Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མགོ།

Posted on 2009-11-27 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 15 Comments on མགོ།

གཡུ་དྲུག་དཀར། རྡ་ས།

ནམརྒྱུན་གྱི་རྨི་ལམ་ལས། མུན་ནག་གིས་ཟ་བཞིན་པའི་ངའི་བྲང་ཁོག སྐར་ཚོགས་ལྟ་བུའི་སྣང་བ་རྣམ་རྟོག་གིས་ནོན་ཞིང་། རང་ཉིད་དང་གདོང་ཐུག་རྒྱག་པའི་མཚན་མོ་རེ་རེའི་པང་ལ་བུད་དེ། ཧ་ཅང་སྟུག་པོའི་སྨག་རུམ་གྱི་ཟབ་སར་ལག་སྙོབ་བྱེད་བཞིན། ངས་ཅི་ཡང་བཙལ་མོད།
ནམ་རྒྱུན་ལག་པས་རེག་ས་ཞིག་གདའ་བ་ནི། གཅིག་ལས་གཅིག་ཆེ་ཞིང་། གཅིག་ལས་གཅིག་གྱོང་བའི་མགོ་བོ་རྐྱང་ལས་མ་འདས་ལ། མགོ་བོ་འདི་དག་ལ་རྒྱང་ལྟ་བྱས་ཚེ། དེ་དག་ནི་གཅིག་ལས་གཅིག་ཆེ་ཞིང་། གཅིག་ལས་གཅིག་བརྗིད་པ་ལྟ་བུའི་མགོ་བོ་འགའ་རེད་མོད། ཁོང་ཚོ་ཕར་འཁོར་ཚུར་འཁོར་དང་། ཡར་སྒུར་མར་སྒུར། ཡར་ལྟ་མར་ལྟ་བྱེད་པའི་རྣམ་འགྱུར་དང་ཉེ་བར་བཅར་དུས། མཚན་མོ་འདི་ནི་ཁོང་ཚོའི་མུན་ནག་གི་ཡོལ་རས་དང་འདྲ་ལ། མགོ་བོ་འདི་དག་གནག་སྣུམ་གྱི་སྐྲ་ལོའི་འོག་ཏུ་སྦས་པས། ལྷ་ཡི་དབུ་ལྟ་བུ་ཞིག་བྱས་པ་མ་གཏོགས། སྲིནཔོའི་མགོ་ལྟ་བུའི་ཁོང་ཚོའི་རང་གཟུགས་དེ་ཕྱིར་མངོན་མི་འདུག
ད་དུང་ཞིབ་ཏུ་བལྟས་ན། མགོ་འདི་ཚོརམགོ་ཡི་བཟོ་ལྟ་ཞིག་ཡེ་ནས་མི་འདུག་ཅིང་། མགོ་འདི་དག་ཐམས་ཅད་ཀྱི་ནང་རོལ་རུལ་འདུག་པའང་རྟོགས་ཐུབ།
དེ་བས། མགོ་རུལ་བ་ཞིག་མི་ཞིག་གི་མགྲིན་པར་ཇི་ལྟར་ཐོགས་སོང་བ་ཡིན་ནམ། མགོ་རུལ་བ་ཞིག་སྤྱི་ཚོགས་ཀྱི་ཡ་ཐོད་ལ་ཇི་ལྟར་སླེབས་སོང་བ་རེད་ཨང་སྙམ་པའི་ཚོར་ལྡིང་དྲག་པོས། མཚན་མོ་འདིའི་འཇིགས་སྣང་དང་རྨི་ལམ་གྱི་ན་ཟུག་ཆེ་རུ་གཏོང་བ་དང་། བསམ་གཞིག་གི་སྐྱུར་ཁ་བཙན་དུ་གཏོང་ལ། མགོ་བོ་འདི་དག་རྨང་ནས་གཏོར་འདོད་ཀྱི་སྙིང་ནད་ཅིག་ཀྱང་ཡང་དང་བསྐྱར་གྱིས་འཕར་བར་བགྱིས་སོང་ཡང་། ཁོང་ཚོའི་ཕྱི་ཤུན་ལྟ་བུའི་སྐྲ་ལོའི་ཉག་མ་རེ་རེ་ནི། ལོ་རྒྱུས་ཀྱི་སྨུ་ཐག་ལས་ཀྱང་སྲ་ཞིང་མཁྲེགས་ལ། ཁོང་ཚོའི་གསང་བའི་དར་ཐག་འཐེན་སའི་སྐྲ་རྫོང་དེ་ནི། ལོ་རྒྱུས་ཀྱི་མཁར་རྫོང་ཀུན་ལས་ཀྱང་བརྟན་ཅིང་། རྒྱུ་འབྲས་མེད་པའི་མུན་ནག་གི་ཡོལ་རས་འདིའི་ཕག་ན། ཁོང་ཚོ་ནི་མགོ་ཡི་སྟེང་གི་མགོ་ཡིན་ལ། ཁོང་ཚོས་མགོ་ཡི་ཡང་སྟེང་གི་དབུ་ལའང་བསླུ་བྲིད་གཏོང་བཞིན་ཡོད་ན། ཁོང་ཚོའི་འགོ་གཞུག་མེད་པའི་ཆོ་འཕྲུལ་འདི་ལ་སུ་ཞིག་གིས་འདང་ཕོག་ཐུབ་བམ།
མ་ཟད། མི་ལོ་ལྔ་བཅུ་ནི་ཁོང་ཚོའི་རྩ་བ་རྒྱས་ཤིང་རྩེ་མོ་དགུང་ལ་ཟུག་པའི་རྒྱབ་ལྗོངས་ཡིན་ལ། ཁོང་ཚོས་སྟེང་ལྷ་ཡུལ་ནས་འོག་ྐླུ་ཡུལ་བར་བསྙེག་པའི་འཕྲང་ལམ་རིང་མོ་རུའང་གྱུར་ཡོད་ན། ད་ནི་ཁོང་ཚོའི་བཙན་རྫོང་འདི་ཆུ་ཡིས་འཁྱེར་མི་ཐུབ་ཅིང་། རླུང་གིས་སྒུལ་མི་ཐུབ་ལ། མེ་ཡིས་སྲེག་ཀྱང་མི་ནུས་ན། རང་བཞིན་གྱིས་ས་འོག་ལ་འཐིམ་པའི་བསྐལ་བ་ཞིག་ཤར་སྲིད་དམ།
གང་ལྟར། མི་ལོ་ལྔ་བཅུའི་མིག་ནང་ལ་ལྷུང་བའི་མགོ་བོ་འདི་དག་ཐམས་ཅད་ཀྱིས་སྟག་པགས་གྱོན་ནས་ལོ་ཏོག་ཟ་བཞིན། འཇིག་རྟེན་ལ་ཀུ་རེ་རྩེ་བ་འདྲ་ཨང་། མཚན་མོ་ཞིག་ལོངས་སུ་སྤྱོད་པ་འདྲ་ཨང་།།

སྙན་ངག

Post navigation

Previous Post: བར་ཆད།
Next Post: བོད་དེབ་གཤིན་པོ་རྗེས་འཛིན།(TIBETAN BOOK OF DEAD)

Comments (15) on “མགོ།”

  1. མགོན་པོ་ཕྱག་གཉིས་པ། says:
    2009-11-27 at 12:07 pm

    མགོ་རུལ་བ་སྣ་ཡིས་ཀྱང་མ་ཚོར་འདུག མགོ་རུལ་པ་ཞིག་ཡིན་ཕྱིན་དེ་དགུ་བརྩེགས་ཡིན་ནའང་ཧ་ལས་རྒྱུ་ཡོད་མ་རེད། མདོར་དེད་ན་མགོ་རུས་སྐམ་པོ་དགུ་བརྩེགས་ཤིག་
    མགོ་རུལ་ཡོད་པར་བརྟེན་དེའི་སྟེང་གི་སྐྲ་ཉག་རེ་རེ་བྱས་མར་ལྷུང་ཡོང་རྒྱུ་ཡིན་པ་དང་། དེ་བས་གསང་བའི་དར་ཐག་འཐེན་པའི་སྐྲ་རྫོང་དེའང་ཧྲལ་ཧྲིལ་དུ་འགྲོ་རྒྱུ་ཡིན་པ་ཉག་ཅིག་རེད།
    མཐའ་མཇུག་མགོ་རུས་སྐམ་པོ་རེ་རེ་བྱས་མར་འགྲིལ་ནས་ཐོར་ཞིག་ཏུ་འགྲོ་རྒྱུ་ཡིན་པ་རེད། དེ་དུས་ང་ཚོས་མགོ་རུས་སྐམ་པོ་དེ་རྣམས་ཆང་ཕོར་བྱས་ནས་མགོ་རུལ་བའི་བརྩེགས་རིམ་ཞིག་འཇིག་པར་གྱུར་བ་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་བའི་སྟོན་མོ་ཞིག་བཤམས་ཏེ་ཆང་རྒྱགས་ཚད་འཐུང་ཆོག
    མགོ་སྐྱོན་ཅན་རྣམས་ལ་དང་ཐོག་ནས་སྨན་བཅོས་བྱས་ཏེ་རུལ་མ་བཅག་པའི་འཆར་གཞི་ཞིག་ཀྱང་དེ་སྐབས་བཏིང་ཆོག

  2. ཀླུ་སྨྱོན། says:
    2009-11-27 at 12:45 pm

    ཁྱོད་ཀྱི་འདི་ནི་སྔོན་སྒྲུང་ཞིག་ཏུ། བུ་ཆེ་བའི་མིང་ལ་ཅི་ཟེར་དྲིས་པས། མགོ་རུལ་ཟེར་ཞེས་ལན་བཏབ་པས། ཡ་ཡ་ད་ཤེས་སོང་། བུ་ཆུང་བའི་མིང་བཤད་མི་དགོས་ཞེས་པ་ཞིག་ཡོད་པ་དེ་དང་འདྲ་བོ་ཡོད་ས་རེད།

  3. བསེ་རུ། says:
    2009-11-27 at 1:56 pm

    མགོ། བསྡུས་བརྗོད་ཀྱི་རྩོམ་ཡིག་འདི་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ཟུར་དང་ངོས་ཤིག་གི་སྣང་བརྙན་གསོན་པོར་བཞེངས་སྐྲུན་བྱས་པའི་རྩོམ་ཐབས་དམིགས་བསལ་བ་ཞིག་ཏུ་བདག་གིས་འདོད། དྲ་གྲོགས་ཚོས་བསམ་ན་དེའི་བསྟན་དོན་ཅི་ཞིག་ལགས་སམ། །

  4. དཔལ་དགྱེས་པ་རྡོ་རྗེ says:
    2009-11-27 at 2:17 pm

    http://www.youtube.com/watch?v=DDMKeo1J3cw&feature=player_embedded

  5. གཅན་བཟོད་རྒྱམ། says:
    2009-11-27 at 2:17 pm

    རྩོམ་ཡིག་འདི་མགོ་ནས་མར་ཅུང་ཀློག་ནས་འགྲོ་བཞིན་ཡོད་མོད། བར་ཞིག་ནས་བོད་སྐད་མ་ཡིག་པའི་སྐད་ཆ་(ཡར་སྒུར་མར་སྒུར/)རེ་མིག་མུདན་དུ་ཐོན་ཡོང་དུས། ཀློག་མཚམས་འདི་ནས་འཇོག་ན་བསམ་ཡང་། ཡང་འིད་ཅི་ཞིག་བཤད་ཀི་ཡོད་ས་རེད་སྙན་བཞིན་མར་བཀླགས་པ་ཡིན། ཡང་བསྐྱར་མགོ་ཡི་ཡང་སྟེང་ཡིན་ན་ཅིག་ན་དབུ་ཞིག་ཡོད་པར་བཤད་ཡོང་གི ཡིན་ཏེ་གཅིག་ནི་མགོ་དང་གཞན་དེ་ནི་དབུ་ཡིན་པས་ཡིན་རྒྱུ་རེད། ཧཧཧ། ཨ་ལ་ཀུ་རེ་ཡིན། སྡེབ་སྦྱོར་གྱི་ཆ་ནས་སམ་ངས་ཀློག་སྟངས་མ་འགྲིག་པ་ཡིན་སྲིད། ཡག་པོ་འདུག

  6. དཔལ་དགྱེས་པ་རྡོ་རྗེ says:
    2009-11-27 at 2:39 pm

    མགོ་ཐང་ཐང་ཡིན་ན་འདི་ལ་གཟིགས། །མགོ་རྣ་ཅོག་ཡོད་ན་འདི་ལ་ཉོན། །མགོ་རུས་པ་སོང་བའི་དུར་ཁང་ནས། །མགོ་རྙིང་པ་ཚང་མའི་རེ་བ་ཡིན། །ཤྲྰིས་སོ། །

  7. ཀླུ་སྨྱོན། says:
    2009-11-27 at 2:40 pm

    ཨ་རོ་བཟོད་རྒྱམ། ཁྱོས་ཅིག་བསྐུར་ཡོད་ཅེས་པ་དེ་ངའི་གློག་ཡིག་ཁ་བྱང་གང་གི་ནང་དུ་བསྐུར་པ་ཡིན། ང་ལ་ཅི་ཡང་འབྱོར་མ་སོང་། ཁྱོས་བསྐུར་ས་ནོར་ནས་དབྱིན་མོ་ཞིག་གི་རྐུབ་ཀྱི་ནང་དུ་བསྐུར་ཡོད་ནི་མིན་ནམ།

  8. Dhondup Tashi Rekjong says:
    2009-11-27 at 2:48 pm

    དྲ་གྲོགས་དཔལ་གྱེས་བ་རྡོ་རྗེ་ཞུ་མཁན་ཁྱོད་མཁན་པོ་ངག་དབང་རྡོ་རྗེ་ཟེར་མཁན་དེ་ཡིན་ནམ།
    གལ་སྲིད་སྟབས་བདེ་ཡིན་ན་ང་ལ་ལན་ཞིག་སྤྲོད་རོགས་གནང་།

  9. Dhondup Tashi Rekjong says:
    2009-11-27 at 2:52 pm

    ད་ནངས་ཡར་ལངས་དུས། གྲོགས་པོས་རྩོམ་འདི་ངེད་ལ་བསྐུར་འདུག
    ད་དུང་རྩོམ་དེའི་སྒང་ལ་བསམ་ཚུལ་ཡོད་ན་གསུང་རོགས་ལབ་འདུག ངེད་ཀྱིས་རྩོམ་འདི་འགོ་ནས་མཇུག་བར་ཐེངས་འགར་བྐླགས་པ་ཡིན།
    མགོ་འདི་སུ་ལ་ཟེར་གྱི་ཡོད་མེད་ཧ་གོ་ཐ། ཡིན་ན་ཡང་། བསམ་ཚུལ་འདི་ལབ་ནས་བཤད་རྒྱུ་ཞིག་རེག་མ་སོང་། དེར་བརྟེན།
    དྲ་གྲོགས་ཁྱེད་ཚོའི་བསམ་ཚུལ་ྐློག་བཞིན་ཡོད། ད་དྲ་གྲོགས་ཁྱེད་ཚོས་བསམ་ཚུལ་རེ་ཤོད་དང་།

  10. དཔལ་དགྱེས་པ་རྡོ་རྗེ says:
    2009-11-27 at 2:59 pm

    རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས། མཁན་པོ་ངག་དབང་རྡོ་རྗེ་ཟེར་མཁན་དེ་ང་མིན་ནོ། །ངའི་མིང་དངོས་དེ་དཔལ་དགྱེས་པ་རྡོ་རྗེ་ལས་པུར་མིང་ལ་ཨེ་མ་ཧོ་ཡིན་ལགས། ཤེས་འདོད་ན་ངའི་མིང་གི་སྟེང་ནས་ནོན་དང་ངའི་དྲ་རྒྱ་བཅས་ཤར་ཡོང་ལགས། ། ཤྲྰིས། །

  11. Dhondup Tashi Rekjong says:
    2009-11-27 at 3:02 pm

    གཡུ་དྲུག་དཀར་གྱི་རྩོམ་འདི་ད་ནངས་ྐློག་དུས། དེ་ཙམ་གྱིས་གོ་བ་ཡག་པོ་ཞིག་རྙེད་མ་སོང་།
    ད་ྐློག་གིན་ྐློག་གིན། རྩོམ་འདིའི་རྒྱབ་ན་སྤྱི་ཚོགས་ཤིག་གི་སྣང་བརྙན་ཞིག་གསལ་སྟོན་བྱེད་ཀྱིན་པ་ཧ་གོ་སོང་།
    སྣང་བརྙན་དེ་ལ་རྒོལ་འདོད་ཀྱི་བསམ་བློ་ཞིག་ཀྱང་གཡུ་དྲུག་དཀར་ལྟ་བུའི་ན་གཞོན་ཚོའི་སེམས་ལ་ལྷོག་ལྷོག་ཏུ་འཕྱུར་བཞིན་པའང་མཐོང་སོང་།
    ད་དུང་། ཁོང་ནས། “མགོ་རུལ་བ་ཞིག་མི་ཞིག་གི་མགྲིན་པར་ཇི་ལྟར་ཐོགས་སོང་བ་ཡིན་ནམ། མགོ་རུལ་བ་ཞིག་སྤྱི་ཚོགས་ཀྱི་ཡ་ཐོད་ལ་ཇི་ལྟར་སླེབས་སོང་བ་རེད་ཨང་། “ཟེར་བའི་བརྗོད་པ་འདི་གཉིས་ལ་གོ་རྒྱུ་མང་པོ་འདུག འདིའི་སྐབས་ཀྱི་མགོ་རུལ་བ་དེ་ཚོ་མགོ་རིལ་ཡིན་པའི་སྣང་བ་ཞིག་ཀྱང་ངེད་ལ་སྤྲད་སོང་། དྲ་གྲོགས་ཚོའི་གཅིག་གིས་རྩོམ་ཐུང་འདི་ལ་ཕྲན་བཤད་འདྲ་བོ་ཞིག་བྲིས་ན་ཡག་ས་རེད། ལྷག་པར་དུ་སྐྱོན་བརྗོད་རྩོམ་ཡིག་འབྲི་མཁན་ཞིག་གིས་འདི་ལ་དཔྱད་པ་ཞིག་རྒྱག་ཐུབ་ན་ཡག་གི།

  12. Dhondup Tashi Rekjong says:
    2009-11-27 at 3:07 pm

    ཡ་ཡ། ལན་དུས་ཐོག་ལ་གནང་བར་བཀའ་དྲིན་ཆེ།

  13. Dhondup Tashi Rekjong says:
    2009-11-27 at 9:55 pm

    བཀུར་འོས་གཡུ་དྲུག་དཀར་ལགས།
    ད་ནངས་འཕྲིན་ཡིག་གི་ནང་དུ་ཁྱེད་ཀྱི་རྩོམ་འདིའི་ཐོག་ལ་བསམ་ཚུལ་ཡོད་ལ་བཤད་རོགས་ལབ་ཡོད་ཙང་། ཁྱེད་ཀྱི་ལྷུག་རྩོམ་ཡིད་འཕྲོག་པ་འདི་ཐེངས་འགར་བྐླགས་རྗེས།
    བསམ་ཚུལ་ཞིག་བཤད་འདོད་སྐྱེས་སོང་། འདིའི་སྐབས་ཀྱི་ཡིད་འཕྲོག་པ་ཞེས་བའི་དོན་ནི་རྩོམ་ཐབས་ཀྱི་ཕྱོགས་ནས་ཡིན།
    ཐོག་མར་ངེད་ཀྱིས་མགོ་འདི་སུ་ཞིག་གི་ཡིན་མིན་ལ་བསམ་བློ་བཏང་བ་ཡིན། ཕལ་ཆེར། ཁྱེད་ཀྱིས་གླེང་བཞིན་པའི་མགོ་འདི་མི་སྒེར་བ་རེ་གཉིས་ཀྱི་མགོ་མིན་པ་འདྲ།
    ཚོགས་སྡེ་སྤྱི་ཡོངས་ཀྱི་མགོ་ཡིན་པ་འདྲ། བཙན་བྱོལ་བོད་གཞུང་ལྟ་བུ་ཞིག་ལ་མཚོན་ན། ཁྱེད་ནས་མང་གཙོའི་ཀ་བ་གསུམ་གྱི་མགོ་ཚང་མ་དང་གཞུང་གི་ལྷན་ཁང་ཚང་མའི་མགོ། ད་དུང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་མགོ། གཞན་ཚོགས་པ་སྐྱིད་སྡུག་ཁག་གི་མགོ་སོགས་གླེང་གི་ཡོད་པ་འདྲ། འོན་ཀྱང་། མགོ་ཚང་མ་ཁྱེད་ཀྱིས་གླེང་བཞིན་པ་འདི་འདྲ་ཡིན་མིན་ངས་མི་ཤེས། ངེད་རང་སྒེར་ངོས་ནས་མགོ་ཚང་མ་འདི་འདྲ་རེད་ལབ་ནས་བརྗོད་ཀྱང་མི་སྤོབས།
    ཁྱེད་ཀྱིས། “མུན་ནག་གིས་ཟ་བཞིན་པའི་ངའི་བྲང་ཁོག་དང་།” “རང་ཉིད་དང་གདོང་ཐུག་རྒྱག་པའི་མཚན་མོ་རེ་རེའི་པང་ལ་བུད་དེ་”ཞེས་བ་འདིའི་རྒྱབ་ན། མི་སྒེར་ལ་འཕྲད་བཞིན་པའི་དཀའ་ངལ་གྱི་རིམ་པ་ཞིག་དང་དཀའ་ངལ་དག་འཕྲད་སའམ་ཡོང་སའི་སྤྱི་ཚོགས་སམ་ཚོགས་སྡེ་དག་མུན་ནག་ལྟ་བུར་བརྩིས་འདུག་པར་མ་ཟད་དེ་དག་གིས་ཁྱེད་རང་ཟ་བཞིན་པའི་སྣང་ཚུལ་ཞིག་ཀྱང་བརྗོད་འདུག འོན་ཀྱང་། མུན་ནག་གིས་ཁྱེད་རང་ཇི་ལྟར་ཟ་བཞིན་པའམ་ཟོས་བའི་རིམ་པ་དེ་མི་འདུག ད་དུང་ཁྱེད་རང་ནས་དཀའ་ངལ་དག་ལ་ཇི་ལྟར་གདོང་ཐུག་རྒྱག་གི་ཡོད་མེད་དང་གདོང་ཐུག་གི་རིམ་པ་སོགས་ཀྱང་ཁ་གསལ་མི་འདུག འདི་དག་ཚིག་དོན་གཉིས་ཀྱི་ཆ་ནས་སྦས་འདུག

    ཡང་ཁྱེད་ཀྱིས་། “གཅིག་ལས་གཅིག་ཆེ་ཞིང་། གཅིག་ལས་གཅིག་གྱོང་བའི་མགོ་བོ་རྐྱང་ལས་མ་འདས།” ཟེར་བ་དང་”ད་རུང་ཞིབ་ཏུ་བལྟས་ན། མགོ་འདི་ཚོར་མགོ་ཡི་བཟོ་ལྟ་ཞིག་ཡེ་ནས་མི་འདུག་ཅིང་། མགོ་འདི་དག་ཐམས་ཅད་ཀྱི་ནང་རོལ་རུལ་འདུག་པའམ་རྟོགས་ཐུབ་བརྗོད་འདུག” ཟེར་བའི་བརྗོད་འདི་གཉིས་ནང་། གཅིག་ལས་གཅིག་ཆེ་ཞིང་ཟེར་བ་འདིའི་གོ་གནས་དང་དབང་ཆའི་སྐད་ཆ་ཞིག་བཤད་ཀྱི་ཡོད་པ་འདྲ། གཅིག་ལས་གཅིག་གྱོང་བའི་མགོ་བོ་རྐྱང་ལས་མ་འདས་ཟེར་དུས། ཕར་ཆེར། ཁྱེད་ནས་མགོ་འདི་ཚོའི་ནང་ན་བསམ་བློ་གུ་ཡངས་ཤིང་ཕྱོགས་ཡོངས་ལ་བལྟ་ཐུབ་མཁན་མི་འདུག་ཟེར་བཞིན་ཡོད་པ་མ་ཟད་བསམ་བློ་གུ་དོག་ཨུ་ཚུགས་ཅན་རྐྱང་རྐྱང་རེད་ལབ་ཀྱི་ཡོད་པ་འདྲ། མདོར་ན། གནས་ལུགས་དང་རྒྱུ་མཚན་འགྲོ་ས་མི་འདུག་གསུངས་ཀྱི་ཡོད་པ་འདྲ།
    གཅིག་ལས་གཅིག་མཁྲེགས་ལབ་དུས། གནས་སྟངས་གང་གི་ཕྱོགས་ནས་གཅིག་ལས་གཅིག་མཁྲེགས་པ་འདུག་གམ། གནད་དོན་ཇི་འདྲའི་རིགས་ལ་གཅིག་ལས་གཅིག་མཁྲེགས་པ་ཡོད་མེད་ཁ་གསལ་འདོན་ཐུབ་རྒྱུ་གལ་ཆེ་གི་ དེ་ནས་ད་དུང་མཁྲེགས་པོ་འདུག་ཟེར་དུས། གནས་སྟངས་སྤྱི་ཡོངས་ལ་བལྟས་ནས་ཁྱེད་ཀྱིས་མཁྲེགས་པོ་འདུག་ལབ་ཀྱི་ཡོད་དམ་ཡང་ན་མི་སྒེར་གྱི་གནད་དོན་དང་མཐུན་མ་མཐུན་གྱི་ཕྱོགས་ནས་མཁྲེགས་པོ་འདུག་ལབ་ཀྱི་ཡོད། འདི་ལ་ཡང་བསམ་ཞིབ་ཞིག་བྱེད་རྒྱུ་འདུག་བསམ།
    དེ་ནས། མགོ་དེ་དག་གི་ནང་རོལ་རུལ་འདུག་པ་རྟོགས་ཐུབ་ཟེར་བའི་ཐད། མགོ་དེ་དག་ཚང་མའི་ནང་རོལ་རུལ་བ་ཨེ་ཡིན་ན། ང་འདི་ལ་དོགས་པ་ཡོད།
    རུལ་ཟེར་དུས་འཕྲོ་བརླག་ལ་ཕྱིན་པའམ་ཡང་ན་བེད་སྤྱོད་མེད་པའི་གནས་སྟངས་དེ་རེད་བ། འཕྲོ་བརླག་ལ་ཕྱིན་པ་ཞིག་གམ་བེད་སྤྱོད་མེད་པ་ཞིག་མགོ་ཡང་ཡིན་རྒྱ་ུམ་རེད་འདོད་གི།
    འདིའི་སྐབས་ཀྱི་རུལ་འདུག་ཟེར་བ་དེ། ཕྱོགས་གང་ནས་བརྗོད་ཀྱི་ཡོད་དམ། རུལ་འདུག་ལབ་ནས་སྡོམ་ཚིག་འདྲ་བོ་ཞིག་རྒྱག་རྒྱུ་འདི་ལས་སླ་བོ་ཞིག་མ་རེད་འདོད།
    འདི་ལ་ཡང་བསམ་ཞིབ་ཞིག་བྱེད་རྒྱུ་ཡོད་གི་འདོད།

    དེ་ནས་ཁྱེད་ཀྱིས། “མགོ་རུལ་བ་ཞིག་མི་ཞིག་གི་མགྲིན་པར་ཇི་ལྟར་ཐོགས་སོང་བ་ཡིན་ནམ། མགོ་རུལ་བ་ཞིག་སྤྱི་ཚོགས་ཀྱི་ཡ་ཐོད་ལ་ཇི་ལྟར་སླེབས་སོང་བ་རེད་ཨང་།་”ལབ་འདུག་པ་འདིའི་རྒྱབ་ན། གོ་ཐོབ་ཀྱི་གནད་དོན་དེ་གཙོ་བོར་གླེང་གི་ཡོད་པ་འདྲ། དྲི་བ་འདིའི་དྲིས་ལན་དེ་ལས་བྱེད་འདེམས་བསྐོ་ལྷན་ཁང་ལ་འདྲི་རྒྱུ་ཞིག་རེད་དྲན།
    སྔོན་མ་དྲུང་གཞོན་གྱི་ཡིག་རྒྱུགས་རྐུན་མ་ཤོར་མ་ཤོར་གྱི་གླེང་རྙོག་ཞིག་དང་འབྲེལ་ནས། སྤྱི་འཐུས་ལྷན་ཚོགས་ནས་དེའི་སྐོར་ལ་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་པ་རེད།
    ཞིབ་འཇུག་ཚོགས་ཆུང་དེས་མཇུག་སྡོམ་ག་རེ་བརྒྱབ་པ་རེད་ལབ་ན། ཡིག་རྒྱུགས་རྐུན་མ་ཤོར་སའི་ལམ་ཁ་དགུ་ཡིན་ནམ་བཅུ་གཅིག་ཡིན་ནམ་ཅིག་འདུག་ཟེར་བཞིན་བཞག་པ་རེད། དེའི་སྐབས་སུ་བཀྲ་ཤིས་ཕུན་ཚོགས་ཞུ་བ་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་འོས་བསྡུ་ལྷན་ཁང་གི་འགན་འཛིན་གཅིག་ལྕོག་རེད་འདུག ཁྱེད་རང་གནས་སའི་སྤྱི་ཚོགས་དེའི་ནང་དུ་ལྟག་སྒོ་འགྲོ་ས་ཡོད་མེད་ངེད་ཀྱིས་མི་ཤེས། འོན་ཀྱང་། ངོ་ལ་བལྟས་ནས་ལས་ཀ་མང་དག་ཅིག་བྱེད་བཞིན་པ་དངོས་ཡོད་ཆགས་བཞིན་ཡོད་པ་འདྲ།
    ད་དུང་ཁྱེད་ནས། “མགོ་བོ་འདི་དག་རྨང་ནས་གཏོང་འདོད་ཀྱི་སྙིང་ནད་ཅིག་ཀྱང་ཡང་དང་བསྐྱར་གྱིས་འཕར་བར་བགྱིས་སོང་ཨང་”ཞེས་གསུངས་འདུག
    འདིའི་སྐབས་ཀྱི་སྙིང་ནད་ཟེར་བ་འདིའི་ངེད་ལ་ནི་དངངས་སྐྲག་ཅིག་སྐྱེས་ཅིག་སོང་། རང་ཉིད་གནས་སྡོད་བྱེད་སའི་རང་གི་སྤྱི་ཚོགས་ཀྱི་མགོ་རྣམས་ལ་སྙིང་ནད་རྩོད་ཀྱི་ཡིན་ལབ་ན། ངས་གོ་བ་ལོན་མ་སོང་།

    དེ་ནས་ཁྱེད་ཀྱིས། ” ཁོང་ཚོའི་གསང་བའི་དར་ཐག་འཐེན་སའི་སྐྲ་རྫོང་འདི་ནི། ལོ་རྒྱུས་ཀྱི་མཁར་རྫོང་ཀུན་ལས་ཀྱང་བརྟན་ཅིང་། “ཟེར་བ་ནས་”ཁོང་ཚོའི་འགོ་གཞུག་མེད་པའི་ཆོ་འཕྲུལ་འདི་ལ་སུ་ཞིག་གིས་འདང་ཕོག་ཐུབ་བམ།” ཟེར་བའི་དབར་གྱི་བརྗོད་འདིའི་ཐོག་ལ་ངེད་ཀྱིས་ནི་འདི་འདྲ་བསམ། འདང་ཕོག་མི་ཕོག་གནད་འགག་མ་རེད། ཆོ་འཕྲུལ་དེའི་རིགས་སྟངས་འཛིན་བྱེད་ཐུབ་མིན་དེ་གནད་དོན་རེད། ལྷག་པར་དུ་ཁྲིམས་དང་སྒྲིག་གཞིས་སྟངས་འཛིན་བྱེད་ཐུབ་མིན་དེ་རེད། ལས་དོན་གང་ཞིག་ཡིན་རུང་། ཁྲིམས་དང་སྒྲིག་གཞི་ལ་བསྟུན་ནས་བྱེད་དགོས་ཀྱི་ཡོད་ན། ཆོ་འཕྲུལ་བསྟན་རུང་འདང་མི་ཕོག་རྒྱུ་ཅང་ཨེ་ཡོད་དྲན། ཡིན་ན་ཡང་། གཞུང་གི་དཔལ་འབྱོར་གྱི་རྩིས་ཕྲའི་ཁོངས་སུ་མེད་པ་དང་ཁྲིམས་དང་སྒྲིག་གཞིས་སྟངས་འཛིན་ཡང་དག་ཅིག་ཡོང་གི་མེད་པའི་རིགས་དེ་དག་གིས་ནི་ཆོ་འཕྲུལ་བསྟན་ན་ཡང་། དེ་ལ་སྟངས་འཛིན་ཞིག་ཡོང་ཐུབ་རྒྱུ་ཁག་པོ་རེད། དཔེར་ན། ཨ་རི་སོགས་ན་ཐེབས་རྩ་ཡིན་ཟེར་མཁན་སོགས་མང་དག་ཅིག་ཡོད་པ་རེད་བ། དེ་ཚོ་ལྟ་བུའི་རིགས་རེད། ད་དུང་གཞུང་གི་སྒྲིག་འཛུགས་ཀྱི་ཁོངས་ན་ཡོད་པ་མ་ཟད་༧གོང་ས་མཆོག་གི་སྐུ་མདུན་ལ་ཡོད་མཁན་དག་གི་ནང་ན་ཡང་ཆོ་འཕྲུལ་སྟོན་མཁན་ཡོང་གི་འདུག་ག། དཔེར་ན། སྔོན་མ་སྐུ་སྒེར་དྲུང་ཆེ་ག་གེ་མོ་ཞིག་གིས་རྒྱ་སྒོར་འབུམ་ཉིས་བརྒྱའི་རྩིས་ཕྲའི་རྙོག་དྲ་ཞིག་བཟོས་རྗེས། ད་དུང་སྐུ་ངོ་དེས་ཚགས་པར་གྱི་ཐོག་ལ་མི་ལ་ནོར་འཁྲུལ་མེད་མཁན་ཡོད་མ་རེད་ཟེར་བཞིན་བུད་སོང་ང་། ཁ་སྔོན་ང་རྒྱལ་སར་འགྲོ་དུས་སྐུ་ངོ་དེ་ཡང་དེ་རུ་་འདུག དགུང་ཚོགས་ཤིག་ཏུ་ཡོང་ནས་བོད་ཀྱི་རྩ་དོན་སོགས་ལ་སྐད་ཆ་ཡིད་འཕྲོག་པ་མང་དག་ཅིག་བཤད་སོང་། ཁོང་གི་བུ་མོ་གཅིག་གིས་ཀྱང་ད་ལྟ་ནས་ས་གནས་བོད་རིགས་ཚོགས་པའི་ཁོངས་སུ་ལས་ཀ་འདྲ་བྱེད་ཀྱི་འདུག་བསམ་སོང་། དེ་ཚོ་དེ་འདྲ་དེ་འདྲ་རེད།
    ཁྱེད་ཀྱིས་ད་དུང་། “ད་ནི་ཁོང་ཚོའི་བཙན་རྫོང་འདི་ཆུ་ཡིས་འཁྱེར་མི་ཐུབ་ཅིང་། རླུང་གིས་སྒུལ་མི་ཐུབ་ལ། མེ་ཡིས་སྲེག་ཀྱང་མི་ནུས་ན། རང་བཞིན་གྱིས་ས་འོག་ལ་འཐིམ་པའི་བསྐལ་བ་ཞིག་ཤར་སྲིད་དམ་། “ཟེར་ནས་སོ་སོར་དང་ྐློག་པ་པོར་དྲི་བ་བཏོན་འདུག ངེད་ཀྱི་བསམ་པར། བཙན་རྫོང་དེ་ཆུ་ཡིས་འཁྱེར་མི་ཐུབ་དང་རླུང་གིས་སྒུལ་ཐུབ་མི་ཐུབ། ད་དུང་མེ་ཡིས་བསྲེག་ཐུབ་མི་ཐུབ་སོགས་གཙོ་བོ་མ་རེད། བཙན་རྫོང་དེ་ཁྲིམས་ཀྱིས་དབང་བསྒྱུར་ཐུབ་པ་ཞིག་དགོས་ཀྱི་ཡོད་པ་རེད། ཁྲིམས་ཀྱིས་དབང་བསྒུར་ཐུབ་པ་ཞིག་ཡོང་བ་ལ། ད་ལྟའི་བཅའ་ཁྲིམས་རིན་པོ་ཆེར་བསྒྱུར་བཅོས་གཏོང་དགོས་བ་མ་ཟད་དེའི་ཐོག་ལ་བསམ་ཚུལ་འདོན་དགོས་རེད། བསམ་ཚུལ་ཞིབ་ཚགས་པོ་དང་གནད་ལ་འཁེལ་བ་དེ་འདྲ་འདོན་དགོས་རེད།

    མཐའ་མར། སྐུ་ཉིད་ནས། “གང་ལྟར། མི་ལོ་ལྔ་བཅུའི་མིག་ནང་ལ་ལྷུང་བའི་མགོ་བོ་འདི་དག་ཐམས་ཅད་ཀྱིས་སྟག་པགས་གྱོན་ནས་ལོ་ཏོག་ཟ་བཞིན། འཇིག་རྟེན་ལ་ཀུ་རེ་རྩེ་བ་འདྲ་ཨང་”ཞེས་གསུངས་འདུག ངེད་ཀྱིས་འདི་འདྲ་བསམ། སྟག་མེད་ན་བོང་བུས་སྟག་ཕགས་གྱོན་དགོས་ཐུག་གི་རེད་བསམ། འོ་ན། སྟག་ཚང་མ་ག་བར་ཡོད་རེད། སྟག་ཕལ་ཆེ་བ་ཕྱི་ལ་ཐོན་འདུག་ག། སྟག་ཕལ་ཆེ་བ་ཕྱི་ན་འདུག་ག། སྟག་ཕལ་ཆེ་བ་ཕྱི་ནས་ནང་ལ་ཡོང་གི་མི་འདུག་ག། དེར་བརྟེན། ངེད་ཀྱི་བསམ་པར། མཚམས་ལན་རེར་ཕྱི་ནས་འགྱིངས་ཉམས་སྟོན་མཁན་གྱི་སྟག་ལས་ནང་དུ་སྟག་པགས་གྱོན་ནས་ལོ་ཏོག་ཟ་མཁན་ཡག་པ་མེད་འགྲོ་བསམ། འདི་དག་ལ་དཔྱད་ཞིབ་དཔྱད་རྒྱུ་འདུག་བསམ།
    (ཞོར་འཕྲོས། ལྷད་མེད་གྲོགས་པོའི་མཛའ་བརྩེ་དེའི་ཆེད་དུ་ངེད་ཀྱིས་རྨོངས་འཆར་ཞིག་ཨུ་ཚུགས་བརྒྱབ་ནས་གླེང་ཁུལ་བྱས་བ་ཡིན།_

  14. ཟླ་བ་གཞོན་ནུ། says:
    2009-11-28 at 6:07 am

    གཡུ་དྲུག་དཀར།
    འདི་དག་ལ་དཔྱད་ཞིབ་དཔྱད་རྒྱུ་འདུག་བསམ།

  15. འཆི་བདག་སྐྱབས་། says:
    2009-11-30 at 2:10 am

    མགོ་ཐང་ཐང་ཡིན་ན་འདི་ལ་གཟིགས། །མགོ་རྣ་ཅོག་ཡོད་ན་འདི་ལ་ཉོན། །མགོ་རུས་པ་སོང་བའི་དུར་ཁང་ནས། །མགོ་རྙིང་པ་ཚང་མའི་རེ་བ་ཡིན། །ཤྲྰིས་སོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme