Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འུ་ཅག་མི་རིགས་ལ་ཆ་མཚོན་ན་ཆབ་སྲིད་ཤེས་ལྡན་པ་མང་པོ་ཞིག་གསོ་སྐྱོང་བྱེད་རྒྱུ་གལ་ཆེན་རེད།

Posted on 2013-07-312013-07-31 By ཁ་བརྡ་ 4 Comments on འུ་ཅག་མི་རིགས་ལ་ཆ་མཚོན་ན་ཆབ་སྲིད་ཤེས་ལྡན་པ་མང་པོ་ཞིག་གསོ་སྐྱོང་བྱེད་རྒྱུ་གལ་ཆེན་རེད།

འོས་སྦྱོར་བ། གཅན་འོད་འབར།
བཅར་འདྲི་བྱེད་མཁན་༼སྤྱི་ཚོགས་མེ་ལོང་༽ཚགས་པར་གྱི་རྩོམ་སྒྲིག་པ་རྡོ་རྗེ་ཚེ་རིང་།

དྲི་བ། ཐོག་མར་ཁྱོད་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་དང་འབྲེལ་ནས་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་གནང་ན་གང་འདྲ་འདུག་ལགས།

ལན། ཆོག་གི ངའི་མིང་ལ་འཛུམ་ཆུང་བཀྲ་ཤིས་ཟེར་ཞིང། བོད་ཨ་མདོ་གཅན་ཚ་ནས་སྐྱེས་ཤིང་སློབ་ཆུང་དང་སློབ་འབྲིང་དང་པོ་བར་ཡུལ་ནས་སློབ་གྲྭར་འགྲིམས་ཤིང་། གོ་དགུ་ལོའི་ལོ་མཇུག་ལ་རྒྱ་གར་དུ་སྐྱབས་བཅོལ་དུ་ཡོང་ནས་སུ་ཇཱ་བོད་ཁྱིམ་དུ་འཛིན་རིམ་བཅུ་པ་དང་གོ་པལ་པུར་བོད་ཁྱིམ་དུ་འཛིན་རིམ་བཅུ་གཉིས་མཐར་ཕྱིན་པ་དང། དེ་ནས་ལྡི་ལི་གཙུག་ལག་སློབ་ཆེན་དུ་ལོ་ངོ་གསུམ་རིང་ཆབ་སྲིད་རིག་གནས་ལོ་གསུམ་ལ་སློབ་གཉེར་གྱིས་རབ་འབྱམས་པའི་སློབ་མཐར་ཕྱིན་ནས་ད་ལྟ་མུ་མཐུད་དུ་སློབ་གཉེར་གྱི་ཞོར་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་དྲུང་ལས་ཁུངས་སུ་དང་བླངས་ཞབས་ཞུ་ཞུ་བཞིན་པའི་སྒང་ཡིན་ལགས།

དྲི་བ། སྤྱིར་བཏང་བོད་ཕྱི་ནང་གཉིས་ནས་སློབ་སྤྱོང་སྤྲོད་སྟངས་དང་རྒྱ་གར་བའི་སློབ་ཆེན་ནས་སློབ་སྦྱོང་སྤྲོད་སྟངས་གསུམ་གྱི་བར་ན་ཧེ་བག་གམ་མ་འདྲ་བའི་ཁྱད་པར་ག་རེ་འདུག་གམ། ཡང་ན། ཉིད་ཀྱིས་བསམ་ན་གང་ཞིག་ཡིད་དང་མཐུན་ཞིང་འཐུས་སྒོ་ཚང་བར་སྙམ།

ལན། སྤྱིའི་ཆ་ནས་བསྡུར་ན་སློབ་ཆུང་དང་སློབ་འབྲིང། དེ་བཞིན་སློབ་ཆེན་གསུམ་སློབ་སྦྱོང་གི་སྦྱང་བྱ་དང། སློབ་སྦྱོང་བྱེད་སྟངས། དེ་བཞིན་སློབ་སྦྱོང་སྤྲོད་སྟངས་ལ་ཧ་ཅང་ཁྱད་པར་ཆེན་པོ་ཡོད་པ་རེད། ང་ཚོས་བོད་ཕྱི་ནང་གཉིས་ཀྱི་སློབ་སྦྱོང་སྤྲོད་སྟངས་ལ་ཆ་བཞག་ནས་བཤད་ན། སློབ་ཚན་དང་སློབ་སྦྱོང་གི་སྤྲོད་སྟངས་ལ་ཧ་ཅང་ཁྱད་ཆེན་པོ་འདུག དཔེར་ན་བོད་ནང་ལ་ཆ་མཚོན་ནས་བཤད་ན་སློབ་སྦྱོང་གི་ངོ་བོ་དང་ཁྱབ་རྒྱ་དེ་སློབ་ཚན་རང་གི་སྒྲིག་འཛུགས་ལས་ཕལ་ཆེར་བརྒལ་ཐུབ་ཀྱི་མེད་པ་ལྟ་བུ་ཞིག་ཡིན་པས། ཤེས་བྱའི་རྣམ་གྲངས་ཀྱི་ཆ་ནས་ཀྱང་སྐྱོ་བོ་ཡོད་པའི་རྣམ་པ་ཞིག་མཐོང་གི་འདུག རྒྱ་གར་ལ་ཆ་མཚོན་ན་སློབ་སྦྱོང་གི་ཁོར་ཡུག་དང་མཁའ་དབུགས་ཧ་ཅང་རང་དབང་ཅན་ཞིག་རེད་ལ། སོ་སོའི་སློབ་ཚན་ལས་གཞན་པའི་སྦྱངས་བྱ་མང་པོ་ཞིག་ཀྱང་ལུས་སེམས་གཉིས་ཀྱིས་ཅི་བཞིན་ལོངས་སུ་སྤྱོད་ཐུབ་དུས། ཕྱི་ནང་གི་སློབ་སྦྱོང་མང་པོ་ཞིག་རང་དབང་ཅན་གྱི་སློབ་སྦྱོང་གི་ཁོར་ཡུག་འདིས་མཁོ་སྤྲོད་བྱེད་ཐུབ་ཀྱི་ཡོད་པ་རེད། དེར་བརྟེན། སློབ་མ་རང་ཉིད་ལ་སློབ་སྦྱོང་བྱེད་རྒྱུའི་འདུན་མ་དང་རེ་བ་། དེ་བཞིན་འཆར་གཞི་སོགས་ཡོད་ན། སློབ་སྦྱོང་གི་ཁོར་ཡུག་ཅིག་ཡོད་ཡོད་པ་ལྟ་བུ་ཞིག་ཏུ་སྣང་གི་འདུག རྒྱུ་མཚན་འདི་དག་ལ་བརྟེན་ནས། རྒྱ་གར་གྱི་སློབ་སྦྱོང་གི་ཁོར་ཡུག་དེ་ཅུང་ཙམ་འཐུས་ཚང་ལྟ་བུ་ཞིག་ཏུ་སྣང་གིན་འདུག བོད་ཕྱི་ནང་གཉིས་ལ་ཡང་སློབ་ཆུང་སློབ་འབྲིང་གི་སློབ་སྦྱོང་གི་ཁོར་ཡུག་དང་སློབ་ཚན། དེ་བཞིན་སློབ་སྦྱོང་སྤྲོད་སྟངས་སོགས་ཚང་མར་ཁྱད་པར་ཞིག་མཐོང་གི་འདུག
ཡང་ན། བོད་ནང་གི་སློབ་ཚན་དེ་ཚོ་སློབ་མའི་གཤིས་ཀ་དང་དགའ་ཕྱོགས། དེ་བཞིན་ལོ་ཚོད་དང་མཐུན་པས་སློབ་སྦྱོང་བྱེད་རྒྱུའི་འདུན་པ་ཡར་བསྐྱེད་བྱེད་ཐུབ་པ་དེ་རེད་ལ། དགེ་རྒན་ཚོའི་སློབ་ཁྲིད་ལ་ཡང་སྔར་ནས་འཆར་གཞི་གྲ་སྒྲིག་ཡོད་པ། འཆད་ཁྲིད་ཀྱི་ཐབས་ལམ་ཡག་པ་སོགས་སློབ་སྦྱོང་གི་ཁོར་ཡུག་ཡག་པོ་ཞིག་གྲུབ་ཡོད་པ་རེད།༼འདི་ང་རང་ཉིད་སློབ་ཆུང་དང་སློབ་འབྲིང་དུ་ཡོད་དུས་ཀྱི་མྱོང་ཚོར་ཡིན།༽ བཙན་བྱོལ་ནང་གི་སློབ་སྦྱོང་གི་ཁོར་ཡུག་དེ་བཞིན་རང་དབང་ལྡན་པ་ཞིག་ཡིན་ཡང། དེ་ལ་དེའི་ཚོད་ཀྱི་གྲུབ་འབྲས་ཤིག་སྟོན་རྒྱུ་བྲལ་སོང་བ་ནི་སློབ་སྦྱོང་གི་བག་ཆགས་དང་ཁོར་ཡུག་ཡག་པོ་ཞིག་བསྐྲུན་མ་ཐུབ་པས་རེད་བསམ་ལ། ལྷག་པར་དུ་བོད་ཡིག་གི་ཁོར་ཡུག་སྐྱོ་བོ་ཡོད་པ་དེ་སློབ་དེབ་ནང་གི་སློབ་ཚན་སྒྲིག་སྦྱོར་བྱེད་སྟངས་དང། དགེ་རྒན་གྱིས་འཆད་ཁྲིད་ཐབས་ལམ་སོགས་ལ་སྐྱོན་ཤོར་བ་དང། ཞན་ཆ་མང་པས་ལན་པ་རེད་བསམ་གྱིན་འདུག ཚང་མ་སློབ་མའི་ལོ་ཚོད་དང་། ཁམས་དང་མོས་པ་སོགས་ལ་མ་བསྟུན་པའི་སྐྱོན་གནད་རེད།

དྲི་བ། ལར་ཁྱོད་ཉིད་དགའ་མོས་ཆེ་བའི་རིག་ཚན་གཙོ་བོ་ཅི་ཞིག་ཡིན་པ་དང་། གོང་ཞུས་བཞིན་ཁྱོད་རང་གཙུག་ལག་སློབ་ཆེན་དུ་ལོ་ངོ་གསུམ་རིང་ཆབ་སྲིད་རིག་གནས་སློབ་གཉེར་གྱིས་རབ་འབྱམས་པ་ཐོན་ཡོད་སྟབས་ཆབ་སྲིད་རིག་པ་ཟེར་བ་གང་འདྲ་ཞིག་ཡིན་མིན་ངོ་སྤྲོད་ཅིག་གནང་རོགས།

ལན། སྤྱིར་བཏང་གི་རིག་ཚན་འདི་ལ་དགའ་བ་ཡོད་ཅེས་ཐག་བཅད་ནས་བརྗོད་དཀའ་མོ་ཞིག་རེད་མོད། ང་ལ་མཚོན་ན་ཆབ་སྲིད་རིག་གནས་ལ་དགའ་བོ་ཡོད། དེར་བརྟེན་སློབ་འབྲིང་ལོ་གཉིས་ལྷག་ལ་འབྱུང་རིག་སྡེ་ཚན་ལ་འཛུལ་ཞུགས་ཀྱིས་ཆབ་ སྲིད་དང་ལོ་རྒྱུས། ས་ཁམས་སོགས་རང་གི་མོས་པ་དང་མཐུན་པའི་རིག་ཚན་འདི་དག་སློབ་གཉེར་བྱས་ཤིང། རྗེས་སུ་ལོ་ངོ་གསུམ་རིང་ལྡི་ལིར་རྒྱ་གར་དང་རྒྱལ་སྤྱིའི་ཆབ་སྲིད་རིག་པ་ལ་དམིགས་བཀར་གྱིས་སློབ་སྦྱོང་བྱས་པ་ཡིན། ལོ་ངོ་གསུམ་གྱི་ཆབ་སྲིད་སློབ་སྦྱོང་ལ་གཞི་བཞག་ནས་བཤད་ན་ཆབ་སྲིད་ཅེས་པ་འདི་ལ་ཐུན་མོང་གི་འགྲེལ་བཤད་ཅིག་མེད་པ་བདེན་པ་རེད། གནའ་བོའི་གྷི་རི་སིའི་ཆབ་སྲིད་ལྟ་གྲུབ་སྨྲ་བ་ཆེན་མོ་ཚོ་དང་ཤར་གྱི་ཆབ་སྲིད་རིག་པ་བ་ཚང་མར་སྐབས་དེའི་མི་རིགས་ཀྱི་འཚོ་སྡོད་དང་ཕྱི་འབྲེལ། དཔལ་འབྱོར་ཚོང་ལས་ཀྱི་གནས་སྟངས་དང་རྒྱལ་སྲིད་སྐྱོང་སྟངས་ཀྱི་རྣམ་པའི་ཐོག་དུས་དང་ཁོར་ཡུག་གི་འགྱུར་བ་སོགས་ལ་ཆ་བཞག་ནས་ཆབ་སྲིད་ཀྱི་གོ་བ་ལེན་སྟངས་དང་ངོ་བོ། འགྲེལ་བཤད་དང་རིག་དབྱེ་སོགས་ཀྱང་མི་འདྲ་བ་རེ་ཡོད་པ་རེད། གང་ལྟར་ང་ལ་མཚོན་ན་ཆབ་སྲིད་རིག་གནས་ཞེས་པ་འདི་འགྲོ་བ་མིའི་འཚོ་སྡོད་རང་དབང་དང་འབྲེལ་ཞིང་ཕྱི་ནང་གི་ཤེས་རིག་དཔལ་ཡོན་སོགས་དང་འདྲེས་པའི་རིག་ཚན་ཞིག་རེད་བསམ།

དྲི་བ། ཉིད་ཀྱིས་གོང་ནས་གསུངས་པ་བཞིན་གནའ་བོའི་གྷི་རི་སིའི་ཆབ་སྲིད་ལྟ་གྲུབ་སྨྲ་བ་ཆེན་མོ་ཚོ་དང་ཤར་གྱི་ཆབ་སྲིད་རིག་པ་བ་ཚང་མས་ཆབ་སྲིད་ཀྱི་གོ་བ་ལེན་སྟངས་དང་། ངོ་བོ། རིགས་དབྱེ་སོགས་མི་འདྲ་བ་ཡོད་པ་ལས་ཆབ་སྲིད་ཀྱི་ངོ་བོའི་འདོད་ཚུལ་རེ་འགའ་ཞིག་འདིར་དྲངས་ན་གང་འདྲ་འདུག

ལན། ཤར་ནུབ་ཕྱོགས་ཀྱི་ཆབ་སྲིད་ལྟ་གྲུབ་སྨྲ་བ་དག་གིས་གསར་གཏོད་དང་ཤུགས་རྐྱེན་ཐེབས་པའི་ཆབ་སྲིད་ལྟ་གྲུབ་བསམ་བློ་ལ་ཁྱད་པར་གྱི་ཧེ་བག་ཆེན་པོ་ཞིག་ཏན་ཏན་ཡོད་ཀྱི་རེད་སྙམ་གྱིན་ཡོད། སྤྱིར་ཤར་ལྷོ་ནུབ་བྱང་སོགས་ཀྱི་ཆབ་སྲིད་བསམ་བློ་ལ་གནའ་བོའི་དུས་ཀྱི་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་གནས་སྟངས། དེ་བཞིན་རིག་གཞུང་དང་ཆོས་ལུགས་སོགས་ཀྱི་ཤུགས་རྐྱེན་མང་པོ་ཞིག་ཐེབས་ཡོད་ལ། གཅིག་གིས་གཅིག་གི་བསམ་བློར་རྒྱབ་སྐྱོར་དང་། ངོ་རྒོལ། བཅོས་སྒྱུར། རྒྱས་འགྲེལ་གོང་འཕེལ་བཏང་བའི་སྲོལ་ཞིག་ཀྱང་ཆགས་ཡོད་པ་རེད། གང་ལྟར་ཆབ་སྲིད་ཀྱི་ལྟ་གྲུབ་འདི་རིག་ཚན་ཆུང་ཆུང་མང་པོ་ཞིག་གིས་གྲུབ་ཡོད་པ་དང། དཔེར་ན། མཁར་དབང་དང། རང་དབང། ཁྲིམས་ལུགས། ཐོང་ཐང་སོགས་ཚང་མའི་ཐད་ལ་མཁས་པ་ཚོར་རང་ཉིད་ཀྱིས་རྒྱུ་མཚན་དང་ཁུངས་ལུངས་སོགས་བགྲང་རྒྱུ་ཡོད་པ་ཞིག་རེད།
སྤྱིར་ཆབ་སྲིད་བསམ་བློ་འཕེལ་རིམ་དེ་ཡང་དུས་ཚོད་ཀྱི་འཕེལ་ཁ་དང་བསྟུན་ནས་བཅོས་སྒྱུར་དང་གསར་གཏོད་སོགས་ཀྱི་བརྒྱུད་རིམ་མང་པོ་ཞིག་ཕྱིན་ཡོད་པ་དང། གནའ་བོའི་རྒྱ་ནག་དང་རྒྱ་གར། ཡུ་རོབ་དང་གྷི་རི་སི། དེ་བཞིན་དབྱིན་ཇི་དང་ཨ་རི་སོགས་ཀྱི་ཆབ་སྲིད་བསམ་བློའི་ལྟ་གྲུབ་ལ་ཡང་དེ་བཞིན་གྱི་བཅོས་སྒྱུར་དང་། གོང་འཕེལ། གསར་གཏོད་སོགས་ཀྱི་འགྱུར་བ་ཤུགས་ཆེན་པོ་བྱུང་ཡོད།
གནའ་བོའི་རྒྱ་ནག་གི་ཆབ་སྲིད་བསམ་བློ་དེ་དེ་དུས་ཀྱི་སྤྱི་ཚོགས་དང་ཆབ་སྲིད་ཉམས་རྒུད་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་རེད་ལ། དཔེར་ན་དབང་གཙོ་སྨྲ་བའི་ལམ་ལུགས་དང། མཁར་དབང་སྤྱི་སྙོམ་བགོ་འགྲེམས་རིང་ལུགས། འགྲོ་མིའི་ཁེ་དབང་འདྲ་མཉམ་རིང་ལུགས་སོགས་ཀྱིས་ཆིན་རྒྱལ་རབས་དང་ཧན་རྒྱལ་རབས་སོགས་ཀྱི་སྐབས་སུ་ཆེས་དར་ཁྱབ་ཆེ་བ་དང་རྗེས་སུ་དམར་པོའི་རིང་ལུགས་ཀྱི་ཆབ་སྲིད་ལྟ་གྲུབ་ཀྱི་སྒང་དུ་ཕྱིན་པ་ཞིག་རེད་ལ་གནའ་བོའི་གྷི་རི་སི་དེ་བཞིན་ཡང། པུ་ལེ་ཁྲོ་དང་ཁོའི་སློབ་མ་ཨེ་རི་སི་ཀྲོ་ཀྲི་གཉིས་ཀྱིས་གསར་གཏོད་བྱས་པའི་ཆབ་སྲིད་ལྟ་གྲུབ། བཙན་དབང་སྲིད་གཞུང་ལམ་ལུགས་དང། དམངས་གཙོ་རིང་ལུགས་། ཉུང་སྡེའི་སྲིད་གཞུང་ལམ་ལུགས། དེ་བཞིན་རོ་མཱན་ཆབ་སྲིད་ལྟ་གྲུབ་སོགས་ཀྱིས་སྐབས་དེའི་གྷི་རི་སིའི་ཆབ་སྲིད་འཛིན་སྐྱོང་ལ་ཤུགས་རྐྱེན་དང་དབང་སྒྱུར་བྱས་ཡོད།
གནའ་བོའི་རྒྱ་གར་ལ་ཆ་མཚོན་ནས་བཤད་ན་ཧིན་རྡུ་ཆོས་ལུགས་ཀྱི་མདོ་དཔེ། མཱ་ནུའི་ཁྲིམས་དང་། ཨར་ཐ་ཤཱ་སྟྲ། འདི་གཉིས་ཀྱི་ནང་ནས་རྗེས་མ་དེས་རྒྱ་གར་གྱི་ཆབ་སྲིད་རིག་གཞུང་གི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་འདོད་དོ།།
དུས་སྐབས་བར་མ་ལ་ཆ་མཚོན་ན་ཡེ་ཤུ་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་ཀྱིས་རྒྱལ་ཁབ་ཁག་གི་ཆབ་སྲིད་ལྟ་གྲུབ་ལ་ཤུགས་རྐྱེན་དང་དབང་བསྒྱུར་ཐེབས་པའི་དུས་སྐབས་ཤིག་རེད་ལ། དུས་སྐབས་བར་མའི་ཡུ་རོབ་དེ་བཞིན་ཨེ་རི་སི་ཀྲོ་ཀྲིའི་ལྟ་གྲུབ་དང་ཡེ་ཤེ་ཆོས་ལུགས་ཀྱི་ལྟ་གྲུབ་གཉིས་མཉམ་བསྡེབས་ཀྱིས་བསྐྱར་དུ་ངོ་སྤྲོད་དར་སྤེལ་བཏང་བ་དང་ཁ་ཆེ་ཆོས་ལུགས་ཀྱིས་རྗེས་སུ་བརྒྱུད་འཛིན་བྱས་པ་ཞིག་རེད།
ཡུ་རོབ་ཀྱི་རིག་རྩལ་བསྐྱར་དར་སྐབས་སུ་ཆབ་སྲིད་བསམ་བློ་བ་ཆེན་མོ་རྗོན་ལོག་ཁུ་ཡིས་མེ་ཁུ་ཡ་ཝེ་ལེ་དང་ཧོབ་སྦུ་སུ་སོགས་ཀྱིས་ཆབ་སྲིད་ལྟ་གྲུབ་ཀྱི་འཕེལ་རིམ་དང་ལྷའི་གནང་བའི་རྒྱལ་བོའི་ཁེ་དབང་སོགས་ལ་དེ་སྔོན་འགྲེལ་བཤད་བརྒྱབ་པའི་ཆབ་སྲིད་ལྟ་གྲུབ་ཀྱི་གནས་ལུགས་དང་ལག་ལེན་མང་པོ་ཞིག་ལ་ངོ་རྒོལ་གྱིས་བསམ་བློའི་ལྟ་གྲུབ་གསར་པ་མང་པོ་ཞིག་གི་སྒོ་མ ོ་ཕྱེས་པ་རེད་ལ། སྐབས་དེར་ཆོས་ལུགས་རིས་མེད་ཀྱི་ཆབ་སྲིད་ལྟ་གྲུབ་ཡང་དར་ཁྱབ་ཏུ་ཕྱིན་ཡོད། ལྷག་པར་དུ་རང་བྱུང་གི་ཁྲིམས་ཞེས་པ་དེ་ཡང་ཁོ་རང་གིས་འགྲེལ་བརྗོད་བྱས་ཡོད་པ་རེད། ཡུ་རོབ་ཀྱི་སྣང་གསལ་ལོ་རབས་ཁྲོད་དུ་དབྱིན་ཇིའི་མི་སེར་དམག་འཁྲུག་དང། ཨ་རིའི་གསར་བརྗེ་གྱེན་ལངས། དེ་བཞིན་ཧྥ་རན་སིའི་གསར་བརྗེ་ངོ་རྒོལ་སོགས་ལ་བརྟེན་ནས་ཆབ་སྲིད་བསམ་བློ་བ་ཆེན་མོ་རོའུ་བཟོའོ་དང་རྗོན་ལོག་ཁུ་སོགས་ཀྱི་དུས་དང་སྤྱི་ཚོགས། མི་སེར་གྱི་དགོས་མཁོ་དང་འཚམ་པའི་ཆབ་སྲིད་ལྟ་གྲུབ་སྐོར་ལ་བསམ་གཞིགས་དང་དྲི་བ་འདྲི་དགོས་བྱུང་བ་དེ་ལས། མི་སེར་ལ་གཞུང་ནས་དགོས་ངེས་ལྡན་པའི་ཐོབ་ཐང་ཡག་ཤོས་དེ་ག་རེ་ཡིན་པ་དང། གཞུང་ཞིག་ལ་མཚོན་ན་འཛིན་སྐྱོང་གི་ཆབ་སྲིད་ལྟ་གྲུབ་ཀྱི་སྒྲོམ་གཞི་འཚམ་ཤོས་དེ་ཅི་ཞིག་ཡིན་མིན་སྐོར་གྱི་དྲི་བ་དེ་གཉིས་རེད།
བཟོ་ལས་ཐོན་སྐྱེད་གསར་བརྗེ་ཡི་སྐབས་སུ་མར་ཁེ་སུ་དང་ལེ་ཉིན་རིང་ལུགས་སྟེ། སྤྱི་ཚོགས་རིང་ལུགས་དང། གཅིག་སྡུད་ལམ་ལུགས། དེ་བཞིན་ཕ་ཤིའི་རིང་ལུགས་ཀྱི་ཆབ་སྲིད་ལྟ་གྲུབ་སོགས་ཀྱིས་འཛམ་གླིང་ཤར་ནུབ་སོགས་ཀྱི་ཆབ་སྲིད་འཛིན་སྐྱོང་དང། དཔལ་འབྱོར་ཚོང་ལས། མི་མང་གི་བསམ་སྤྱོད་སོགས་ལ་ཤུགས་རྐྱེན་ཐེབས་པའི་དུས་སྐབས་ཤིག་ཡིན།
དམག་ཆེན་གཉིས་པའི་རྗེས་ཀྱི་དུས་སྐབས་དེ་ལ་དབྱིན་ཇི་དང་ཨ་རི་གཉིས་སུ་ཕྱི་ནང་གི་ཆབ་སྲིད་བསམ་བློར་ཞིབ་འཇུག་སློབ་སྦྱོང་བྱེད་པར་ཡར་སྐུལ་བྱས་ཀྱང་ཕན་ཐོག་ཆེན་པོ་རང་མ་བྱུང་ལ། ལྷག་པར་དུ་དུས་སྐབས་དེར་དམར་པོ་རིང་ལུགས་དང་མི་སེར་སྤེལ་ཡུལ་རིང་ལུགས། དེ་བཞིན་མི་རིགས་འཐེན་འཁྱེར་རིང་ལུགས་ཀྱི་ལྟ་བ་འདི་ཤུགས་ཆེ་བའི་དུས་ཚོད་ཅིག་རེད། སྐབས་དེ་དུས་ཁྲིམས་ལུགས་སྟངས་འཛིན་གྱི་སྐོར་དང་། བུད་མེད་རིང་ལུགས་སོགས་སྤྱི་ཚོགས་དང་མི་སེར་གྱི་དགོས་མཁོ་དང་འཚམ་པའི་དུས་ཚོད་ཅིག་རེད་འདོད། ལྷག་པར་དུ་སྐབས་དེ་དུས་གསར་བརྗེ་རིང་ལུགས་ཀྱི་ལྟ་བ་ཡང་ཤུགས་ཆེར་དར་བཞིན་པའི་དུས་ཤིག་རེད།
འདི་ལྟར་ཤར་ནུབ་ཀྱི་ཆབ་སྲིད་བསམ་བློ་བ་ཚང་མས་རང་ཉིད་ཀྱིས་དབྱེ་ཞིབ་དང་སློབ་སྦྱོང་སོགས་དང་འབྲེལ་ནས་ཆབ་སྲིད་ཀྱི་ལྟ་གྲུབ་སྐོར་ལ་ཡང་བསམ་ཚུལ་དང་འགྲེལ་བཤད་མི་འདྲ་བ་རེ་བརྒྱབ་ཡོད་པ་དེ་བདེན་པ་ཞིག་རེད།

དྲི་བ། དེས་ན་ཉིད་ཀྱིས་ང་ཚོ་བོད་སྤྱི་ཚོགས་སུ་ཆབ་སྲིད་རིག་པ་སྦྱངས་པའི་ཁེ་ཕན་དང་དེ་མ་སྦྱངས་པའི་གྱོང་གུད་གཉིས་ཀྱི་ཐད་ནས་དེ་ཉིད་གལ་ཆེ་ཡིན་པའི་སྐོར་ལ་འགྲེལ་བཤད་ཅིག་བསྐྱོན་ན་འགྲིག་གམ།

ལན། ང་ཚོ་བོད་ཀྱི་རང་དབང་ཤོར་བ་འདི་ཡང་ཆབ་སྲིད་རིག་གནས་ཀྱི་སློབ་སྦྱོང་མེད་པའི་སྟབས་ཀྱིས་ཤོར་བ་རེད་མ་གཏོགས། ནང་བསྟན་ཆོས་ལུགས་ཀྱི་སློབ་སྦྱོང་གིས་མ་འདང་བས་ཤོར་བ་རེད་བསམ་གྱིན་མི་འདུག དེར་བརྟེན་དེ་དུས་བོད་མི་ཚོ་དང་འཛིན་སྐྱོང་བྱེད་མཁན་གྱིས་མི་སྣ་དེ་ཚོར་ཆབ་སྲིད་རིག་གནས་ཀྱི་ཤེས་བྱ་ཡོད་པ་ཞིག་ཡིན་ན་ང་ཚོའི་རང་དབང་ཤོར་དགོས་དོན་མེད་ལ། བཙན་བྱོལ་དུ་ཡང་ཡོང་དགོས་དོན་ཅི་ལ་ཡོད་སྙམ། སྤྱིར་བཏང་གི་ཤེས་བྱ་དང་རིག་ཚན་གང་འདྲ་ཞིག་ཡིན་ཡང་། རྒྱ་གར་ལྟར་སྙིགས་དོར་བཅུད་ལེན་བྱེད་དགོས་པ་དེ་གལ་ཆེན་པོ་རེད། ཆབ་སྲིད་ཀྱི་ལྟ་གྲུབ་ཚང་མ་ཡང་དེ་བཞིན་གྱི་རང་ཉིད་ཀྱི་སྤྱི་ཚོགས་ལ་དགོས་མཁོ་ཆེ་བ་བླངས། དགོས་མཁོ་མེད་པ་དོར་ནས་ཆབ་སྲིད་འཛིན་སྐྱོང་ཞིག་འཛུགས་སྐྲུན་བྱེད་རྒྱུ་དེ་རེད། ང་ཚོ་བོད་པ་ཚོ་ལ་ཆབ་སྲིད་རིག་གནས་ཀྱི་གོ་རྟོགས་ཞན་པོ་འདུག རྒྱུ་མཚན་གང་ལགས་ཞེ་ན་ང་ཚོའི་སྤྱི་ཚོགས་ནང་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་ཏེ་དབུ་མའི་ལམ་གྱི་འགྲེལ་བཤད་དང་གོ་དོན་མི་ཤེས་མཁན་ཡང་ཧ་ཅང་མང་པོ་འདུག འདིས་ང་ཚོའི་སྤྱི་ཚོགས་ཀྱི་ཆབ་སྲིད་རིག་གནས་ཀྱི་གོ་རྟོགས་ཅི་ཙམ་ཞིག་ཡིན་མིན་དེ་ར་སྤྲོད་བྱས་པ་རེད། གལ་ཏེ་ང་ཚོས་ཤར་ནུབ་ཕྱོགས་ཀྱི་ཆབ་སྲིད་རིག་ཚན་དག་ལ་སློབ་སྦྱོང་དང་དབྱེ་ཞིབ་བྱ་ཐུབ་པའི་དབང་དུ་བཏང་ན་མི་མང་པོ་ཞིག་ལ་ཆབ་སྲིད་ཀྱི་ལྟ་གྲུབ་དང་ལག་ལེན། རིག་དབྱེ་དང་ངོ་བོ་སོགས་ཀྱི་ཆ་ནས་ཐེ་གཏོགས་ཀྱི་བསམ་བློ་གསར་པ་མང་པོ་ཞིག་སྐྱེ་སྲིད་ལ། དོགས་པ་དང་བསམ་བློ་འདིས་ཁྱོད་ལ་གཞུང་དང་དམངས། སྤྱི་དང་སྒེར་སོགས་ཀྱི་ལངས་ཕྱོགས་ལ་ཡང་ཞིབ་འཇུག་དང་། སློབ་སྦྱོང་གིས་ལེགས་ཉེས་ཀྱི་ཆ་ལ་དཔྱད་པ་གཏོང་བའི་སྒུལ་ཤུགས་ཤིག་སྤྲོད་པ་དེ་རེད། ཆབ་སྲིད་རིག་གནས་ནི་འཛམ་གླིང་ཤར་ནུབ་ཡོངས་ཀྱི་སྤྱི་ཚོགས་ཡར་རྒྱས་དང་མི་རིགས་ཀྱི་ལོ་རྒྱུས་སོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཧ་ཅང་འབྲེལ་བ་དམ་ཟབ་ཡོད་པའི་རིག་ཚན་ཞིག་ཡིན་དུས། ཆབ་སྲིད་རིག་གནས་སྦྱང་བ་ནི་འཛམ་གླིང་གི་མི་རིགས་ཚང་མའི་རང་དབང་རྩོད་ལེན་དང། དཔལ་འབྱོར་གོང་སྤེལ། སྤྱི་ཚོགས་ཡར་རྒྱས་སོགས་དཀའ་སྡུག་གི་ལོ་རྒྱུས་ལ་ཕྱིར་ལྟ་ཐེངས་གཅིག་བྱེད་པ་དང་འདྲ་བས། བོད་མི་ཚོར་ཆབ་སྲིད་རིག་གནས་ཡག་པོ་ཞིག་ཡོད་ན། རང་ཉིད་མི་སེར་ཞིག་ཡིན་པའི་འགན་འཁྲི་ཅི་ཞིག་ཡིན་པ་དང་ཐོབ་ཐང་ཅི་ཞིག་ཡོད་པ་སོགས་ངོ་འཕྲོད་ཐུབ་པ་མ་ཟད། གཞུང་གི་འཛིན་སྐྱོང་དང་མི་དམངས་དབར་གྱི་འབྲེལ་བ། དེ་བཞིན་ཆབ་སྲིད་འཛིན་སྐྱོང་ལ་སྐྱོན་བརྗོད་ཀྱིས་བསམ་འཆར་འདོན་པ། ཆབ་སྲིད་ལས་འགུལ་གྱི་ཐབས་ལམ་དང་ངོ་བོ་ཡང་འདྲ་མིན་ཞིག་སྤེལ་ཐུབ་པའི་དགོས་པ་ཡོད། དེར་བརྟེན་ཆབ་སྲིད་ཀྱིས་ཕོངས་བའི་འུ་ཅག་མི་རིགས་ལ་ཆ་མཚོན་ན་ཆབ་སྲིད་ཤེས་ལྡན་པ་མང་པོ་ཞིག་གསོ་སྐྱོང་བྱེད་རྒྱུ་དེ་ངས་ནི་སྐབས་སུ་བབས་པའི་ཆབ་སྲིད་ཀྱི་དགོས་མཁོ་གལ་ཆེན་ཞིག་རེད་འདོད།

དྲི་བ། སྔོན་ཆད་ཆབ་སྲིད་རིག་པའམ་ཤེས་ཡོན་སློབ་པའི་སྐབས་ཀྱི་ཚོར་བ་དང་དེང་གི་ཆའི་ལག་ལེན་དངོས་ཟེར་བའམ་བྱ་བ་དངོས་ལ་ཞུགས་པའི་བར་གྱི་སེམས་ཚོར་ལ་འདྲ་ས་དང་མི་འདྲ་སའི་ཧེ་བག་གང་འདྲ་འདུག་གམ། ཡང་ན་ད་དུང་མི་འདང་སའི་ཆ་དང་དཀའ་ཁག་ཅི་ཞིག་ཡོད་དམ།

ལན། ལྟ་གྲུབ་དང་ལག་ལེན་གཉིས་ཀྱི་བར་དུ་ཁྱད་པར་གྱི་ཆ་ཧ་ཅང་མང་པོ་ཡོད་རེད། དཔེར་ན་པུ་ལེ་ཐྲོ་ཡིས་ཁོང་གིས་ལྟ་གྲུབ་ཁག་ཅིག་གྷི་རི་སི་ས་ཁག་ཅིག་ལ་མ་གཏོགས་ལག་ལེན་ཚོད་ལྟ་བྱས་མྱོང་མེད་ལ་ཁས་ལེན་ཡང་བྱས་མེད་པ་རེད། ཁོང་ཚོའི་ལྟ་གྲུབ་དེར་དབང་འཛིན་མི་སྣ་ཚོས་ངོ་རྒོལ་གྱིས་ཆབ་སྲིད་ལྟ་གྲུབ་པ་མང་པོ་ཞིག་བཙོན་འཇུག་བྱས་པའི་གནས་སྟངས་ཀྱང་ཡོད་པ་རེད། གང་ལྟར་ཁོང་ཚོས་དེ་ལས་ལྡོག་སྟེ་ཆབ་སྲིད་བསམ་བློའི་ཐད་ལ་བྱས་རྗེས་མང་པོ་ཞིག་བཞག་ཡོད་པ་དེ་ནི་ལོ་ངོ་སྟོང་ཕྲག་སྔོན་ལ་ཁོང་ཚོས་བཤད་པ་དང་བརྩམས་པ། ཡང་ན་གཏན་ལ་ཕབ་པའི་ལྟ་གྲུབ་ཚོར་ད་ལྟ་ཡང་རྗེས་རབས་པ་ཚོས་ཡི་རངས་དང་བཀུར་བསྟིས་ཞིབ་འཇུག་དང་སློབ་སྦྱོང། རྒྱུས་ལོན་དང་རྟོག་དཔྱོད། དེ་བཞིན་ལག་ལེན་བྱེད་ཀྱིན་པའི་རྣམ་པ་འདི་ལས་ཤེས་ཐུབ་ལ། ཁོང་ཚོའི་སྐབས་དེའི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རིམ་དང་ཆབ་སྲིད་བསམ་བློའི་ལྟ་གྲུབ་སོགས་ལ་འགྲེལ་བཤད་གཏིང་ཟབ་བྱས་པའི་གྲུབ་འབྲས་དེ་དག་ཀྱང་མངོན་གསལ་དོད་པོས་རྟོགས་ཐུབ་པ་འདི་རེད།
ཡང་ཕྱོགས་གཞན་ཞིག་ནས་སྔོན་རབས་ཆབ་སྲིད་བསམ་བློ་པ་ཚོས་བཏོན་པའི་ཆབ་སྲིད་ལྟ་གྲུབ་དེ་ལ་རྗེས་སུ་ཡང་སྒྱུར་བཅོས་ཀྱི་རིམ་པ་མང་པོ་ཞིག་བྱུང་མྱོང་བ་མ་ཟད། དེང་དུས་ཀྱིས་ཆ་ལ་ཁོང་ཚོས་བཏོན་པའི་ལྟ་གྲུབ་དེའི་ངོ་བོ་ཡང་འགྱུར་ཚར་བ་ཞིག་རེད། གང་ལྟར་དུས་སྐབས་སྔོན་མ་དང་བར་མ་སོགས་སུ་སྤྱི་ཚོགས་དང་རྒྱལ་ཁབ་ཁག་གི་ནང་དུ་ཆབ་སྲིད་རྩོད་རྙོག་དང་དཔལ་འབྱོར་འཚོལ་སྒྲུབ། དབང་ཆ་འཕྲོག་རྩོད། ཕྱི་ནང་གཡུལ་འགྱེད་སོགས་ཀྱི་སྐབས་དེའི་གནས་སྟངས་དང་དགོས་མཁོ་ལ་བསྟུན་ནས་ཆབ་སྲིད་ཀྱི་ལྟ་གྲུབ་མང་པོ་ཞིག་བྱུང་བ་དེ་རྒྱལ་ཁབ་སོ་སོའི་ཆབ་དཔལ་རིག་གསུམ་གྱི་དགོས་མཁོ་ལ་དམིགས་ནས་གཏན་འབེབས་ཀྱིས་སྲིད་གཞུང་འཛིན་སྐྱོང་གི་ཆབ་སྲིད་སྒྲོམ་གཞི་ཞིག་ཏུ་བསྒྱུར་ནས་ལག་ལེན་བྱེད་ཀྱིན་ཡོད་པ་རེད། དཔེར་ན་སྤྱི་ཚོགས་རིང་ལུགས་དང་དམར་པོའི་རིང་ལུགས། གཅིག་སྡུད་ལམ་ལུགས་དང་དམག་འཛིན་ལམ་ལུགས། དེ་བཞིན་དམངས་གཙོ་ལམ་ལུགས་འདི་ལ་ཆ་བཞག་ན་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གི་མི་སེར་གྱི་རང་དབང་དང་ཐོབ་ཐང་སོགས་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་སྟབས་མི་ཚང་མས་འདི་ལ་དགའ་མོས་ཀྱིས་སོ་སོའི་སྲིད་གཞུང་དེའི་ལམ་ལུགས་སུ་བདམས་པ་རེད། དེ་དང་དེ་བཞིན་ད་དུང་ཡང་ཆབ་སྲིད་ལམ་ལུགས་འདི་དག་ལ་མ་འདང་ས་མ་འཚང་ས་སོགས་མང་པོ་ཞིག་འདུག་ཅེས་མང་པོ་ཞིག་གིས་སྐྱོན་བརྗོད་བྱེད་ཀྱིན་ཡོད། གང་ལྟར། ཆབ་སྲིད་ལྟ་གྲུབ་སྦྱོང་བརྡར་བྱེད་རྒྱུ་འདི་ཧ་ཅང་གི་མགོ་ཉོག་པོ་ཞིག་རེད། འོན་ཀྱང་དེ་ཧ་ཅང་གི་ནང་དོན་ཅན་དང་དགའ་བ་འཕེལ་བའི་རིག་ཚན་ཞིག་ཀྱང་རེད། རྒྱུ་མཚན་ནི་ད་ལྟ་ཡོད་ཚད་ཆབ་སྲིད་དང་འདྲེས་ནས་ཡོད་དུས། ཆབ་སྲིད་སློབ་སྦྱོང་དེ་དགོས་ངེས་ཤིག་རེད་འདོད། སྔོན་ཆད་ལྟ་གྲུབ་ཏག་ཏག་ཅིག་སྦྱངས་པ་མ་ཟད་། སྲིད་གཞུང་མང་པོ་ཞིག་གི་ལམ་ལུགས་གཤིབ་བསྡུར། དེ་བཞིན་ཆབ་སྲིད་ཀྱི་ངོ་བོ་སོགས་སྦྱངས་པ་རེད། འོན་ཀྱང་ལག་ལེན་གྱི་ཆ་ནས་བརྗོད་ན་དེ་ལ་དེ་ཙམ་གྱི་འབྲེལ་བ་ཞིག་མེད་པ་ལྟ་བུ་སྣང་གིན་འདུག འདི་ནི་མི་དེ་ཆབ་སྲིད་པ་ཞིག་མིན་པས་ཡིན་སྲིད་ལ། ཡང་ན་ཆབ་སྲིད་སྐོར་གྱི་དོན་གནད་ལ་གོ་བ་དང་ཐེ་བྱུས་མ་བྱས་པས་ཀྱང་ལོས་ཡིན་འདོད་མོད། གང་ལྟར་ང་ལ་མཚོན་ན་གཞུང་ཞིག་དམངས་གཙོ་ཡིན་ཟེར་ན་ཅི་འདྲ་ཞིག་ཡིན་མིན་དང། དེ་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ཀྱང་ཡོད་ཟེར་ན་གོ་བ་ཇི་ལྟར་ལེན་དགོས་མིན་སོགས་ཀྱི་ཤེས་བྱ་སོགས་ཀྱི་ཐད་ལ་ཕན་པ་འདུག་སྙམ། ད་དུང་ཆབ་སྲིད་ལྟ་གྲུབ་ཀྱིས་ཞན་ཆ་སོགས་ཀྱང་ཧ་ཅང་མང་པོ་ཞིག་ཡོད་རེད་བསམ་གྱིན་འདུག

དྲི་བ། ལགས་སོ། ཉིད་ཀྱིས་བཅར་འདྲི་འདི་དང་ལེན་བྱས་པར་བཀའ་དྲིན་ཆེ་ཞུ་བ་དང་གཤམ་ནས་ངེད་ཀྱིས་དྲི་བའི་མ་ཁེབས་ས་ནས་ཁྱོད་ལ་སྤྱི་ཚོགས་སུ་ཞུ་རྒྱུ་ཅིི་ཞིག་ཡོད་ན་མ་གསང་དྲང་ བོར་ཞུ་རོགས་ལགས།

ལན། དམིགས་བསལ་གྱི་སྐད་ཆ་འདྲ་བཤད་རྒྱུ་མེད། གང་ལྟར་ཐེངས་འདིའི་བཅར་འདྲི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རང་ཉིད་ད་དུང་ཡང་ཆབ་སྲིད་རིག་པར་སྦྱང་བརྩོན་བྱེད་ཀྱིན་པའི་མི་ཞིག་ཡིན་པའི་ཆ་ནས་དང། དེ་བཞིན་ཆབ་སྲིད་ཀྱི་བསམ་བློའི་གོ་རྟོགས་ཞན་པའི་སྐྱབས་བཅོལ་མི་རིགས་ཤིག་ཡིན་པས་ང་ཚོས་ཕྱི་ནང་གི་ཆབ་སྲིད་བསམ་བློར་ཞིབ་འཇུག་སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེན་པོ་རེད་བསམ། རྒྱུ་མཚན་ནི་འུ་ཅག་གི་བོད་མིའི་སྒྲིག་འཛུགས་འདིའི་ལམ་ལུགས་སྔར་ལས་ཚགས་ཚུད་དང་ཡར་རྒྱས་ཡོང་ཐབས་ལ་ཕན་པ་དང་གཅིག དེ་བཞིན་རྩ་དོན་རྩོད་པར་དངོས་ཤུགས་བརྒྱུད་གསུམ་ནས་དགེ་མཚན་ཆེན་པོ་ཡོད་པ་དང་གཉིས། འཛམ་གླིང་མི་རིགས་གཞན་གྱི་ཆབ་དཔལ་རིག་གསུམ་ལ་ངེས་ཤེས་རྙེད་ནུས་པ་དང་གསུམ། མ་འོངས་བོད་ཀྱི་རྒྱལ་ཁབ་འཛུགས་བསྐྲུན་ལ་སྲི་ཞུ་སྒྲུབ་ནུས་པའི་གྲ་སྒྲིག་ཡོད་པ་དང་བཞི་བཅས་ཀྱི་ཁེ་ཕན་ཞིག་འདུག་སྙམ། གང་ལྟར་འཛམ་གླིང་གི་ཤེས་བྱ་ཚང་མར་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་བྱེད་དགོས་པ་དེ་འགྲོ་བ་མི་ཞིག་ཡིན་པའི་འགན་དང། ཕྱི་ནང་གི་ཆབ་དཔལ་རིག་གསུམ་ལ་སྦྱོང་བ་བྱེད་རྒྱུ་ནི་རང་དབང་མེད་ལ་སྔོན་ཐོན་མིན་པའི་བོད་པ་ཞིག་གི་འགན་རེད་འདོད། བཀའ་དྲིན་ཆེ།

༼སྤྱི་ཚོགས་མེ་ལོང་ཚང་ལ་ཆོག་མཆན་མ་ཞུས་པར་འདིར་འོས་སྦྱོར་བྱས་པར་དགོངས་འགལ་མེད་པ་ཞུ།༽

བཅར་འདྲི།

Post navigation

Previous Post: ཁྲུང་ཁྲུང་འཕུར་སོང་།
Next Post: རྩོམ་རིག་སྒྱུ་རྩལ་སྐོར་གང་དྲན་གླེང་བ།

Comments (4) on “འུ་ཅག་མི་རིགས་ལ་ཆ་མཚོན་ན་ཆབ་སྲིད་ཤེས་ལྡན་པ་མང་པོ་ཞིག་གསོ་སྐྱོང་བྱེད་རྒྱུ་གལ་ཆེན་རེད།”

  1. ཨེ་མི་ལེ། says:
    2013-07-31 at 2:45 pm

    གྲོགས་པོས་ཡག་པོ་བཤད་འདུག རྗེས་སུ་ཡི་རང་ངོ་།།

  2. འོད་གསལ says:
    2013-07-31 at 3:00 pm

    ད་རྩོམ་འདི་ལ་གཟིགས་དང་། ག་འདྲའི་ཡག་པོ་འདུག །མི་འདིས་རང་གི་ཆགས་སྡང་གི་གཏམ་དང་མ་འདྲེས་པར་བསམ་ཚུལ་ཆ་ཚང་བག་ཡོད་ཀྱི་སྒོ་ནས་གསུངས་འདུག་པས། ང་ཚོ་བོད་པ་ཚོར་གོ་རྟོགས་གསར་བ་སད་པར་ཕན་ནུས་ཡོད་པ་ཞིག་རེད། ཁ་བརྡར་ཕེབས་པའི་མི་སྐྱ་ཤེས་ཡོན་ཅན་འདི་ཚོ་ཡག་པོ་འདུག །འདི་ཆགས་སྡང་གི་གཏམ་མ་ཡིན་པས་མཆན་བུ་མང་བོ་མི་འདུག་པ་སེམས་སྐྱོ་བ་ལ། གྲྭ་བ་དང་གྲྭ་ལོག་ཚོའི་ཆགས་སྡང་གི་གཏམ་ལ་མཆན་བུ་མང་དྲགས་པ་འདེབས་ཀྱིན་ཡོད།

  3. ཨ says:
    2013-07-31 at 4:55 pm

    རེད། གོང་གི་དྲ་གྲོགས་གཉིས་ཀྱི་སྐད་ཆར་ཡི་རང་ཡོད། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་ཞེས། རང་རེའི་མཐོ་དམན་ཚང་མས་འཆད་ཀྱིན་ཡོད་པ་རེད་དེ། དོན་དངོས་ལ་དམིགས་བསལ་ཆབ་སྲིད་སྐོར་གྱི་གླེང་མོལ་དང་། ཟབ་སྦྱོང་། ངོས་སྤྲོད། ཚོད་ལྟ། ལས་འགུལ་སོགས། རང་རེའི་བྱེས་ཡུལ་འདིའི་མང་ཚོགས་དང་དྲ་ཚིགས་ཁྲོད་ན་ཧ་ཅང་གིས་དཀོན་པོ་རེད། གནས་ཚུལ་དེ་འདྲ་ཞིག་གིས་ཡིན་གྲང་། དེང་སྐབས་ས་ཆ་འདིའི་མང་ཚོགས་ཆབ་སྲིད་ལས་འགུལ་གྱི་ཤུགས་ཀྱང་། ངའི་སྣང་ཚོད་ལྟར་ན་ངོ་མ་ཉམས་རྒུད་དུ་འགྲོ་བཞིན་འདུག དེའི་དཔེ་མཚོན་ཡང་མང་པོ་འདུག་སྟེ། ཚང་མས་ཤེས་ཤིང་མྱོང་བཞིན་པ་རྐྱང་རྐྱང་ཡིན་ཕྱིར་བཤད་དགོས་དོན་མི་འདུག དེ་ནས་ངས་དྲི་བ་དྲི་ལན་འདི་དེ་རིང་དགོང་དྲོར་དྲ་ཚིགས་འདི་ནས་མཐོང་བྱུང་། དྲ་ཐོག་ནས་ཞིབ་མོར་ལྟ་ཁོམ་དང་ཆ་རྐྱེན་མེད་ཙང་། ངས་འདྲ་བཤུས་བརྒྱབ་ནས་ལྷོད་པོར་བཀླགས་ཡིན་ཏེ། ང་རང་ཉིད་ལ་ཆབ་སྲིད་གོ་རྟོགས་རྦད་དེ་མེད་ཙང་། སྙིང་དོན་འདི་རེད་ཟེར་བ་ཞིག་རག་མ་སོང་། གལ་ཏེ་ཅི་ཞིག་རག་ཡོད་པའི་དབང་དུ་བཏང་ན། ཆབ་སྲིད་ཐད་ཀྱི་གལ་དོན་ལོ་རྒྱུས་ཐན་ཐུན་རེ་དང་། དེ་བཞིན་གནས་ཚུལ་དང་ཐ་སྙད་རེ་ཟུང་ཞིག་ཡིན་དགོས་པ་འདྲ། གང་ལྟར་ཞིབ་ཏུ་བལྟ་ངེས་ཡིན་ལ་མུ་མཐུད་ནས་འདི་འདྲ་འོང་ཐུབ་ན་ངོ་མ་ཡག་པོ་འདུག ཁ་བརྡ་རྩོམ་སྒྲིག་པ་གཙོས་ཁོང་རྣམ་པར་བཀའ་དྲིན་ཆེ།

  4. བསྟན་པ། says:
    2013-08-01 at 1:49 am

    སོ་སོས་སོ་སོ་འོས་སྦྱོར་བྱེད་མཁན་དེའི་རིགས་ལ་གནའ་ནས་ཁོ་ཆད་ནས་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme