འགྱུར་བ་ཆེན་པོ་མ་བྱུང་། ནམ་རྒྱུན་མོའི་སྤུན་མཆེད་དག་གིས་ལྟ་རྟོག་དང་རོགས་རམ་བྱས་ཚུལ། ང་རང་སྟོན་པའི་རྗེས་འཇུག་གྲྭ་བཙུན་ཞིག་ཆགས་པར་དགའ་བ་སྒོམ་ཡོད་པ་སོགས། གོ་རིམ་ཡོད་ལ། ཞིབ་ཚགས་པའི་ཁ་བརྡ་བྱས་སོང་། ངས་ཁ་བརྡ་དེ་ལ་ཉན་སྐབས། ངའི་སེམས་སུ་འཁོར་བ་ནི། རང་ལོ་བཅུ་དྲུག་བར་ལ་ཁྱིམ་འདིར་འཚར་ལོངས་བྱུང་ཞིང་། ཨ་མ་དང་ལྷན་དུ་འགྲོགས་འདྲིས་གྱུར་བ་ཡིན་མོད། ཨ་མས་ང་ལ་དེ་རིང་ལྟ་བའི་བརྩི་འཇོག་དང་ཁ་བརྡ་ལྷུག་པོར་གནང་བ། ཐ་ན་གད་ཕྱགས་ཙམ་ཡང་བྱེད་མི་འཇུག་པ་གནང་མྱོངས་མེད།

མོའི་ཁ་བརྡ་ཉན་བཞིན་ཉན་བཞིན། ངའི་ཡིད་ལ་འཁོར་བ་ནི་འདས་སོང་གི་ལོ་ཟླ་ཁྲོད། ངེད་གཉིས་ཀྱི་འཚོ་བ་དང་། གནས་སྟངས་སོགས་རེད། ངོ་མ། དེ་རིང་གི་ང་ནི། སྔོན་ཆད་ཀྱི་ང་ཡིན་ལ། དེ་རིང་གི་སེམས་ཀྱང་སྔོན་ཆད་ཀྱི་ངའི་སེམས་ཡིན། ངའི་ལུས་སྟེང་དུ་མ་འདྲ་བ་ཞིག་ཡོད་པ་ནི། མགོ་ཡི་སྐྲ་མེད་ལ། ལུས་སུ་གཟན་ཤམ་གཡོགས་པ། རྐང་དུ་རྒྱ་ལྷམ་གྱོམ་པ་འདི་རེད། ཡིན་ནའང་། དེ་རིང་མོས་ང་ལ་ལོ་ངོ་བཅུ་དྲུག་ཙམ་ལ་བརྩི་འཇོག་དང་ཉན་འཇོག་གནང་མ་མྱོངས་པ་ཞིག་སྤྲོད་དགོས་དོན་ཅི་ཡིན་ནམ། མོས་རང་གི་བུ་ལ་བཀུར་བ་ཡིན་ནམ། མོས་ངའི་ལུས་ཀྱི་གོས་དམར་སྨུག་འདི་བཀུར་བ་ཡིན་ནམ། མོས་དེ་རིང་རང་གི་བུ་མཐོང་བ་ཡིན་ནམ། མོས་དེ་རིང་སྟོན་པའི་རྗེས་འཇུག་གི་གྲྭ་བཙུན་མགོ་རིལ་ཞིག་མཐོང་བ་ཡིན་ནམ། མོའི་ལུས་ཀྱི་རྣམ་འགྱུར་དང་། བྱ་སྤྱོད། ཁ་བརྡ་བྱེད་སྟངས། ང་ལ་བརྩི་འཇོག་གནང་སྟངས་འདི་ནི། མི་ལོ་བཅུ་དྲུག་རིང་མཉམ་དུ་འཚར་ལོངས་བྱུང་བའི་སྐབས་དེའི་ང་རང་གཏན་ནས་མིན། དོན་དངོས་འདི་དག སྐབས་དེ་ལ། ངས་ཞིབ་ཚགས་ཤིག་མ་རྟོགས་པ་དང་། བསམས་བློ་གནད་མ་ཞིག་འཁོར་མ་ཐུབ། གལ་སྲིད། འདི་ལ་བསམས་ཞིབ་གཏིང་ཟབ་ཅིག་བཏང་བ་ཡིན་ན། གནས་སྟངས་ཆུང་ཆུང་འདིས། ཡུལ་ཕྱོགས་འདིའི་བསམས་བློའི་ཁྱེར་ཕྱོགས་ཤིག་དང་། གོམས་གཤིས་ཤིག བག་ཆགས་ཤིག རྨོངས་དད་ཅིག འཁྲུལ་སྣང་ཞིག སློབ་གསོ་ཅིག་བརྗོད་བཞིན་པ་དང་། གསལ་སྟོན་བྱེད་བཞིན་འདུག ངས་མཐོང་བའི་ཨ་མ་ནི་སྔར་བཞིན་སྐུ་གཟུགས་ཆ་བྱད་སོགས་གཅིག་པ་གཅིག་རྐྱང་རེད་ལ། ཨ་མས་མཐོང་བའི་ང་ནི་སྔར་གྱི་མོའི་བུ་དེ་མ་རེད། གལ་སྲིད་ང་རང་སྔར་གྱི་བུ་བཞིན་མཐོང་ཡོད་ཚེ། མོས་ང་ལ་བརྩི་འཇོག་དང་གུས་ཞབས། འདི་ལྟ་བུའི་ཁ་བརྡ་ལྷུག་པོ་གནང་མི་སྲིད།

༼ཁ༽
ཞོགས་པའི་ཉི་རྩེ་མདུན་གྱི་རི་བོ་སྒང་རྒྱབ་ཏེ་གང་མཚམས་ཕྱིན་འདུག དུད་ཁྱིམ་ཆུང་ཆུང་འདིར་དུ་སྨུག་གི་ཞགས་པ་ཞིག་འཁོར། ཐབ་ཚང་ནང་། དམར་ལེབ་ལེབ་ངང་མེ་ལྕེ་མཆེད་བཞིན་འདུག མེ་ལྕེ་དེས་ནག་ཁུང་ཆགས་པའི་ཐབ་ཚང་ནང་འོད་དམར་ནག་ཅིག་གིས་ཁེངས། ཐང་ཀའི་ཐོག་གི་ཟངས་དེམ་གྱི་མཆུ་མགོ་ན་ཆུ་ཁོལ་བའི་ཝུ་བ་ལྷོག་ལྷོག་ཏུ་འཕྱུར་བཞིན་འདུག ཐབ་རྩར་ཡོད་པའི་དེ་རིང་གི་ང་ནི། དེ་སྔོན་གྱི་མི་ང་དང་གཏན་ནས་མི་འདྲ་ལ། ལུས་པོའི་སྡད་སྟངས་དེ་ཡང་། དེ་སྔོན་དང་ག་ལ་འདྲ། མེ་ལྕེ་དམར་ལེབ་ལེབ་དེས། ངའི་ལུས་ཐོག་གི་གཟན་ཤམ་དེ་ཡང་ཇེ་དམར་དུ་བཏང་འདུག་ལ། ཐོད་པའི་ངོས་སུ་རྔུལ་ཆུ་དང་སྣུམ་གཤེར་གང་ཡིན་མི་ཤེས་པ་ཞིག་འཛུམ་བཞིན་པའི་ཚོར་སྣང་བྱུང་།
ངའི་སོར་མོས་ཕྲེང་བ་བསྒྲེངས་པ་ཙམ་ལས། ཁ་ནས་ཞལ་འདོན་དང་། ཡང་ན། མ་ཎི་ཙམ་གྱི་སྒྲ་ཡང་ཐོན་མ་སོང་། མིག་གིས་ཟངས་དེམ་གྱི་མཆུ་ཁ་ན་ཝུ་བ་ལྷོག་ལྷོག་འཕྱུར་བ་དེ་ཧེར་༼ཅེར༽བཞིན། སེམས་སུ། ལྷོད་སྡོད་མེད་པའི་དེ་སྔོན་གྱི་འཆར་ཅན་གྱི་ཞོགས་པ་རྣམས་ཡིད་ལ་འཁོར་ཡོང་། སྤྱིར་ཡིན་ན། ཐང་ཀའི་ཇ་ཁོལ་བའི་སྐབས་འདི་འདྲ་ཞིག་ལ། ང་རང་བུ་ཕོ་ཞིག་གི་སྐྱེས་པ་བླངས་ཡོད་སྟབས། ཉིན་ལྟར་ལྷས་ཀྱི་བསང་ཁོང་ནང་ལྷ་བསང་ཕུལ་བཞིན་པ་དེ་རེད། དགོན་པ་ཕྱིན་ནས་བཟུང་། ངས་ལྷ་བསང་ཞིག་བཏང་མ་མྱོངས། ཁྱིམ་དུ་ཐོན་ནས་ཀྱང་། དེ་རིང་ངས་ལྷ་བསང་ཞིག་གཏོང་དགོས་པའི་འཚུབ་ཆ་མ་ལངས་ལ། ཨ་མས་ལྷ་བསང་ཞིག་གཏོང་རོགས་ཞེས་བཀོད་མངགས་མ་གནང་།

ཨ་མས་ང་ལ་ལྟ་བའི་རྣམ་འགྱུར་དེ་སྔོན་དང་གཏན་ནས་མི་འདྲ་ལ། ང་རང་གི་གཤིས་སྤྱོད་དང་བྱེད་ལས་ཀྱང་དེ་སྔོན་དང་རྦད་དེ་ཐ་དད་རེད། ཁྱིམ་གྱི་ཐབ་རྩར་གདན་སྟེང་དུ་དཀྱིལ་ཀྲུང་ངང་ཡོད་པའི་ང་རང་ནི་རྦད་དེ་མི་གསར་བ་ཞིག་རེད། དེ་རིང་གི་མི་གསར་བ་འདི་མིན་ཚེ། ཞོགས་པར་ཉི་རྩེ་རི་འགོ་རྒྱབ་ནས་བཟུང་། ངས་ཨ་མ་ལ་ཁྱིམ་ལས་རོགས་པ་བྱེད་དགོས་པ་དང་། རང་ཉིད་ལྷོད་ཡངས་ངང་ཅུང་སྡོད་རྒྱུ་མེད་ལ། ཨ་མས་ང་ལ་ལས་ཀ་གཞན་བཀོད་མངགས་གཏོང་། ད་ཐེངས་ང་རང་དགོན་པ་ནས་ཁྱིམ་དུ་ལྟ་སྐོར་ལ་ཡོང་བ་ནས། ཨ་མས་ང་ལ་ལས་ཀ་བཀོད་མངགས་བྱེད་རྒྱུ་ཚབ་ཏུ། ཁྱེད་རང་སྡོད། ཁྱེད་རང་གིས་ཇ་འཐུང་། ཁྱེད་རང་གདན་དུ་བཞུགས་སོགས་རེད། དེ་བས། ང་རང་རང་ཁྱིམ་ནང་མགྲོན་པོ་དངོས་ཤིག་རེད། རྣམ་འགྱུར་འདི་དང་གཤིས་སྤྱོད་འདིས། ཨ་མ་དང་ངེད་གཉིས་ཀྱི་འབྲེལ་བ་ཡང་རིང་དུ་སོང་བའི་ཚོར་སྣང་བྱུང་། ཕལ་ཆེར་ངའི་ཨ་མས་མཐོང་བའི་ང་ནི་སྐྱབས་གནས་དཀོན་མཆོག་སྟེ་། སྟོན་པ་ཆུང་ཆུང་ཞིག་རེད་འདུག

བརྩམས་སྒྲུང་།

Post navigation

Previous Post: ཡོ་རོབ་ཏུ་གླིང་ཏུ་འབྲོག་པའི་འབྲི་གཡག་ཉོས་པ།
Next Post: བདག་གི་སྟོན་པས་བདག་ལ་དགོངས་དག་གནོངས།།༼བོད་འབྱོར།༽

Comments (4) on “དྲིལ་ལྕེ། ཚན་པ་གཉིས་པ།༼གྲྭ་སྒྲུང་ཞིག༽”

  1. ཀླུ་སྨྱོན། says:
    2013-08-16 at 1:22 pm

    སྔོན་ཆད་ངས་འདི་ལྟ་བུའི་སྒྲུང་གཏམ་འབྲི་ཐུབ་མོད། དེང་སང་འདི་འདྲ་འབྲི་མི་ཐུབ། ཁྱེད་ཀྱི་སྒྲུང་གཏམ་འདིའི་བྱུང་རིམ་ལ་གསོན་ཉམས་ལྡན་ཞིང་སྒྲིག་གཞི་ཡང་ཚག་དམ་པོ་དགའ་རབ་འདུག

  2. བཙན་རྒོད། says:
    2013-08-16 at 2:37 pm

    ཧ་ཅང་སྙིང་རྗེ་བོ་ཞིག་བྲིས་འདུག་མུ་མཐུད་དུ་མཇུག་ལེགས་པོ་ཞིག་སྐྱོང་རོགས།

  3. སྤེན་པ་མཚོ་མོ། says:
    2013-08-18 at 1:33 am

    བྱུང་རིམ་ལ་ཧ་ཅང་ཞིབ་ཆ་ལྡན། ཡིག་སྐྱོན་རེ་འགའ་མངོན་པ་ལས་གཞན་མི་སྣའི་སེམས་ཀྱི་ཚོར་འདུ་དང་ཁོར་ཡུག་གི་རྣམ་པ་སོགས་བྲིས་པ་ལེགས། མུ་མཐུད་དུ་འབྲི་རོགས།

  4. དགེ་བསམ། says:
    2013-08-25 at 9:27 pm

    སྙན་གི་ཡ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme