Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་བཅུ་བདུན་པ།

Posted on 2013-08-12 By རྔ་བ་རྒྱལ་ཁམས་པ 6 Comments on ༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་བཅུ་བདུན་པ།

རྔ་བ་རྒྱལ་ཁམས་པ།

སྨན་ཁང་འདིའི་ཛ་དྲག་ཉེན་སྐྱོབ་ཚན་པའི་སྨན་གཡོག་མ་ཁ་ཤས་ཤིག་འཚམས་རྟགས་བསྣམས་ནས་བུ་ལ་གཟིགས་སྐོར་དུ་ཕེབས་བྱུང་། ཁོང་ཚོས་བུ་ཆུང་དངོས་སུ་ཛ་དྲག་ཉེན་སྐྱོབ་སྡེ་ཚན་དུ་ལྟ་སྐོར་ལ་ཡོང་ན་འགྲིགས་མིན་དྲིས་སོང་། ང་ཚོས་དེ་ལུགས་བུ་ལ་བཤད་པས་ཁོས་ཀྱང་དེ་ལ་མོས་མཐུན་བྱས། ཀླད་སེམས་ཆེད་ལས་སྨན་པ་ཁག་ཅིག་ཕེབས། སྐར་གྲངས་དུས་བཅད་ཀྱིས་བུ་ལ་སྲོག་ཆགས་ཀྱི་མིང་དང་གྲངས་གནས་ཀྱི་ཐད་ནས་བུ་ལ་དྲི་ཞིབ་དང་བརྟག་པ་ཞིག་བྱས། སྨན་པ་དེ་གཉིས་ཀྱིས(CML)ཞིབ་ཕྲའི་གློག་པར་གྱི་ལམ་ནས་བརྟག་དཔྱད་ཅིག་གཏོང་རྒྱུའི་བསམ་ཚུལ་བཏོན། གློག་པར་གྱི་བརྟག་དཔྱད་དེ་ནི་ཕར་ངོས་སྨན་ཁང་ནས་བྱས་ཟིན་མ་ཐག་ཡིན་པ་དང་། བུའི་དྲན་རིག་ལ་ལྟོས་ན་བརྟག་པ་དེ་ནི་དེ་ཙམ་གྱིས་དོ་གལ་ཆེན་པོ་ཞིག་མ་ཡིན་པར་མཐོང་བས། བརྟག་དཔྱད་དེ་གཏོང་རྒྱུར་ང་ཚོས་ངོས་ལེན་མ་བྱས།
སྐབས་དེ་འདྲ་ཞིག་ཏུ་ང་ཚོ་ད་ལམ་ཛ་དྲག་སྨན་ཁང་དུ་ཐོག་མར་འབྱོར་ཚེ། བུ་ལ་བརྟག་དཔྱད་སྨན་བཅོས་གཏོང་མཁན་གྱི་ཨུ་རུ་སུའི་སྨན་པ་དེ་སླེབས་སོང་། ང་ཚོས་ཁོ་ལ་བུའི་རྩིབ་མ་གཡོན་མ་ན་ཡོད་པའི་སྦུག་སྐུད་དེ་ལེན་རོགས་ཞེས་ཞུས་རུང་། དེ་ལུས་ལ་འཇོག་མཁན་གྱི་སྨན་པ་དེ་ནི་ཁོང་མ་ཡིན་པས་བྱ་ཐབས་བྲལ། སྐུད་ལམ་དེ་ནི་གཅིན་སྐྱག་གཏོང་བ་དང་། ཉལ་ཆས་བརྗེ་བོ་རྒྱག་དུས་ཆེས་སྟབས་ཀ་མ་བདེ་བ་ཞིག་རེད། ཕར་ཕྱོགས་སྨན་ཁང་ནས་བུའི་ཁོག་པའི་ནང་གི་ཆུ་གཙང་མར་གྱུར་ཟིན་པ་གསལ་བཤད་བྱས་སོང་བས། སྐུད་ལམ་དེ་མྱུར་དུ་ཕྱིར་ལེན་ཐུབ་སོང་ན། སྨན་ཁང་གི་ཁྱམས་ཐོག་ཏུ་འགྲོ་འདུག་གི་རྩལ་ཞིག་སྦྱོང་འདོད་པ་ཡིན། ང་ཚོས་ཨུ་ཚུགས་ཐེངས་ཤས་བརྒྱབ་མཐར་གཞི་ནས་སྐུད་པ་དེ་ཕྱིར་བཏོན་ཅིང་། རྨ་ཁ་གསོ་བའི་སྨན་རས་སོབ་ཀྱིས་བཀབ་པ། སྦྱར་ཤོག་སྟུག་པོ་ཞིག་གིས་སྲ་མོར་གཡོག་རྗེས། འདི་ལ་ང་ཚོས་གཟོབ་དགོས། གལ་སྲིད་ཕྱིར་ལྷུང་ཡོང་ཚེ། ང་ཚོ་ལ་བརྡ་གཏོང་རོགས། རྨ་ཁ་སོས་རག་པར་བདག་སྐྱོང་ཡག་པོ་ཞིག་མ་བྱས་ན། དུས་སྲིན་རྨ་ཁར་འཛུལ་སྲིད་པའི་ཉེན་ཁ་ཡོད་པ་ཞིག་རེད་། ཅེས་བཤད་སོང་།

དེ་ནས་བཟུང་ངའི་བུ་སེམས་པ་དགའ་ཐག་ཆོད་ནས། ཉལ་ཆས་བརྗེ་བོ་རྒྱག་པ་དང་། ལུས་ཀྱི་ཆ་ཤས་གཞན་གྱི་རྨ་ཁར་སྨན་བཅོས་བྱེད་པ། གཟུགས་པོ་འཁྲུ་སྐབས། ཁོ་རང་ཉིད་ཡར་ནུར་མར་ནུར་དང་། ཕར་འཁོར་ཚུར་འཁོར་སོགས་བྱེད་པའི་མགོ་བརྩམས། ང་ཚོས་བུ་ལ་ཨུ་ཚུགས་བརྒྱབ་སྟེ་འགྲོ་འདུག་གོམ་རྩལ་སྦྱོང་དགོས་ཚུལ་ཡང་ཡང་བཤད། ཁོས་ཀྱང་དང་ལེན་བྱས་ཏེ་ང་ཉལ་ཁྲི་འདི་ནས་ཕར་ཕྱོགས་ཀྱི་ཉལ་ཁྲིའི་རྟིང་བ་བར་དུ་འགྲོ་རྒྱུ་ཡིན། ཁྱེད་ཀྱིས་ཕར་ངོས་དེར་འཕོང་སྟེགས་ཤིག་གྲ་སྒྲིག་གྱིས་ཟེར། དེ་ནས་ཁོ་ག་ལེར་ཨོང་ཞུད་བརྒྱུད་ཉལ་ཁྲིའི་ཟུར་དུ་བབས་རྗེས། ངེད་གཉིས་ཀྱིས་དཔུང་བ་དང་མཆན་ཁུང་གཡས་གཡོན་ནས་ཡར་སྐྱོར། གོམ་པ་བདུན་བརྒྱད་ཙམ་སྤོ་ཐུབ་པ་བྱུང་། རྐུབ་སྟེགས་ཐོག་སྐར་མ་ཁ་ཤས་རིང་ངལ་གསོས་རྗེས། སླར་ཡང་གོམ་པ་རྒྱག་ཏུ་བཅུགས།
ངེད་གཉིས་ཀྱིས་བུ་ལ་ཕྱི་ཁྱམས་སུ་སོང་ན་ཡག་པོ་ཡོད་ཚུལ་སྐུལ་མ་དང་གྲོས་སྟོན་བྱས་པས། ཁོ་བོར་འདུག་སྟེགས་འཁོར་ལོ་ཅན་ཞིག་དགོས་ཞེས་ལབ་པ་བཞིན། བྱིས་པའི་སྡེ་ཚན་ལ་འཁོར་སྟེགས་ཞིག་གཡར་བོ་ཞུས་པ་ལམ་སང་འབྱོར། གནའ་བོའི་འཇར་པན་གྱི་མི་ཚོས་གོན་པའི་ལ་བ་ལྟ་བུའི་ནད་གོས་ཁ་དོག་སྔོན་པོ་ཅན་ཞིག་བསྐོན། ངའི་ཆུང་མས་བུའི་མཆན་ཞབས་ནས་སྐྱོར་བཞིན་ཁོང་གཉིས་ག་ལེར་སྔོན་དུ་གོམ་པ་བརྒྱབ། ངས་ཕྱི་ནས་འཁོར་སྟེགས་འདེད་བཞིན་གལ་སྲིད་བུ་ཐང་ཆད་པའམ། འགྲོ་སྙིང་མ་འདོད་ཚེ་འཕྲལ་དུ་ངལ་གསོ་ཆོག་པའི་གྲ་སྒྲིག་ཨང་སར་བྱས། གོམ་པ་བཅུ་གྲངས་རེའི་མཚམས་ནས། ངལ་གསོ་རེ་བརྒྱབ་རྗེས་གཞི་ནས་བར་ཁྱམས་ཧྲིལ་བོར་སྐོར་བ་ཞིག་རྒྱག་ཐུབ་པ་བྱུང་། སྐོར་ལམ་དུ་སྨན་པ་དང་ནད་གཡོག་དག་གིས་དགའ་བསུའི་ཐལ་མོ་བསྡེབས་ཤིང་། བསྟོད་བསྔགས་ཡང་ཡང་འཐེན། ང་ཚོ་ཕྱིར་ཉལ་ཁང་དུ་འབྱོར་འཕྲལ། ཁོས་གཟུགས་མཐོང་གློག་བརྙན་ལ་བལྟ་བའི་མགོ་བརྩམས།

གོ་སྐབས་དེ་བརྒྱུད་ངེད་གཉིས་ཀྱིས་བུའི་མགོ་སྐེ་དང་། རྣ་རྩ། ཕྲག་པ། སོག་འདབ། སྒལ་གཞུང་། གྲུ་ཚིགས། ལག་པ། དཔྱི་མགོ འཕོངས་ཚོས། པུས་མོ། རྐང་མཛུབ། རྒྱ་ཚིགས་སོགས། ལུས་ཀྱི་གལ་འགེངས་ཆེ་བའི་གནད་རྩ་ཕལ་ཆེར་གྱི་ཐོག རྩ་གནད་གསོ་བཅོས་ཀྱི་ལག་ལེན་འཕུར་གནོན་ལག་བསྟར་བྱས་པ་ཡིན། བུ་ནད་གཞི་ལས་དྲག་བསྐྱེད་མྱུར་བའི་གསང་བ་ཆེན་པོ་ཞིག་ནི། བཅོས་ཐབས་ལག་ལེན་དེའི་དགེ་མཚན་ཡིན་པ་ཧ་གོ་ཡོད། བུས་བྱིས་པ་དགའ་བའི་གློག་བརྙན་ཁ་ཤས་ཤིག་ལ་བལྟས་ཟིན་ཀྱང་། ད་དུང་དེས་མ་ཚིམས་པར་གཟུགས་མཐོང་བརྙན་འཕྲིན་བརྒྱུད། དྲྭ་རྒྱ་སྤྱད་ནས་དྲྭ་ལམ་གྱི་རྩེད་མོ་རྩེད་དགོས་ཟེར། ངས་ཁྱོད་ཀྱི་གཟུགས་པོའི་གནས་སྟངས་ཤིན་ཏུ་སྐྱོ་བོ་ཡིན་པས། དྲྭ་ལམ་གྱི་རྩེད་མོ་རྩེད་པའི་དུས་ཚོད་མ་རེད་ཅེས་བཤད་ཀྱང་། འདོད་བློ་མ་ཚིམས་པའི་གཅེས་ལང་གི་རྣམ་འགྱུར་ཡང་ཡང་བསྟན། ངས་དེ་ལུགས་བྱིས་པའི་སྡེ་ཚན་གྱི་སྣེ་ལེན་ཡིག་ཚང་དུ་ཞུས།
རེ་ཞིག་ནས་རྩེད་མོའི་ལས་རིམ་སྡེ་ཚན་གྱི་ལས་བྱེད་བུད་མེད་ཅིག་གིས་རྩེད་ཆས་དང་འོད་ལྡེར་ཁྱེར་ནས་ཕེབས་སོང་། མོས་རྩེད་ཆས་དེ་བརྙན་འཕྲིན་དང་འབྲེལ་མཐུད་བྱས་ཀྱང་། ད་དུང་དྲྭ་ལམ་ནས་རྩེད་མོ་རྩེད་མ་ཐུབ། རྒྱུ་མཚན་ཅི་ཡིན་མོས་ཧ་མ་གོ་ལ་ང་ཚོས་ཀྱང་མ་ཤེས། བུས་བུད་མེད་དེ་ལ་ཁྱེད་ཀྱིས་འདི་དང་འདི་བྱས་ཡོད་དམ་ཞེས་དྲིས། བུད་མེད་དེས་དེ་ལྟར་བྱས་ཡོད་ཀྱང་ད་དུང་དྲྭ་ལམ་གྱི་རྩེད་མོ་ཡོང་ཐུབ་ཀྱི་མི་འདུག ངས་དྲྭ་རྒྱའི་ཆེད་ལས་པ་ཞིག་སྐད་གཏོང་གི་ཡིན་ཞེས་གསུངས་ནས་ཕྱི་ལ་ཕེབས་སོང་། དེ་ནས་བུའང་ཅུང་ཐང་ཆད་ཡོད་སྟབས་རང་བཞིན་གྱིས་གཉིད་དུ་ཡུར། དགོང་མོ་དེར་ང་ཚོའི་ཁྱིམ་མཚེར་སྐྲན་ནད་ཕོག་པའི་ཀོ་རུ་ཡའི་ཕོ་སར་ན་ཆུང་ཞིག་སླེབས། ང་ཚོའི་ཉལ་ཁང་གི་ས་ཁྱོན་ཡང་ཆུང་དུ་སོང་སྟབས། ང་ཚོ་ལ་དབང་བའི་བཅའ་དངོས་ཚང་མ་ཚུར་རུག་རུག་བྱས་ནས་བསྡུ་གསོག་བྱས། ཕར་བལྟས་ཚོད་ལ་ཕོ་སར་དེ་གཟུགས་པོ་སྟོབས་ཆེན་པོ། ཤ་རྒྱགས་པ། རྣམ་རིག་གསལ་བ། སྐད་མགོ་མཐོ་ཞིང་གད་མོ་ཡང་ཡང་རྒོད་མཁན་ཞིག་ཡིན་མོད། སྨན་བཏང་སྟེ་ཅུང་མ་འགོར་བར་ཁོ་ཡང་ནས་ཡང་དུ་སྐྱུག་མོ་བྱེད་བཞིན་པ་ཐོས། གོ་ཐོས་ཤིག་ལ། ནད་པ་དེ་ལ་འཕྲོད་པའི་རྐང་མར་ཆ་ཚང་ཞིག་རག་ཡོད་སྟབས། རྐང་མར་བརྗེ་སྤོར་དེ་ལམ་ལྷོང་བྱུང་བ་ཡིན་ན། ཟླ་གཅིག་ལྷག་གིས་ཁོའི་སྐྲན་ནད་དེ་སང་དྲག་ཏུ་འགྲོ་རྒྱུ་ཡིན་པར་བཤད། ཕྱིས་སུ་རྐང་མར་བརྗེ་སྤོར་དེ་ལམ་འགྲོ་བྱུང་ཡོད་མེད་ཧ་མ་གོ

ངའི་བུ་ལ་ཛ་དྲག་ཉེན་སྐྱོབ་བྱས་པ་ནས། ཁོའི་ཕོ་རྟགས་སུ་དྲངས་པའི་སྐུད་ལམ་ནས་གཅིན་པ་ཕྱི་ལ་འབྱུང་གིན་ཡོད་སྟབས། གཅིན་པ་གཏོང་སྟངས་ལ་དཀའ་ཁག་ཅིའང་མེད། ད་ནི་སྐུད་ལམ་དེ་བླངས་ཟིན་པས། གཅིན་པ་གཏོང་སྐབས་གན་རྐྱལ་དུ་ཉལ་བའི་བརླ་བར་དུ་ཆབ་རྫ་བཞག་སྟེ། ཆབ་རྫའི་མཆུ་རིང་བོ་དེའི་ནང་བུའི་ཕོ་རྟགས་ཆུང་ཆུང་། བོའུ་ཐུང་གི་མདེའུ་ཙམ་པ་དེ་ངས་ལག་མཛུབ་ཀྱིས་ག་ལེར་བསྣུན་ནས་གཅིན་པ་གཏོང་གིན་ཡོད། མཚམས་མཚམས་ལ་ལམ་འགྲོ་མ་བྱུང་ཚེ། གཅིན་པ་ཕྱི་ལ་ཟགས་པས་ཉལ་སྟན་ཆ་ཚང་བརྗེ་བོ་རྒྱག་དགོས། ཆབ་ཆེན་གཏོང་སྐབས་གཙང་སྤྱོད་སྟབས་བདེ་འདུག་སྟེགས་ཅན་ཞིག་བེད་སྤྱོད་བྱེད་ཅིང་། གཅིན་སྐྱག་གཏོང་སྐབས་ཉལ་ཁང་གི་ཡོལ་བ་ཅུང་ཙམ་ཕྱེ་ཡོད་ནའང་། ཡོལ་བ་ཆ་ཚང་མ་བརྒྱབས་པར་དུ་གཏོང་རོགས་མི་བྱེད། ཆབ་ཆེན་གཏོང་དུས་ཁོ་ག་ལེར་ཉལ་ཁྲིའི་ཟུར་དུ་རྩིབ་ཞུད་ཀྱིས། ངེད་གཉིས་གཅིག་གིས་ཁོའི་མཆན་ཞབས་ནས་སྐྱོར། གཅིག་གིས་གཙང་སྤྱོད་སྟབས་བདེ་དེ་དང་། གཙང་བཟོའི་ཡོ་ཆས་རྣམས་གྲ་སྒྲིག་བྱེད་དགོས། སྲོག་རླུང་གཏོང་ལེན་གྱི་སྐུད་ཐག་དང་། སྨན་ཆུ་དང་ཁྲག་གཏོང་འཐེན་གྱི་སྐུད་ཐག ཁ་ལུད་དང་སྣབ་ལུད་ཕྱིར་འཐེན་གཙང་མར་བཟོ་བའི་སྐུད་ཐག་བཅས་གསུམ་ཡོད། སྐུད་ཐག་དེ་དག་ལས་གང་ཞིག་སར་ལྷུང་བའམ། ཡང་ན་སར་རག་ཙམ་བྱས་ནའང་། བུས་ལམ་སང་སྐད་བརྒྱབ་སྟེ་བརྗེ་བོ་རྒྱག་པའམ། ཡང་ན། གཙང་མར་བཟོ་དགོས་པའི་བཀའ་གཏོང་འོང་བས། བྱ་སྤྱོད་འདི་འདྲའི་སྐབས་ལྷག་པར་ཡང་གཟོབ་དགོས་པ་ཡིན།

སྲོག་རླུང་དང་སྣུབ་ལུད་འཐེན་བྱེད་ཀྱི་སྐུད་པ་དེ། བུའི་ད་ལྟའི་གནས་སྟངས་ལ་ལྟོས་ན་བེད་སྤྱོད་དེ་ཙམ་གཏོང་མི་དགོས་མོད། ཁོ་ལ་ག་དུས་དཀའ་སྣང་འདྲ་སྐྱེས་ཚེ། སྲོག་རླུང་སྐུད་ཐག་དེ་རང་ཉིད་ཀྱིེས་ཡར་སྣ་མགོར་གྱོན་པ་དང་། སྣབ་ལུད་འཐེན་བྱེད་ཀྱི་སྐུད་ཐག་ནི། སོ་འཁྲུ་བའམ། ཡང་ན། ཁ་ནང་ཆུ་ཡིས་བཀྲུ་བཤལ་བྱེད་སྐབས་སྐུད་ལམ་དེ་བེད་སྤྱད་ནས། རྒྱབ་ཕྱོགས་ཀྱི་རྩིག་ངོས་ནས་བཀལ་བའི་འགྱིག་དེམ་དྭངས་མོ་དེའི་ནང་གཏོང་ཞིང་། དེ་ནི་བུའི་རྒྱུན་ལྡན་གྱི་རྩེད་མོ་ལྟ་བུར་གྱུར་ནས། སོ་བཀྲུས་པའི་ཆུའི་ལྦུ་གསོབ་དཀར་བོ་སྐུད་ལམ་བརྒྱུད་ནས་འགྱིག་སྣོད་དེར་གཏོང་བ་ལ་ཧ་ཅང་དགའ། གཏོང་ཐེངས་རེར་ལྦུ་གསོབ་ཀྱི་འགུལ་སྐྱོད་དང་བསྟུན་ནས་གླུ་ཆུང་ལེན། ལྦུ་གསོབ་འགྱིག་སྣོད་དེར་ལྷུང་སྐབས་གད་མོ་ཡང་ཡང་འཆོར།
གོང་དུ་ཛ་དྲག་ཉེན་སྐྱོབ་ཚན་པས་མགྲོན་འབོད་བྱས་པ་ལྟར། བུ་འཁོར་སྟེགས་སྟབས་བདེ་ཞིག་གི་ཐོག་བསྡད་ནས་སྡེ་ཚན་དེར་བལྟ་སྐོར་དུ་ཕྱིན། སྨན་ཞབས་མ་ཞིག་གིས་ང་ཚོ་ཁྲིད་ནས་སྡེ་ཚན་དེའི་ལས་ཤག་རེ་རེའི་ནང་སོང་། སྨན་ཞབས་མ་དེས་ལས་བྱེད་ཚོར་བུ་ངོ་སྤྲོད་བྱས་པ་ཆབས་ཅིག ལས་བྱེད་དག་གིས་སྤྲོ་སེམས་ཁོལ་བའི་ངང་དགའ་བསུའི་ཐལ་མོ་སྡེབ་ཞོར། ངོ་མཚར་བའི་ཁྱེའུ་དང་། རྫུ་འཕྲུལ་གྱི་ཁྱེའུ་སླེབས་བྱུང་། ཞེས་ཡང་ཡང་སྨྲས། ཛ་དྲག་ཉེན་སྐྱོབ་སྡེ་ཚན་དེར་བལྟ་སྐོར་གྲུབ་རྗེས། བྱིས་པའི་སྐྲན་ནད་སྡེ་ཚན་གྱིས་ཡུ་ཤིའི་འཁྲུངས་སྐར་གྱི་ཐུགས་སྤྲོ་ཞིག་གྲ་སྒྲིག་བྱས་པའི་ཐོག་སོང་བ་ཡིན། ཐུགས་སྤྲོའི་འདུ་རར་ཡ་ཧི་དྰ་བའི་ལུགས་ཀྱི་མཆོད་མེ་ཡལ་ག་དྲུག་ལྡན་དང་། རྒྱ་གྲམ། བགྲེས་སོན་སེན་དྲའི་ཕྱག་འཁར་དང་། འཆག་ལྷམ། གློག་ཚོན་གྱིས་སྤྲས་པའི་ལྗོན་ཤིང་དུ་མས་ཁོར་ཡུག་ཀུན་ཏུ་བསྐོར་བ། ཀ་ར་བུ་རམ་དང་། དཀར་ཟས་དམར་ཟས་སྣ་མང་སྒྲིག་ཤོམ་བྱས་པའི་མདུན་འཇོག་དང་། བྱིས་པ་ཚོར་རང་རང་གི་འདོད་མོས་ལྟར། ཚོན་བྲིས་དང་། སྐྱ་བྲིས། རོལ་དབྱངས། ལྟེབ་རྩལ་སོགས་སྒྱུ་རྩལ་གྱི་རིགས་དང་། དཔེ་དེབ། འོད་ལྡེར། རྩེད་ཆས་སོགས། གང་འདོད་རིན་མེད་ཐོག་ལེན་རྒྱུ་འདུག་མོད། ང་ཚོས་བུའི་འདོད་པ་ལྟར་དཔེ་དེབ་གཅིག དྲིལ་བུ་ཞིག རྒན་པོ་སན་དྲའི་ཞྭ་མོ་བཅས་བླངས་པ་ཡིན།

རྩོམ་རིག

Post navigation

Previous Post: མིག་གཏད་ས་རོགས་ལོ་ཁྱེད་རེད།༼ཨ་མདོའི་ལ་གཞས།༽
Next Post: གཅེས་ཕྲུག་ཆུང་ཆུང་།༼བྱིས་གླུ།༽

Comments (6) on “༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་བཅུ་བདུན་པ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-08-12 at 12:36 am

    ་་་་་་་ གོམ་པ་བཅུ་གྲངས་རེའི་མཚམས་ནས། ངལ་གསོ་རེ་བརྒྱབ་རྗེས་གཞི་ནས་བར་ཁྱམས་ཧྲིལ་བོར་སྐོར་བ་ཞིག་རྒྱག་ཐུབ་པ་བྱུང་། སྐོར་ལམ་དུ་སྨན་པ་དང་ནད་གཡོག་དག་གིས་དགའ་བསུའི་ཐལ་མོ་བསྡེབས་ཤིང་། བསྟོད་བསྔགས་ཡང་ཡང་འཐེན། ་་་་་་ཟེར།

  2. རྒྱང་མིག says:
    2013-08-12 at 1:29 am

    དགའ་བ་ལ་ཨང་། སྐྱིད་པ་ལ། བུ་ཆུང་སངས་དྲག་ཡོང་བར་ཤོག བཀྲ་ཤིས་མིང་དོན་ལྟར་གནས་ཤོག

  3. བན་དེ་བ། says:
    2013-08-12 at 2:01 am

    རྔ་བ་རྒྱལ་ཁམས་པ་ལགས་དང་ཁྱེད་ཀྱི་ལྕམ་དང་བུ་སྙིང་གི་ནོར་བུ་བཅས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་མ་ཟད། མྱུར་བར་བུ་ཆུང་རང་གི་འཛིན་གྲོགས་དང་མཉམ་དུ་དགའ་སྐྱིད་ཀྱི་ངང་ནས་སློབ་མཐར་ཕྱིན་ཅིང་ཁྱེད་ཀྱི་ཁྱིམ་ཚང་དེ་བཞིན་འཆམ་མཐུན་གྱི་མི་ཚེ་དོན་དང་ལྡན་པ་ཞིག་ཤར་བའི་སྨོན་ལམ་ཞུ།
    གཏམ་བཟང་གི་འཕྲིན་འདི་བཏང་བར་ཐུགས་རྗེ་ཆེ་ཞུ།

  4. རང་དབང་ཨ་རྡུ་མན says:
    2013-08-12 at 8:04 am

    བཀའ་དྲིན་ཆེ་་་་་
    ལན་འདི་ཞེ་དྲག་སྒུགས་པ་ཡིན་་་་ད་རེས་གཞི་ནས་འབྱོར་སོང་།
    ཧ་ཅང་གི་དགའ་པོ་བྱུང་་་་་་ངའི་རེ་བར་ཁྱེད་རང་གིས་རྩམ་སྒྲུང་འདི་མུ་འཐུད་ནས་འབྲི་སྟེ་ལེའུ་བརྒྱ་ཕྲག་ཁ་ཤས་བཟོས་ཏེ་གློག་རྙན་སྡེ་ཚན་ལ་སྤྲོད་ནས་གློག་བརྙན་ཞིག་འཁྲབ་ཐུབ་ན་ཅི་མ་རུང་།

  5. lobsang199 says:
    2013-08-12 at 9:16 am

    དྲ་གྲོགས་ཚོ་དེ་སང་རྒྱ་གར་གྱི་མེ་འཁོར་འཛིན་ཤོག་(tickrt) ཁ་བར་མོ་འབེལ་བརྒྱུད་ལེན་རྒྱུ་ཡོད་གསུང་གི་འདུག་འདི་སྐོར་བོད་ཡིད་ཐོག་འབྲེལ་བ་གནང་རོག་མཁྱེན། Book your train tickets from mobile
    http://www.irctc .co.in འདི་ན་འདུག་ འདིའི་དངུལ་ག་འདྲ་བྱས་ནས་ཕུལ་དགོས་སམ།

  6. ཀླུ་སྨྱོན། says:
    2013-08-12 at 11:43 am

    ད་ཡག་པོ་བྱུང་འདུག སྤྱིར་ན་སྒྲུང་འདིའི་བྱུང་རིམ་དེ་ན་ནིང་གི་དགུན་དུས་ཤིག་ལ་བྱུང་བའི་གནས་ཚུལ་ཡིན་པ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme