Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་དང་བགྲེས་མོ་ནཱན་དྷི་ནི།

Posted on 2013-07-182013-07-18 By ཁ་བརྡ་ 34 Comments on ང་དང་བགྲེས་མོ་ནཱན་དྷི་ནི།

བཀྲ་ཤིས་དོན་འགྲུབ།

ཞོགས་པའི་རླུང་བུ་ནི་ཧ་ཅང་བསིལ་འཇམ་ཡིན་ལ། དབྱར་དུས་ཀྱི་སྔ་དྲོའི་མཛེས་ལྗོངས་ནི་ལྟ་བས་མི་ངོམ་པ་ཞིག་ཡིན་པས་ཆུ་ཚོད་བདུན་པ་ཟིན་མ་ཐག་མལ་ལས་ལངས་ཏེ་ཕྱི་རོལ་དུ་བསྐོར་འཆམ་ལ་འགྲོ་རྒྱུ་ནི་བདག་གི་དགའ་ཕྱོགས་ཤིག་ཡིན། འོན་ཀྱང་རྒྱ་མཚོ་དང་ཐག་ཉེ་བའི་ཡུལ་ལུང་འདིར་དབྱར་དུས་གནམ་གཤིས་དྭངས་པའི་སྐབས་ཤིན་ཏུ་ཉུང་བས་ཉི་འོད་ཀྱི་དྲོད་འཇམ་ལ་ལོངས་སྤྱོད་རྒྱུའི་གོ་སྐབས་ཧ་ཅང་དཀོན། ལྷག་པར་ད་ལོའི་དབྱར་འགོ་ཚུགས་ཙམ་ནས་ཆར་པ་ཆད་མེད་དུ་བབས་པའི་རྐྱེན་གྱིས་དགེ་སློབ་ཚོས་དུས་རྒྱུན་ཆར་གདུགས་རེ་འབྲལ་མེད་དུ་འཆང་དགོས་ཀྱི་ཡོད།
རྒྱུན་ལྡན་ལྟར་དེ་རིང་ཡང་ང་རང་དགོན་པའི་ཤར་ངོས་ཀྱི་སྒོ་ཆེན་བརྒྱུད་ནས་འགྲོ་སྐབས་རྟག་པར་མཐོང་རྒྱུ་ཡོད་པའི་བགྲེས་མོ་ནཱན་དྷི་ནིས་སྒོ་ཆེན་གྱི་ཟུར་ལོགས་ཤིག་ནས་ངང་ལག་འཚོང་བཞིན་འདུག བགྲེས་མོ་ཁོང་ནི་ཉེ་ལོགས་རྒྱ་གར་གྱི་གྲོང་གསེབ་ཅིག་ནས་ཡིན་ཞིང༌། མོའི་ལོ་ཚད་ནི་མ་མཐར་ཡང་ལྔ་བཅུའི་ཡན་ཡིན་པ་སྐྱ་ཕྱེད་སྔོ་ཕྱེད་དུ་སོང་བའི་སྐྲ་ལོ་དེ་དང་ངོ་གདོང་ཡོངས་སུ་ཤར་ཤུར་བབས་པའི་གཉེར་རིས་དག་གིས་གསལ་བཤད་བྱས་འོངས།
མོས་ནམ་རྒྱུན་ཆེ་ཆུང་འཚམས་པའི་སྨྱུག་གཟེབ་ཅིག་ངང་ལག་གིས་བཀང་སྟེ་ཞོགས་པ་སྔ་མོ་ནས་དགོན་པར་འཚོང་དུ་ཡོང་གི་ཡོད་ཅིང༌། ཉིན་གུང་མ་ཟིན་གོང་ངང་ལག་ཡོངས་རྫོགས་བཙོང་ཟིན་འགྲོ་བ་རེད། ཁོང་མོའི་ཚོང་རྒྱག་སྟངས་ནི་ཧ་ཅང་བབས་ཆགས་ཤིག་སྟེ། ཉོ་མཁན་མདུན་དུ་ཡོང་ན་འཛུམ་རེ་ཕྱུང་ནས་འཚོང་རྐྱང་བྱེད་པ་ལས། ཚོང་པ་གཞན་དག་དང་འདྲ་བར་བཙན་གྱིས་ཉོ་རུ་འཇུག་པའམ་ཚོང་སྐད་བརྒྱབས་ནས་མི་རྣམས་སུན་དུ་འཇུག་པ་སོགས་གཏན་ནས་མི་བྱེད། མོའི་ངང་ལག་རྣམས་སྨིན་པ་ལེགས་ཤིང་བོངས་ཆེ་བའི་ཁར་གོང་ཚད་ཀྱང་རན་པོ་ཡོད་པས་ཉོ་མཁན་ཚོས་དགའ་པོ་བྱེད། དྲང་པོར་བཤད་ན་ང་རང་ཡང་དེའི་གྲས་ཀྱི་གཅིག་ཡིན་ཏེ། མཚམས་རེར་ང་རང་ལ་སྒོར་རྡོག་གཅིག་ཀྱང་ཐོགས་རྒྱུ་མེད་པའི་སྐབས་ཡོད་པ་མ་གཏོགས་དེ་མིན་ངས་ངང་ལག་ཉོ་རྒྱུའི་གོ་སྐབས་དེ་གློད་མི་སྲིད།

དེ་རིང་ང་ལ་སྒོར་མོ་འགའ་ཐོགས་རྒྱུ་ཡོད་པར་མ་ཟད་སྟབས་ལེགས་པ་ཞིག་ལ་ངང་ལག་ཉོ་མཁན་གྱི་འཚང་ཁ་ཡང་ཆུང་བས་བློ་བདེ་པོས་ངང་ལག་ཉོ་ཆོག ངས་གོ་སྐབས་དེ་བཟུང་སྟེ་བགྲེས་མོའི་ས་ནས་ངང་ལག་བླངས་ཏེ་བཟས་པ་ཡིན། ངང་ལག་བཟས་ཚར་བ་དང་ཨམ་ཕྲག་ནས་ལྕགས་སྒོར་འགའ་བཏོན་ནས་བགྲེས་མོར་བྱིན་མོད། ངང་ལག་གཅིག་གི་རིན་ཚད་ནི་སྒོར་གཅིག་དང་སྐར་ལྔ་བཅུ་ཡིན་སྟབས་མོ་ལ་སིལ་མ་སློག་རྒྱུ་མེད་ཁར་ང་ལའང་སིལ་མ་སློག་རྒྱུ་མེད་པས་སྐར་ལྔ་བཅུ་བུ་ལོན་མི་འཇོག་ཀ་མེད་བྱུང༌། ང་རང་སྒོ་ཆེན་ཕྱིར་ཐོན་ནས་འགྲོ་སྐབས་ཁོང་མོས་ང་ལ་བོས་ཏེ་སླར་ཡང་“སྐར་ལྔ་བཅུ་པོ་མ་བརྗེད་པར་གྱིས་ཨ་་་་་་” ཞེས་རྒྱ་གར་གྱི་སྐད་ཐོག་ནས་གསལ་འདེབས་བྱས་བྱུང༌།
མོས་གལ་ཏེ་མི་གཞན་ཞིག་ལ་སྐར་ལྔ་བཅུའི་དོན་དུ་དེ་ལྟར་ནན་བཤད་བྱས་ཚེ་མི་དེས་“མིན། ངས་སྐར་ལྔ་བཅུ་པོ་མ་སྤྲད་པར་འདི་ནས་འབྲོ་རྒྱུ་ཡིན།” ཞེས་སུན་པའི་ཉམས་ཀྱིས་འཆད་སྲིད། མ་མཐར་ཡང་སེམས་ནང་ནས། “རྨོ་ཏོ་འདི་སེར་སྣ་ཆེ་བ་ལ་སྐར་ལྔ་བཅུ་ཡང་བློས་ཐོང་གི་མི་འདུག་”སྙམ་ངེས། འོན་ཀྱང་ང་ལ་ནི་ལྡོག་སྟེ་མོའི་སྐད་ཆ་དེས་སེམས་འགུལ་ཐེབས་སུ་བཅུག མ་གཞི་ངའི་གོ་བ་ལེན་སྟངས་གང་ཡང་མི་གཞན་དང་ལྡོག་ཟླར་ཡོང་གི་ཡོད་པས་ཡིན་སྲིད་དེ། ངས་ནི་ཁོང་མོས་དེ་ལྟར་ནན་བཤད་བྱས་པར་རྔུལ་ནག་གི་རིན་ཐང་ལ་བརྩི་འཇོག་བྱས་པའི་ཚད་གཞི་ནས་བལྟས་པ་ཡིན།

དགོན་པའི་མདུན་ངོས་ཀྱི་ནག་ཤར་ཤར་གྱི་གཞུང་ལམ་དེ་ནས་འཁྱར་འཁྱོར་དུ་གོམ་ཁ་བསྒྱུར་ཞོར་ངས་“སྐར་ལྔ་བཅུ་པོ་མ་བརྗེད་པར་གྱིས་ཨ་་་་” ཞེས་པའི་སྐད་ཆ་དེར་བསྐྱར་དུ་བསམ་གཞིག་བྱེད་དགོས་བྱུང༌། མཚམས་དེར་ཁོ་མོ་དང་འབྲེལ་བའི་དོན་དག་མང་པོ་ཞིག་ཀྱང་ངའི་དྲན་ངོགས་སུ་འཚངས་ཡོང༌། ད་དུང་ངས་ཁོ་མོ་དང་འདྲ་བར་དཀའ་སྡུག་གིས་འཚོ་བ་རོལ་བའི་དྭ་ཕྲུག་ར་ཇུ་ཡང་དྲན་གསོ་བྱས་པ་ཡིན། ར་ཇུ་དཔྱིད་ཀ་ཉི་མ་ཚ་དུས་མ་གཏོགས་དགོན་པའི་ཉེ་འཁོར་དུ་མཐོང་དཀོན། ཁོ་རང་ད་ལྟ་ལོ་བཅུ་གཉིས་ལས་ལོན་མེད། ཁོ་ལོ་ལྔ་ལ་མ་སོན་གོང་ཕ་མ་གཉིས་པོ་འཇིག་རྟེན་འདི་དང་ཁ་བྲལ་སོང༌། དེ་ནས་བཟུང་ར་ཇུས་གཞན་གཡོག་བརྒྱུགས་ནས་འཚོ་བ་སྐྱེལ་གྱི་ཡོད། སྦྱིན་བདག་གི་བཀའ་ལྟར་དཔྱིད་ཀ་གནམ་གཤིས་ཚ་བའི་དབང་གིས་བེ་ཏའི་སིལ་ཁུ་བྲིན་པོ་ཡོད་པས། ས་གཞི་ཡང་འཚོས་ལ་ཁད་བྱེད་པའི་དཔྱིད་ཀྱི་ཉི་མ་ཚ་པོ་དེ་འདྲར་ཁོས་དཀའ་སྡུག་ལ་མ་འཛེམས་པར་དགོན་པའི་ཁོར་ཡུག་ཏུ་བེ་ཏའི་ཤིང་འབྲས་ཚོང་བར་ཡོང་དགོས་ཀྱི་ཡོད།
ར་ཇུའི་ལུས་ཤ་རིད་ཆེ་བའི་ཁར་ཉི་མས་ཚིག་དྲགས་ནས་སྔོ་ནག་ཏུ་གྱུར་བའི་ཁོའི་ངོ་གདོང་དེ་ནི་མཐོང་མ་ཉིད་ནས་མི་སེམས་ལ་སྐྱོ་བ་སྐྱེ་རུ་འཇུག་པ་ཞིག་རེད་ཨང༌། ངས་དུས་རྒྱུན་ར་ཇུ་ལ་གདུང་སེམས་འཆང་གི་ཡོད་མོད། མཚམས་རེར་ཁོའི་དཀའ་སྡུག་གིས་འཚོ་བ་རོལ་བའི་དཔའ་སྤོབས་དེའི་མདུན་དུ་རང་ཉིད་ནི་ཅི་འདྲའི་ཉམ་ཆུང་ནུས་མེད་ཅིག་ཡིན་པའི་སྣང་བ་འཆར་འོང༌། གང་ལྟར་ངས་ཁོ་ལ་སྙིང་རྗེ་བྱེད་པ་ལས་ཡིད་སྨོན་བྱས་ན་འོས་ཤིང་འཚམས། མ་མཐར་ཡང་ང་རང་ལ་ལྟོས་ན་དེ་འདྲ་རེད་སྙམ། དེ་ནི་ར་ཇུའི་ཞུམ་པ་མེད་པའི་ཧུར་བརྩོན་གྱིས་ང་ལ་བཞག་པའི་བག་ཆགས་ཤིག་ཀྱང་ཡིན་སྲིད། གང་ལྟར་ངས་རང་ཉིད་ཀྱི་བསམ་ཚུལ་ནོར་མེད་སེམས་ཀྱི་ཡོད་ལ་མི་ཞིག་གི་ངོས་ནས་བཤད་ན་ལྷག་པར་དེ་ལྟར་རེད་སྙམ། ལྟ་ཚུལ་གྱི་ཐད་ནས་དུས་རྒྱུན་ང་རང་མི་གཞན་དང་རྩོད་པ་མང་པོ་བྱེད་དགོས་ཀྱི་ཡོད་པ་བཞིན་བསམ་ཚུལ་འདིར་ཡང་རྩོད་པ་ཐེངས་ཁ་ཤས་བྱེད་དགོས་བྱུང༌།
ཐེངས་ཤིག་ལ་གྲོགས་པོ་དོན་ཡོད་ངེད་གཉིས་ར་ཇུའི་སར་བེ་ཏའི་སིལ་ཁུ་འཐུང་བར་ཡོང་སྐབས། དོན་ཡོད་ཀྱིས་ར་ཇུ་ལ་མིག་བརྡ་འཕེན་བཞིན་ཡིད་སུན་པའི་ཉམས་ཀྱིས་བཤད་དོན་“ར་ཇུ་དང་འདྲ་བར་འཁོས་ཆུང་གི་བྱ་བས་མི་ཚེར་མཇུག་སྡོམ་འགོད་མཁན་དག་ནི། འཇོན་ཐང་མེད་མཁན་ཞེ་གཅིག་རེད།” ཟེར། ང་ལ་ཉིན་དེར་རྩོད་པ་རྒྱག་པའི་སེམས་ཁམས་མེད་པས་ངས་ཅི་ཡང་མ་བཤད། དོན་ཡོད་ཀྱིས་མགོ་བོ་འཕྲེད་དུ་གཡུག་བཞིན་མུ་མཐུད་ནས་བཤད་དོན་“དེང་སྐབས་ང་ཚོ་བོད་པའི་སྤྱི་ཚོགས་ཁྲོད་དུའང་ར་ཇུ་འདྲ་བ་ཇེ་མང་རེད། དཔེ་མཚོན་ཙམ་བཞག་ན་བག་ལེབ་དང་ལ་ཕིང་བཙོང་ནས་འཚོ་བ་སྐྱེལ་མཁན་གྱི་གྲྭ་ལོག་དག་ལྟ་བུ་རེད། ཁོ་ཚོས་འདི་ལས་བཟང་བའི་ལས་ཀ་ཞིག་ཀྱང་རག་གི་མེད་ན་ཅིའི་ཕྱིར་གྲྭ་པ་ལོག་པ་རེད་དམ། ཞིབ་ཏུ་བསམ་ན་འདི་ཚོ་ནི་བོད་པའི་ཞབས་འདྲེན་རེད།” ཟེར།

དོན་ཡོད་ཀྱི་རང་མཐོང་ཆེ་ཞིང་གཞན་ལ་ཁྱད་གསོད་བྱ་རྒྱུ་ཐལ་ཆེ་བའི་སྐད་ཆ་འདི་དག་གིས་ང་ལ་ཁོང་ཁྲོ་བསླངས་བྱུང༌། དེ་བས་ངས་ཀྱང་ཁོ་ལ་ཁྲེལ་དགོད་ཡིད་ཚིམ་པ་ཞིག་བྱས་མཐར་“ཁྱོད་ཀྱིས་བཤད་པ་དེ་ག་རང་རེད། རིན་མེད་ཀྱི་ཁ་ཟས་རྐྱང་རྐྱང་གིས་རྒྱགས་པར་གྱུར་བའི་ཁྱོད་དང་ང་ལྟ་བུ་རྣམས་ནི་ད་གཟོད་རླབས་ཆེན་དུ་བརྩི་ཆོག་པ་རེད། ད་དུང་བོད་རིགས་ལ་འཁྲུངས་པར་བོད་པ་ཚོས་དགའ་འབོད་བྱེད་འོས་པ་ཞིག་རེད།”ཅེས་ཟུར་ཟའི་ནང་དོན་ཡོད་པའི་ལན་ཞིག་བཏབ་པར་དོན་ཡོད་ཀྱིས་ཅི་མི་སྙམ་པའི་ཉམས་དང་བཅས་“ང་ཚོས་རིན་མེད་ཀྱི་ཁ་ཟས་ལ་སྤྱོད་པ་ནི་ཐོབ་ཐང་ཞིག་རེད། ཕྱོགས་གཞན་ཞིག་ནས་བཤད་ན་རྒྱགས་པར་གྱུར་བ་འདི་ཡང་སྒེར་སོ་སོའི་བསོད་བདེ་རེད།” ཟེར། སྐབས་དེར་ངས་ཁོ་ལ་ངུ་དགོད་ཅིག་བྱས་པ་ལས་ཅི་ཡང་མ་བཤད། གལ་སྲིད་ངས་ཁོ་ལ་གནས་ལུགས་ཤིག་བཤད་ཁུལ་བྱས་པའི་དབང་དུ་བཏང་ནའང་ཁོས་ཡ་ང་མེད་པའི་རྫིག་གཏམ་ཞིག་གིས་ངའི་སྐད་ཆར་སུན་འབྱིན་བྱེད་ངེས་ཏེ། “ཁྱོད་རང་ཉམ་ཐག་དེ་ཚོར་སྨོན་པ་དེ་ཙམ་སྐྱེ་ཡི་ཡོད་ན་ཅིའི་ཕྱིར་ཁོ་ཚོའི་གྲས་སུ་མི་འགྲོ་བ་ཡིན། ཁྱོད་ལ་རིན་མེད་ཀྱི་ཁ་ཟས་ལ་སྤྱོད་པར་བཙན་དབང་བྱེད་མཁན་སུ་ཡང་ཡོད་མི་སྲིད་” ཅེས་པའི་འཇིགས་སྐུལ་ཡ་མེད་འདི་ཡིན་པར་ངས་ཚོད་དཔག་བྱེད་ཐུབ།
མིའི་རིགས་ནི་མ་གཞི་ནས་རང་ཉིད་ཀྱི་གནས་བབས་ངོས་མི་ཟིན་པའི་སྤམ་རྫུ་དང་ཚུལ་འཆོས་ཀྱིས་འཚོ་བའི་སྲོག་ཆགས་རིགས་ཤིག་རེད་ཨང༌། ཁོ་ཚོས་རང་ཉིད་ཀྱི་ཞེ་འདོད་ཁོ་ན་བདེན་དོན་དུ་རློམ་ཞིང༌། ད་དུང་སྐྱེས་བུ་དམ་པ་ཚོའི་གསུང་ཚིག་དག་ཀྱང་རང་གི་ཞེ་འདོད་སྒྲུབ་བྱེད་དུ་ཅི་མི་སྙམ་པར་བཀོལ་ངེས། དོན་དུ་ཁོ་ཚོས་སྐྱེས་བུ་དམ་པ་ཚོ་རྩེད་སྤྱད་བྱས་པ་མ་རེད་དམ།
དགོན་པའི་ཤར་ངོས་ཀྱྀ་སྒོ་ཆེན་དེ་ཡང་བསྐྱར་ངའི་མིག་ལམ་དུ་མངོན་བྱུང༌། མཚམས་དེར་ངས་ཕྱིར་དྲན་བྱེད་ཞོར་དགོན་པའི་ཁོར་ཡུག་ཡོངས་རྫོགས་ཐེངས་གཅིག་བསྐོར་ཟིན་པ་གཞི་ནས་ཚོར་བྱུང༌། སྒོ་ཆེན་དང་ཐག་ཇེ་ཉེར་འགྲོ་བ་དང་སྦྲགས་བགྲེས་མོ་ནཱན་དྷི་ནི་ཡང་མཐོང༌། ཁོང་མོ་མཐོང་མ་ཐག་ངས་ད་དུང་སྐར་ལྔ་བཅུའི་བུ་ལོན་འཇལ་མེད་པ་དྲན། ངས་དགོན་པའི་ཉེ་འཁོར་དག་ཏུ་བྲེལ་བ་ཆེན་པོས་ཡར་རྒྱུག་མར་རྒྱུག་འགའ་བྱས་ཏེ་སྐར་ལྔ་བཅུའི་སིལ་མ་བརྗེ་རྒྱུ་བཙལ་ཡང་ངལ་བ་འབྲས་མེད་དུ་གྱུར།

ངས་བསམ་གཞིག་བྱས་མཐར། ཡར་མར་བསྡོམས་པས་སྒོར་དྲུག་ཅུ་སྤྲད་དེ་གླ་འཁོར་ཞིག་ཏུ་བསྡད་ནས་གཞིས་གྲོང་དང་པོར་བསྐྱོད། དེར་ཚོང་ཁང་ཞིག་ནས་སྐར་ལྔ་བཅུའི་སིལ་མ་བརྗེ་རྒྱུ་རྙེད་པ་དང༌། ངས་སྐར་ལྔ་བཅུ་ཅན་གཉིས་སྒོར་མོ་གཅིག་ལོར་ཞིག་དང་བརྗེས་པ་ཡིན། དྲང་པོར་བཤད་ན་ངས་བྲེལ་བ་འདི་འདྲ་བྱེད་དགོས་དོན་མེད་དེ། བགྲེས་མོ་ཁོང་གིས་སྐར་ལྔ་བཅུ་པོ་དེ་རིང་རང་འཕྲོད་དགོས་པར་བཤད་མེད་པས་སོ།། འོན་ཀྱང་ང་ལ་བགྲེས་མོ་ཞིག་གིས་རང་ཉིད་ལ་བཅངས་པའི་ཡིད་ཆེས་དོན་འཁྱོལ་བྱུང་བར་སྨོན་པའི་རྣམ་འགྱུར་དེ་མྱུར་དུ་མཐོང་འདོད་ཀྱི་ཧམ་སེམས་ཆེ་བའི་ཁར། བགྲེས་མོ་ཁོང་ནི་ཉིན་ཕྱེད་ཀྱི་སྔོན་ལ་ངང་ལག་བཙོང་ཟིན་ནས་ཕྱིར་ལོག་འགྲོ་ཡི་ཡོད་སྟབས་ད་གཟོད་ང་རང་བྲེལ་བ་ལངས་པ་ཡིན།
དངུལ་སྐར་སིལ་མ་བརྗེ་མཁན་གྱི་ཚོང་པ་དེ་ངའི་བྲེལ་འཚུབ་ཀྱི་རྣམ་འགྱུར་ལ་དོ་སྣང་བྱུང་བ་འདྲ། ཁོས་ང་ལ་མཚར་ཉམས་ཀྱིས་གནས་ཚུལ་བྲིས་པར་ངས་གནས་ཚུལ་ཇི་བཞིན་པར་བཤད། དེར་ཁོས་ཁྲེལ་དགོད་བྱེད་བཞིན་“ཁྱེད་རང་མི་གླེན་རྟགས་ཚ་པོ་ཞིག་རེད། སྐར་ལྔ་བཅུའི་དོན་དུ་སྒོར་མོ་དྲུག་བཅུ་འཕྲོ་བརླག་ཏུ་གཏོང་སྲོལ་ཡོད་དམ། དེ་ནི་རྐང་འཁོར་གྱི་ཚབ་ཏུ་རླངས་འཁོར་སྤྲོད་པ་དང་འདྲ། དེ་བས་བགྲེས་མོ་ཁོང་ལ་སྒོར་གཅིག་བྱིན་ཏེ་སྐར་ལྔ་བཅུ་བློས་གཏང་ན་དེ་གས་ཆོག་པ་མིན་ནམ།” ཟེར་བར་ངས་འཐད་པའི་བརྡ་ལ་མགོ་བོ་ལྕོག་ཙམ་བྱས་པ་ལས་ཅི་ཡང་མ་བཤད། མ་གཞི་ང་རང་ཁོའི་སྐད་ཆར་འཐད་པ་མིན་ཡང་ཁོ་ལ་གནས་ལུགས་འགྲོ་ས་མེད་པ་ནི་ཤེས་སླ་སྟེ་ཁོས་ང་རང་ཧ་ཅང་སྟབས་བདེའི་ངང་གླེན་རྟགས་ཅན་ཞིག་ཏུ་ཐག་བཅད་པ་དེ་གས་ཚོད་དཔག་བྱེད་ཐུབ་པ་མ་ཡིན་ནམ། ངས་རང་ཉིད་གླེན་རྟགས་ཅན་ཞིག་ཡིན་མིན་ནི་རང་ཉིད་ཀྱིས་ཀྱང་མི་ཤེས་མོད། སྐར་ལྔ་བཅུའི་དོན་དུ་སྒོར་མོ་དྲུག་ཅུའི་གྱོང་ཁུར་བ་ནི་དངོས་འབྲེལ་རེད། དེ་ཡང་ངས་སྙིང་པོ་ཅི་ཡང་མེད་པའི་སྒོར་མོའི་དབང་ཤུགས་གསོག་གསོབ་དེ་ངོམ་ནས་བགྲེས་མོ་ཁོང་གི་ངལ་རྩོལ་རིན་ཐང་དང་དྲང་ཞིང་གཙང་བའི་འཚོ་ཚིས་ལ་ཁྱད་གསོད་བྱེད་མི་འདོད་སྟབས། ཚོང་པ་དེས་གླེན་རྟགས་སུ་བརྩི་བའི་དོན་དེ་ངས་བླ་མེད་ཀྱི་བརྩི་བཀུར་ཞིག་ཏུ་བརླམས་ནས་བསྒྲུབས་པ་ཡིན།

ངས་བགྲེས་མོར་སྐར་ལྔ་བཅུ་ཏག་ཏག་ལས་འཐོལ་པ་སྐར་གཅིག་ཀྱང་སྤྲད་མེད་མོད། མི་ཚེ་དཀའ་སྡུག་གིས་སྐྱེལ་ཞིང་འཚོ་གནས་ཀྱི་མཐའ་མཚམས་ན་འགྲེ་ལྡོག་རྒྱག་བཞིན་པའི་མྀ་དམངས་དཀྱུས་མ་ཞིག་གི་ཉམ་ཆུང་གི་འཚོ་བ་ལ་བརྩི་འཇོག་བྱས་པའི་སྤོབས་སེམས་ཤིག་གཟོད་ང་ལ་ཐེངས་དང་པོར་སྐྱེས་བྱུང་བས། ངའི་སེམས་ནང་གི་དགའ་སྤྲོ་ནི་བརྗོད་ཐབས་བྲལ་ལ་དེ་ནི་ང་རང་སྒེར་ལ་དབང་བའི་ལོངས་སྤྱོད་འབའ་ཞིག་ཀྱང་ཅི་ལ་མིན་ཨང༌།
ངས་རང་གིས་བསྒྲུབས་པའི་དོན་དག་འདི་སུ་ལའང་བཤད་ཕོད་ཀྱི་མེད་དེ། མི་གཞན་གྱི་ངོར་འདི་དག་ཡོད་ཚད་གླེན་རྟགས་ཁོ་ན་ལས་ཅི་ཡང་མིན་པས་སོ།།
ངས་དུས་རྒྱུན་རང་ཉིད་ཀྱི་ལྟ་ཚུལ་ཡོད་ཚད་གནས་ལུགས་དང་མཐུན་དགོས་པའི་མཁྲེགས་འཛིན་བྱེད་ཀྱི་མེད་ཀྱང༌། མི་ཞིག་འཇིག་རྟེན་འདི་ནས་ཁེར་ཚུགས་སམ་བདེ་ཐང་གིས་འཚོ་དགོས་ཚེ། མེད་དུ་མི་རུང་བའི་ཆ་རྐྱེན་ཉག་གཅིག་ནི་རང་གིས་རང་ལ་གདེང་འཇོག་བྱ་རྒྱུ་དེ་མ་ཡིན་ནམ།

བརྩམས་སྒྲུང་།

Post navigation

Previous Post: གང་ལྟར་མོག་མོག་ཞིག་གི་ཚུལ་དུ་ང་དང་བརྩེས་པ་བཀའ་དྲིན་ཞུ།།
Next Post: འཕུར་ལ་ཉེ་བའི་བྱེའུ་ཆུང་ཁྱུ་ཞིག

Comments (34) on “ང་དང་བགྲེས་མོ་ནཱན་དྷི་ནི།”

  1. ཀླུ་སྨྱོན། says:
    2013-07-18 at 2:40 pm

    བཀླགས་ནས་མཇུག་ཏུ་མ་བསླེབས་བར་དུ་ངས་རྩོམ་འདི་འབྲི་མཁན་མི་གླེན་པ་ཞིག་ཡིན་པ་རྟོགས་མ་སོང་། གྲྭ་པ་ཁ་ཤས་ཀྱིས་དཔེ་ཆར་ཨུ་ཚུགས་ཀྱིས་བལྟས་དྲགས་ཏེ་ཤེས་པ་འཆལ་འཆོལ་དུ་འགྱུར་འགྲོ ཁྱེད་ཀྱང་དེ་འདྲ་རེད་འདུག སེམས་སྐྱོན་ནམ་རླུང་སྐྱོན་བྱུང་འདུག འབའ་བ་ཕུན་དབང་ལ་བཙོན་ཁང་དུ་སེམས་སྐྱོན་བྱུང་དུས་སྲན་མ་ནག་པོ་རྡོག་གཅིག་ཡར་སྦས་མར་སྦས་ཀྱིས་དེའི་དོན་དུ་སེམས་ཁྲལ་དཔག་མེད་བྱས་པ་དེ་དྲན་སོས་སོང་། ཁྱེད་ཀྱི་སེམས་ནང་ན་སྐར་མ་ལྔ་བཅུ་དེ་རང་གིས་བཞག་པའི་བག་ཆགས་མ་གཏོགས་སྐར་མ་ལྔ་བཅུ་དེ་སྒོར་མོ་གཅིག་གམ་གཉིས་སུ་འགྱུར་བ་བཏང་ནས་རྒན་མོ་དེར་དེ་ལས་ལྷག་པའི་བག་ཆགས་འཇོག་པའི་བསམ་བློ་ཐོལ་བརྒལ་དེ་འདྲ་སྐྱེ་མ་ཐུབ་པ་རེད། གནས་སྟངས་འདི་ལས་གྲྭ་སའི་རྟོག་གེ་བ་ཚོའི་བསམ་བློ་ཧ་ཅང་གུ་དོག་པོ་ཟུར་བལྟས་ལེབ་མཐོང་རེད།

  2. བཀྲ་ཤིས་དོན་འགྲུབ། says:
    2013-07-18 at 3:32 pm

    སྨྱོ་ཟིན་པའི་མི་ཞིག་གིས་གཞན་ལ་སེམས་སྐྱོན་ཅན་དུ་མཐོང་བ་འདི་ནི་རྒྱུན་ལྡན་ཞིག་ལས་ཅི་ཡང་མ་རེད། མི་སྒེར་གྱི་བསམ་བློ་ལ་སྒེར་གཅོད་བྱེད་པར་གོམས་ལོབས་སུ་གྱུར་བཞག་པའི་ཁྱོད་འདྲའི་ཀླད་པའི་ནང་བསམ་གཞིགས་གསར་པ་ལས་འཁྲུངས་པའི་རྩོམ་ཡིག་འདི་འདྲ་ཤོང་བའི་རེ་ལྟོས་ཁོ་བོས་འཆང་མྱོང་མེད། དེ་བས་ཀྱང་ཁྱོད་རང་ངའི་རྩོམ་ཡིག་གིས་མགུ་མི་ཐུབ་པ་ནང་བཞིན་ངས་ཀྱང་མཇེ་སྟུ་ལས་མཐོང་མི་ཐུབ་པའི་ཁྱོད་དང་ཁྱོད་ཀྱིས་བྲིས་པའི་བསམ་བློའི་རིན་ཐང་དང་སྒྱུ་རྩལ་གྱི་རིན་ཐང་ཅི་ཡང་མེད་པའི་རྩོམ་ཡིག་འཆལ་འཆོལ་དེ་ཚོ་ཀླད་པ་ཉོག་བྱེད་ཙམ་ལས་ཅིར་ཡང་བརྩི་ཡིན་མེད་མོད། ང་ཁྱོད་ལྟར་གཞན་གྱི་ཕུན་ཚོགས་ལ་མི་བཟོད་མཁན་ཞིག་མིན་པར་མ་ཟད་གཞན་གྱི་བསམ་བློའི་རང་དབང་ལ་ཡང་ཚད་ངེས་ཅན་ཞིག་ནས་བརྩི་འཇོག་བྱེད་ཤེས་མཁན་ཞིག་ཡིན་པ་མ་གཏོགས། ཁྱོད་ཀྱི་ཡིག་ཉོག་འཆལ་འཆོལ་དེ་ཚོ་ནི་རིག་གནས་ཀྱི་གད་སྙིགས་རང་ཡིན་པས་གཙང་བཟོ་བྱེད་རན་ཐག་ཆོད་འདུག གཞན་ད་དུང་རེ་འབོད་ཞུ་རྒྱུ་ཞིག་ལ། ཁྱོད་ལ་སྲོལ་རྒྱུན་གྱི་རྔ་གོག་དེ་བསྐྱར་རྡུང་ཡང་རྡུང་བྱེད་རྒྱུ་ལས་མེད་བཞིན་དུ། གཞན་གྱི་རྣོ་སྦྲེང་གྱི་དབྱངས་རྟར་ཁ་གཉེར་སྣ་གཉེར་བྱ་རྒྱུ་དེ་མཚམས་འཇོག་བྱས་ན་མི་བཟང་ངམ་ཞེས་ལབ་རྒྱུ་ཡིན་སྨྱོན་པ་ལགས།

  3. ཀླུ་སྨྱོན། says:
    2013-07-18 at 3:59 pm

    ངས་བཤད་འདོད་པ་དེ་ཁྱོའི་སེམས་ནང་འཛུལ་གི་མི་འདུག ཁྱོས་ཁྱོད་ཀྱི་སེམས་གཏིང་ནས་རྒད་མོ་དེའི་འཚོ་བ་རོལ་སྟངས་ལ་བརྩི་བཀུར་ཡོད་ཅེས་ཕྱོགས་སྣ་སྒོར་མོ་ནས་རྗོད་བཞིན་འདུག དེ་ནི་ཡིན་སྲིད། དེ་ནི་སྐར་མ་ལྔ་བཅུ་དེ་སྒོར་གཅིག་ལ་ཡང་ཡར་འཕར་མི་ཐུབ་པའི་ཚོར་བ་སྐྱོ་བོ་ཚད་བཀག་ཅན་ཞིག་རེད། ཁྱོས་སྐར་མ་ལྔ་བཅུའི་དོན་དུ་སྒོར་དྲུག་ཅུ་འཕྲོ་བརླག་ལ་བཏང་བ་དེ་ཁོ་ནས་ཁྱོད་ཀྱི་ཀླད་པར་སྐྱོན་ཡོད་པ་དེ་བསྟན་འདུག མ་གཞི་ཁྱོད་ཀྱི་རྩོམ་དེ་ཡག་པོ་འདུག གྲྭ་ས་ན་འདི་ཙམ་ཞིག་འཁྱོངས་པའི་དེང་རྩོམ་པ་ཞིག་ཡོད་ཤག་མ་བྱས། ཡིན་ཡང་རྩོམ་ཡིག་འདི་འདྲའི་ཨོའུ་ཙམ་ཞིག་འཁྱོངས་མཁན་ཁྱེད་ལ་ཡང་ཟུར་ཞིག་ན་ཀླད་པའི་ནང་སྐར་ལྔ་བཅུ་དང་སྒོར་དྲུག་ཅུའི་སྣོན་བསྒྱུར་བགོ་འཕྲི་ལ་རྨོངས་པའི་ཞན་ཆ་ཞིག་འདུག་ལབ་པ་ཡིན། རྩོམ་རང་གི་ངོས་ནས་ངས་ཕྲག་དོག་བྱས་མེད་ལ་ངས་ཕྲག་དོག་བྱེད་དགོས་པའི་རྩོམ་རྩལ་ད་དུང་ཁྱོད་ལ་མི་འདུག ཨ་མའི་ཤ

  4. ཀླུ་སྨྱོན། says:
    2013-07-18 at 4:02 pm

    ལོ་ན་རྒན་གཞོན་དང་ཉམས་མྱོང་གང་གི་ཐད་ནས་ཀྱང་ཁྱོས་ད་རུང་ལོ་བཅུ་གྲངས་ལ་རྔུལ་ནག་སྤྱད་ནས་མ་བྲིས་ན་ངས་སྐར་མ་ལྔའི་རིང་བྲིས་པའི་མཇེ་རྩོམ་གཅིག་གི་རིན་ཐང་ཡང་ད་དུང་ཁྱོས་འཇལ་ཐུབ་ནི་མ་རེད། སེམས་གཏམ་འདི་སེམས་ལ་ཟུངས་ནས་འབད་པ་བྱོས་ར་ཡར་སྐྱེད་འབྱུང་ནོ་ཁོ་ཐག་ཡིན།

  5. ཀླུ་སྨྱོན། says:
    2013-07-18 at 4:05 pm

    གཅིག་བྱས་ནས་འདི་ནི་ངས་བྲིས་པའི་ང་གྲྭ་ས་ནས་ཁྱི་རུ་གྱུར་པའི་འཆར་ཡན་རིང་ལུགས་ཀྱི་སྒྲུང་དེའི་བརྗོད་བྱའི་ང་དེ་ནང་བཞིན། ཁྱོད་ཀྱིས་ཀྱང་ང་ཞིག་བཞེངས་ནས་ང་དེར་སྨྱུག་རྩེ་ནས་ཀླད་པ་མི་དྭངས་པའི་མི་དེའི་སྒྲུང་དེ་འཁྲབ་ཀི་བཅུག་པ་ཞིག་ཀྱང་ཡིན་སྲིད། དེ་འདྲ་ཡིན་ན་ནི་ངས་ཁྱོད་ཀྱི་སྨྱུག་རྩལ་ལ་གདེང་འཇོག་ཕྲན་བུ་བྱེད་ཀྱི་ཡིན། ཡིན་ཡང་འདི་ཁྱོས་ང་རྒྱལ་གྱི་མ་རྩར་གསོག་འཇོག་མ་བྱེད་པར་ད་དུང་ཁུ་སིམ་སིམ་ངང་འབྲི་གིན་སྡོད་དང་ཉི་མ་གཅིག་ལག་རྗེས་རེ་འཇོག་ཐུབ་ན་ཐང་།

  6. བཀྲ་ཤིས་དོན་འགྲུབ། says:
    2013-07-18 at 4:14 pm

    དགོངས་དག་གྲོགས་པོ། ཁྱོད་ཀྱི་རིན་ཐང་ལྟ་ཚུལ་དེ་ངེས་པར་དུ་ངས་དང་ལེན་བྱ་དགོས་ཟེར་ན་དེ་ནི་བཙན་ཤེད་ཅིག་ཡིན་པས་ནམ་ཡང་ཁས་ལེན་ཐབས་བྲལ། དེ་ནི་གཞན་གང་ཡང་མིན་པར་ཁྱོད་ལ་སྒེར་སྡོམ་གྱི་གོམས་གཤིས་བཙན་པར་ར་སྤྲད་པ་ཙམ་རེད། རྩོམ་རྩལ་གྱི་ཆ་ནས་ང་དགེ་ཁྱོད་དམན་ཞེས་སྤྱི་ཚོགས་ཀྱི་ཁྲོད་ནས་འུར་འདྲོགས་མཐའ་གཅིག་ཏུ་བྱས་བསྡད་ན་དེ་ཡང་ནང་གི་དེ་ཉིད་ངོམ་པ་ཙམ་ཡིན་པས་མང་པོ་བཤད་འདོད་མི་འདུག་མོད། ཡོད་ཚད་དུས་ཚོད་ཀྱིས་ཐག་བཅད་ནས་ཡོང་ངེས། དེ་མིན་གྲྭ་ས་ཞེས་པ་དེ་ནི་གང་ལྟར་རིག་པ་སྦྱང་སའི་སྤྱི་ཚོགས་ཆེན་པོ་ཞིག་ཡིན་ལ་གྲྭ་སའི་གྲྭ་པ་ནི་རིག་པ་འཚོལ་མཁན་གྱི་སྐྱེས་བུ་ངོ་གནོང་མི་དགོས་པ་དག་ཡིན་པས། ཅི་ཡིན་འདི་ཡིན་མེད་པར་ཆོས་ཚོང་རྒྱག་མཁན་ཚོ་ལ་བསམས་ན་ལྟོས་བཅས་ཀྱིས་ཤེས་རབ་ཀྱི་བདག་པོ་ཡིན་ངེས་རེད། ད་ནི་ང་ལ་སྨྱོ་བཤད་རྒྱག་པའི་ཁོམ་པ་མེད།

  7. བཀྲ་ཤིས་དོན་འགྲུབ། says:
    2013-07-18 at 4:21 pm

    ཁྱོད་ཀྱི་མཇེ་རྩོམ་དེ་འདྲ་ངས་འབྲི་འདོ་མི་འདུག་པར་མ་ཟད། ང་ལ་དེ་ཚོ་ནི་རིག་གནས་ཀྱི་གད་སྙིགས་ཡིན་པའི་ལྟ་ཚུལ་ཡོད་པ་མ་གཏོགས། དེ་འདྲ་ཞིག་ལ་རྩོམ་ཟེར་སྲོལ་ཞིག་གང་ན་ཡོད་དེ་གང་དྲན་བྱུང་རྒྱལ་དུ་སྐར་མ་ལྔ་སྨྱོ་ལབ་བརྒྱབ་པ་དེ་གས་ཆོག་པ་རེད། དེར་འབད་དགོས་དོན་དང་དུས་ཚོད་ཆུས་བཟོས་སུ་གཏོང་དགོས་དོན་ཞིག་འདུག་གམ།

  8. བཀྲ་ཤིས་དོན་འགྲུབ། says:
    2013-07-18 at 4:21 pm

    ཁྱོད་ཀྱི་མཇེ་རྩོམ་དེ་འདྲ་ངས་འབྲི་འདོ་མི་འདུག་པར་མ་ཟད། ང་ལ་དེ་ཚོ་ནི་རིག་གནས་ཀྱི་གད་སྙིགས་ཡིན་པའི་ལྟ་ཚུལ་ཡོད་པ་མ་གཏོགས། དེ་འདྲ་ཞིག་ལ་རྩོམ་ཟེར་སྲོལ་ཞིག་གང་ན་ཡོད་དེ་གང་དྲན་བྱུང་རྒྱལ་དུ་སྐར་མ་ལྔ་སྨྱོ་ལབ་བརྒྱབ་པ་དེ་གས་ཆོག་པ་རེད། དེར་འབད་དགོས་དོན་དང་དུས་ཚོད་ཆུད་བཟོས་སུ་གཏོང་དགོས་དོན་ཞིག་འདུག་གམ།

  9. ཀླུ་སྨྱོན། says:
    2013-07-18 at 4:31 pm

    ཁྱོས་ངའི་མཇེ་རྩོམ་བཀླགས་ཡོད་དུས་ཁྱོད་ཀྱང་རིག་གནས་ཀྱི་གད་སྙིགས་འཐུ་མཁན་ཞིག་ཆགས་ཚར་འདུག དེ་ནི་བཤང་བཙོང་མར་རྒྱོ་བརྒྱབ་རྗེས་བཤང་བཙོང་མར་གཤེ་བ་དང་གཅིག་པ་རེད། རྟགས་ཁྱབ་ལ་རང་གིས་བསམ་བློ་ཐོངས།

  10. ཀླུ་སྨྱོན། says:
    2013-07-18 at 4:37 pm

    ཁྱོས་གྲྭ་སའི་དཔལ་འབྱོར་གྱི་ཡོང་ཁུངས་ཤེས་མི་འདུག ད་གྲྭ་ས་ཆེན་པོར་དྲ་འབུ་ཚོར་ངན་སྨྲོས

  11. གནམ says:
    2013-07-18 at 9:11 pm

    སྐར་ལྔ་བཅུའི་དོན་དུ་སྒོར་དྲུག་ཅུས་ཡིད་ཆེ་ཉོས་བ་དེ་ཧ་ལས་པའི་ཡག་པོ་རེད། དྲང་མོ་མདའ་འདྲ་བ་ཟེར་ན་ཁྱོད་རེད། ཚིག་ཐོག་ནས་འདུག་ཐུབ་པའི་མི། ཡིད་ཆེ་བློ་འགེལ་བྱས་ན་འཐུས་བའི་མི། སྲལ་འི།
    སྒོར་མོ་ལྷག་མ་སྤྲད་མི་སྤྲད་དེ་བསམ་བློ་གཞན་ཞིག་རེད། སྐབས་དང་འབྲེལ་བ་དེ་འདྲ་མི་འདུག།

  12. གནམ says:
    2013-07-18 at 9:18 pm

    ཨ་ལགས་ཁྲག་འཐུང་ཚང་གི་མཇེ་རྩོམ་ཚོ་ཡང་གད་སྙིགས་འདྲ་ཡིན་ནི་མ་རེད། དྲིན་ཆེན་ཆོ།

  13. ཀརྡོ་གཉེར་ཕྱག་པ་ says:
    2013-07-19 at 12:02 am

    ༤༽ ཀླུ་སྨྱོན་ནས།
    ་་་་་་་མཇེ་རྩོམ་གཅིག་གི་རིན་ཐང་ཡང་ད་དུང་ཁྱོས་འཇལ་ཐུབ་ནི་མ་རེད། ་་་་ཟེར་བ་འདིའི་ནང་གི ༼ཁྱོས་༽དང་༼ནི༽་སྒྲ་འདི་གཉིས་ནི། ཨམ་སྐད་རང་གི་ཨ་མའི་ཕོར་པར་གཙང་ཞེན་ཆེ་དྲགས་པས་འདིར་ཁ་བརྡར་མི་མཛེས་སོ།། །།ཀླུ་སྨྱོན་ལགས།། །།

  14. བཀྲ་ཤིས་དོན་འགྲུབ། says:
    2013-07-19 at 2:20 am

    གཞང་འཚོང་མ་ལ་འཁྲིག་སྤྱོད་བྱས་ནས་གཞང་འཚོང་མར་དམོད་ན་རང་ཉིད་ཀྱང་དེ་དང་འདྲ་བའི་ཉེས་ཅན་པ་ཡིན་པ་ནང་བཞིན། རིག་གནས་ཀྱི་གད་སྙིགས་དག་ལ་རིག་གནས་ཀྱི་རིན་ཐང་གི་ཚད་གཞི་ནས་བལྟས་ན། ད་གཟོད་རིག་གནས་ཀྱི་གད་སྙིགས་འཐུ་མཁན་ཞིག་ལོས་ཡིནཡང་། ངས་ནི་རིག་གནས་ཀྱི་གད་སྙིགས་དག་ལ་གད་སྙིགས་ཀྱི་ངོས་ནས་ལྟ་བ་ཡིན་ཏེ་དཔེར་ན་གཞང་འཚོང་མར་གཞང་འཚོང་མའི་གནས་སུ་བཞག་སྟེ། ཨེཌ་སིའི་ནད་ངན་སོགས་ལ་སྐྲག་སྟེ་འཁྲིག་སྤྱོད་བྱེད་རྒྱུར་འཛེམས་པ་བཞིན། ད་ནི་དམ་བཅའ་བས་རྟགས་ཁྱབ་ཁས་ལེན་དགོས་ས་རེད་དམ་ཡང་ན། རྟགས་བསལ་བ་མགོ་བོ་འཕྲུགས་ནས་ལུས་རྒྱུ་གང་རེད་བསམ་མནོ་ཐོངས། མ་གཞི་ཀླུ་སྨྱོན་ཟེར་བ་འདིར་ཁག་ཞེ་དྲགས་མེད་དེ་སྔར་ཞིག་ཁོས་ཀྱང་གདན་ས་འབྲས་སྤུངས་ཕྱོགས་ཀྱི་བག་ལེབ་ཚོད་མེད་ཅིག་བཟས་ཡོད་ཚོད་འདུག་ཀྱང་། དེང་སང་མཇེ་སྟུའི་བར་ནས་རྟགས་ཁྱབ་ཀྱི་འགྲོ་སྟངས་དེ་ཚོ་ཡོད་ཚད་བརྗེད་ཚར་ཡོད་བཟོ་འདུག

  15. བཀྲ་ཤིས་དོན་འགྲུབ། says:
    2013-07-19 at 2:36 am

    གནམ་ཟེར་བའི་དྲ་འབུ་འདི་དང་འདི་འདྲ་བ་མང་པོ་ཞིག་གིས། ལུང་སྟོང་ནང་གི་མིང་སྟོང་འདི་ཚོར་རྒྱུ་མཚན་མེད་པའི་སྤྲེལ་ལད་འཁྲབ་རྒྱུ་མང་དྲགས་ཏེ། དེང་སང་ཁོ་ཚོའི་གྲས་དེ་རྦད་དེ་ངན་ལངས་ལ་ཤོར་ནས་རིག་གནས་ཀྱི་གད་སྙིགས་གང་སར་སྐྲུན་བཞིན་ཡོད་པར་མ་ཟད། ཧ་ལམ་མིན་ན་བོད་མི་རིགས་ཀྱི་རྩོམ་རིག་གི་བདག་པོ་དེ་ཁོ་ཚོ་ཡིན་ཁུལ་གྱིས། “ཨའུ་ཙི་བྲིས་བཞག་མུ་མཐུད་ནས་ཤུགས་རྒྱོབས་དང་ཅི་ཞིག་ཆགས་ངེས་རེད་དང་ལག་རྗེས་འཇོག་ངེས་རེད།” ཅེས་ཁེངས་དྲེགས་ཆེན་པོས་རྩོམ་འབྲི་བ་ཡོད་ཚད་ཀྱི་མདུན་ལམ་གཏན་འབེབས་བྱེད་ཁུལ་གྱི་ལུང་བསྟན་སྣ་ཚོགས་སྒྲོག་པར་བྱེད། དྲ་འབུ་ལས་ངན་ཚོ་ཤར་དུང་རི་ཚང་གིས་བོད་ནང་གི་རུལ་སུངས་བ་མང་པོ་ཞིག་གི་གདོང་འབག་དམར་བཤུ་བྱས་པ་ནང་བཞིན་བཙན་བྱོལ་ནང་གི་ཆེ་མདོག་སྒམ་མདོག་སྟོན་མཁན་གྱི་ཀླད་སྟོང་ལངས་ཤོར་འདི་ཚོའི་གདོང་འབག་དམར་བཤུ་བྱེད་རན་ཡོད་ལགས།

  16. གནམ says:
    2013-07-19 at 5:41 am

    ཁྱི་རྒན་བདག་པོ་དམུར་མཁན་ལ་བདག་པོ་མི་བྱེད་ཁོ་ཐག་ཡིན། མྱི་ངོ་བདག་ངོ་མི་ཤེས་ནིའི་ཁྱི་རྒན་འདི་ཚོས་རྗེས་མར་མི་ཉན་མོ།

    ལུང་བ་ཕུག་མེད་ནང་གི།
    མཆོད་རྟེན་མགོ་མེད་འདི་ལ།།
    སྐོར་བ་རྒྱག་ཏུ་ཡོང་དུས།།
    བྱིན་རླབས་ཟེར་བ་ཕར་བཞག།
    གོ་ལྷམ་མཐུལ་ཞབས་བརྡུལ་སོང་།།

    སྐོར་འཆམ་གཡེང་ལ་དགའ་བའི།།
    བླ་རྒན་རླུང་རོ་ཞིག་ལ།
    དོན་མེད་ཁ་ཞིག་གྲགས་པར།།
    འཛེམས་མེད་སྡུག་ཤི་འདྲེན་དུས།།
    སུ་ཡིན་ངོ་རྟོག་ཆོད་སོང་།།

    ཁེངས་ཐོ་རླུང་གི་བཀྱག་ནས།།
    ཀླད་པའི་ཁྲག་རྩ་འཐོར་ན།
    སྡུག་པ་ཆེ་རག་ཡིན་པས།།
    རྒྱང་ནས་རྒྱང་དུ་གྱེས་ནས།།
    གད་སྙིགས་བདག་མེད་བཏང་ཡིན།

  17. དབྱངས་ཅན་འབངས། says:
    2013-07-19 at 6:01 am

    བཀྲ་ཤིས་དོན་གྲུབ་ལགས། ཁྱེད་ཀྱི་རྩོམ་ཉམས་ལ་བཤད་དགོས་མེད་པ་ངས་ཤེས། འོན་ཀྱང་བརྗོད་དོན་དེ་དངོས་བྱུང་ཡིན་ན་ང་ཡང་ཡ་མཚར།

  18. བཀྲ་ཤིས་དོན་འགྲུབ། says:
    2013-07-19 at 8:26 am

    དབྱངས་ཅན་འབངས་ལགས། ངས་མ་གཞི་དོན་སྙིང་ཡོད་པའི་སྐད་ཆ་ཟེར་བ་དེ་ཅི་ཞིག་གི་འདུན་པ་ཡོད་མཁན་ཞིག་ལ་བཤད་འདོད་པ་ལས། ཀླད་སྟོང་གཡམ་རྒྱུག་ཅན་མང་པོ་ཞིག་ལ་བཤད་འདོད་མེད་ཙང་ངས་ཁྱེད་ལ་གསལ་བཤད་ཐུང་ངུ་ཞིག་ཅིས་ཀྱང་བྱེད་དགོས་ཐུག་སོང་། སྒྲུང་གཏམ་ནི་སྒྲུང་གཏམ་ཡིན་པ་ལས་དངོས་ཡོད་མིན་པར་མ་ཟད། སྒྲུང་གཏམ་ཞིག་ཡིན་ཕྱིན་མཐའ་གཅིག་ཏུ་དངོས་ཡོད་འཚོ་བ་དང་འབྲེལ་བ་མེད་པའི་འཆར་ཡན་རིང་ལུགས་ཀྱི་སྒྲུང་གཏམ་ཁོ་ན་ཡིན་པའི་ངེས་པའང་མེད། གང་ལྟར་སྒྲུང་གཏམ་ནི་འཚོ་བ་ཚུར་སྣང་བྱས་པའི་རྩོམ་རིག་གི་བྱེ་བྲག་ཅིག་ཡིན་མོད། བརྩམས་ཆོས་གང་ཞིག་ལ་དཔྱད་མྱོང་བྱེད་ཀྱང་ཆེས་གལ་གནད་ཆེ་བ་ནི། བརྩམས་ཆོས་དེའི་བསམ་བློའི་འབབ་ས་གཙོ་བོ་དེ་གང་ལ་ཐུག་ཡོད་མིན་ལ་དཔྱད་འཇུག་བྱེད་དགོས་པ་ལས། “སྒྲུང་གཏམ་དེའི་ནང་མི་སྣ་དེ་འདྲ་ཞིག་གིས་བྱ་བ་འདི་འདྲ་ཞིག་ལས་ཀྱི་འདུག་”ཅེས་ཧང་སང་མདོག་དང་ཧ་ལས་མདོག་བསྟན་ནས་ཧད་དེ་སྡོད་པ་ནི་གླིང་སྒྲུང་ནང་གི་ཨ་ཁུ་ཁྲོ་ཐུང་ཟེར་བ་དེ་མི་ཆོ་མེད་ཅིག་ཡིན་ཙང་གླིང་སྒྲུང་དེ་ཡང་ཆོ་མེད་ཅིག་རེད་ཟེར་བ་དང་ཁྱད་ཅི་ཡང་མེད་པས། ཀླུ་སྨྱོན་ལྟ་བུ་རྩོམ་རིག་གོ་རྟོགས་ཅི་ཡང་མེད་ཀྱང་ཡོད་མདོག་སྟོན་མཁན་ཚོས་ཞེ་པོ་ཞིག་ཤེས་མདོག་སྟོན་པ་མ་གཏོགས། དོན་ངོ་མར་བདག་གི་སྒྲུང་གཏམ་ལ་གོ་བ་ཅི་ཡང་ལོན་མེད་པར་མ་ཟད་སྒྲུང་གཏམ་གང་དེར་གོང་དུ་བརྗོད་པའི་ལྟ་ཚུལ་སྐྱོན་ཅན་དེ་འདྲ་བཟུང་ཆེས་པས་བཟོ་ལྟ་ཤོར་བའི་སྐད་ཆ་འདི་འདྲ་བཤད་དགོས་བྱུང་བ་རེད།
    བདག་གི་སྒྲུང་གཏམ་དེས་བསྟན་འདོད་པ་ནི་རིན་ཐང་ལྟ་ཚུལ་གང་ཞིག་ངན་རུལ་དུ་གྱུར་བཞིན་པ་སྟོན་གྱི་ཡོད་པ་ལས། སྐར་ལྔ་བཅུའི་ཆེད་དུ་སྒོར་དྲུག་བཅུ་བློས་གཏོང་དགོས་ཟེར་བའི་དོན་མིན་ལ་དེ་འདྲའི་བསམ་བློ་དེ་དོན་མཐུན་ཞིག་ཡིན་པར་བསྟན་པ་ནི་དེ་བས་མིན། བྱེ་བྲག་ཏུ་གསལ་བཤད་བྱས་ན། སྒྲུང་གཏམ་དེས་བསྟན་འདོད་པ་ནི། ད་ཡོད་ཀྱི་སྤྱི་ཚོགས་ཁྲོད་ངལ་རྩོལ་གྱི་རིན་ཐང་དང་། འཚོ་གནས་ཀྱི་རིན་ཐང་མི་གཞིའི་རིན་ཐང་སོགས་ཡོད་ཚད་སྒོར་མོས་ཐག་གཅོད་ཐུབ་པར་འདོད་པའི་ལྟ་ཚུལ་དེར། སྒྲུང་གཏམ་ནང་གི་མི་སྣ་“ང་”ཡིས་སྐར་ལྔ་བཅུའི་ཆེད་དུ་སྒོར་དྲུག་བཅུ་བློས་བཏང་ནས་ལྟ་ཚུལ་དེ་ལ་མཐའ་གཅིག་ཏུ་མི་འདོད་པའི་རྣམ་འགྱུར་བསྟན་པ་དང་། དེ་ནི་ལུགས་མཐུན་མིན་པར་གསལ་བཤད་བྱེད་པ་ནི་སྒྲུང་གཏམ་འདིའི་རྩ་བའི་བསམ་བློ་ཡིན་ལ། དེ་ཡང་དཔྱད་མྱོང་གི་ནུས་པ་ཅུང་ཟད་ཡོད་མཁན་ཞིག་ཡིན་ཕྱིན་སྒྲུང་གཏམ་གྱི་སྔ་གཞུག་ཀུན་དུ་གསལ་གསལ་ཐིང་ཐིང་ཡིན་པས་སྙིང་རྗེ་དགོས་པའི་ཀླུ་སྨྱོན་གྱི་བསམ་ཚུལ་དེ་འདྲ་ཡོང་ཐབས་མེད་མོད། མི་ཤེས་ཤེས་མདོག་བྱས་པའི་གྲུབ་འབྲས་ནི་དེ་ཙམ་ལས་ཅི།
    སྤྱི་བཏང་བྱས་ན་སྒྲུང་གཏམ་པ་དང་སྙན་ངག་པ་ཟེར་བ་ནི་སྤྱི་ཚོགས་འཕེལ་རིམ་གྱི་ཆོས་ཉིད་ལ་ཤེས་ཚོར་རྣོན་པོས་རིག་ཐུབ་མཁན་ཞིག་ཡིན་དགོས་པ་ལས། ཅི་ཡིན་འདི་ཡིན་མེད་པར་སྲིད་གསུམ་འཇིག་ཀྱང་དངངས་སྐྲག་མེད་མདོག་སྟོན་མཁན་གྱི་མཇེ་སྟུ་མཁན་པོ་དག་ནི། མཇེ་སྟུའི་སྦྲིད་སྨན་ལ་ལོངས་སྤྱད་དྲགས་ཏེ་བཟི་ནས་ཡོད་པས་ཅི་ཁག ད་དུང་ཁོང་ཅག་ལ་ཞུ་འདོད་པ་ཞིག་ནི་ཁྱེད་ཚོའི་སྒྲུང་གཏམ་ལ་གོ་བ་ལེན་སྟངས་དེའི་ཤུགས་ལས་ཤེས་ཐུབ་པ་ནི། ཁྱེད་ཅག་ལ་ད་དུང་སྒྲུང་གཏམ་དང་གཏམ་རྒྱུད་རྣམ་ཐར་དང་རྟོགས་བརྗོད་སོགས་སོ་སོར་མ་འདྲེས་པར་ཕྱེད་ནུས་པའི་གོ་བ་ཙམ་ཡང་མེད་པར་གསལ་འོང་བས་མང་པོ་ཞིག་བཤད་ས་མེད་དེ། གླང་པོ་དང་བ་གླང་ནོར་ནས་གོ་བ་ལེན་ཚུལ་དང་འདྲ་བས་བཤད་ས་ཅི་ལ་ཡོད། ཧཧཧ

  19. བཀྲ་ཤིས་དོན་འགྲུབ། says:
    2013-07-19 at 9:11 am

    གནམ་ཟེར་བའི་དྲ་འབུ་ཞིག་གིས་ཚིགས་བཅད་འགའ་ཞིག་ལ་ཨུ་ཚུགས་བརྒྱབ་འདུག་མོད། སྙིང་རྗེ་བར་བསམས་ཏེ་གུ་ཡངས་བཏང་པ་ཡིན།

  20. འཛུམ། says:
    2013-07-19 at 10:15 am

    ལྟད་མོ་གནམ་ནས་བལྟ། གླུ་དབྱངས་རྒྱང་ནས་ལེན། ཧ་ཧ་ཧ། ད་ཕེབས་ཤོག

  21. རྭ་རྒྱ་བློ་དབང་། says:
    2013-07-19 at 11:00 am

    རྩོམ་འདི་དངོས་གནས་ཡག་པོ་ཞིག་འདུག བརྗོད་བྱེད་རྗོད་བྱེད་གང་ཐད་ནས་ཀྱང་ཡག་པོར་མཐོང་སོང་། འོན་ཀྱང་། ༼“མིན། ངས་སྐར་ལྔ་བཅུ་པོ་མ་སྤྲད་པར་འདི་ནས་འབྲོ་རྒྱུ་ཡིན།” ཞེས་སུན་པའི་ཉམས་ཀྱིས་འཆད་སྲིད། མ་མཐར་ཡང་སེམས་ནང་ནས། “རྨོ་ཏོ་འདི་སེར་སྣ་ཆེ་བ་ལ་སྐར་ལྔ་བཅུ་ཡང་བློས་ཐོང་གི་མི་འདུག་”སྙམ་ངེས། ༽ འདི་ནི་འཚོ་བའི་དོན་དངོས་དང་མི་མཐུན་པ་མ་ཟད། འདི་ལ་བལྟས་ན་དངོས་གནས་ཁྱེད་ལ་གླེན་རྟགས་ཅུང་ཆེ་བ་འདྲ།

  22. བཀྲ་ཤིས་དོན་འགྲུབ། says:
    2013-07-19 at 11:49 am

    དགོངས་དག་ཁྱེད་ཀྱང་ཀླུ་སྨྱོན་གྱི་གྲས་སུ་རྫོང་རྒྱུ་ལས་ང་ལ་ཐབས་ཤེས་མི་འདུག

  23. བཀྲ་ཤིས་དོན་འགྲུབ། says:
    2013-07-19 at 11:51 am

    དབྱངས་ཅན་འབངས་ཞུ་བ་ཁོང་ལ་བཤད་པའི་སྐད་ཆ་དེར་(འདུན་པ་)ལ་(བདུན་པ་)ཞེས་བྲིས་ནོར་ཤོར་འདུག་བཅོས་ནས་བཀླག་རོགས།

  24. དབྱངས་ཅན་འབངས། says:
    2013-07-19 at 12:39 pm

    བཀྲ་དོན་ལགས། ནང་དོན་གང་ཞིག་གིས་རྩ་བའི་དོན་དག་གམ་བསམ་དོན་སྒྲིབ་པ་ཡིན་ན། དེ་ནི་ནོར་འཁྲུལ་ཞིག་ཏུ་བརྩི་དགོས། ཁྱེད་ཀྱིས། “ངས་བསམ་གཞིག་བྱས་མཐར། ཡར་མར་བསྡོམས་པས་སྒོར་དྲུག་ཅུ་སྤྲད་དེ་གླ་འཁོར་ཞིག་ཏུ་བསྡད་ནས་གཞིས་གྲོང་དང་པོར་བསྐྱོད། དེར་ཚོང་ཁང་ཞིག་ནས་སྐར་ལྔ་བཅུའི་སིལ་མ་བརྗེ་རྒྱུ་རྙེད་པ་དང༌། ངས་སྐར་ལྔ་བཅུ་ཅན་གཉིས་སྒོར་མོ་གཅིག་ལོར་ཞིག་དང་བརྗེས་པ་ཡིན།” ཞེས་པ་འདིའི་ཚབ་ཏུ་སྨྲ་བ་པོའི་བསམ་བློ་རྟོགས་ཐུབ་པ་གཞན་ཞིག་འཇུག་ན་ཅིས་མི་ཡག གང་ཡིན་ཟེར་ན། བྱ་བ་དེ་འད྄་ཞིག་མ་བརྩམས་ཐབས་མེད་མ་ཆགས་པ་སྒྲུང་གི་དངོས་བསྟན་ཡིན་ལ། རྒྱུན་ལྡན་བསམ་བློའི་འཁོར་ཕྱོགས་དང་གཏན་ནས་མི་མཐུན་པ་དེས་སྒྲུང་ཡིན་ཀྱང་ཀློག་པ་པོའི་བློ་འགུག་མི་ཐུབ་པའི་ཁར་རྩོམ་ལྷག་མ་དག་ཀྱང་ཀློག་སྙིང་མི་འདོད་པ་བཟོ་སྲིད། འོན་ཀྱང་ངས་ཆ་ཚང་བཀླགས་པ་ཡིན། དེ་ལ་ནི་རྒྱུ་མཚན་གཞན་ཞིག་ཡོད་ངེས།

  25. བཀྲ་ཤིས་དོན་འགྲུབ། says:
    2013-07-19 at 1:38 pm

    དབྱངས་ཅན་འབངས་ཞུ་བ་ལགས། ད་ནི་ང་ལ་དགོངས་པ་མ་ཚོམ་རོགས་ཞུ་རྒྱུ་ལས་ཅང་ལྷག་མ་སོང་། བདག་གི་སྒྲུང་གཏམ་གྱིས་ཁྱེད་ཚོའི་དགོས་མཁོ་སྐོང་མ་ཐུབ་ན་དེར་ང་ལ་ཐབས་ཤེས་གང་ཡང་མི་འདུག ངས་བལྟས་ན་ཁྱེད་ཅག་གིས་ད་དུང་རྩོམ་རིག་གི་བློ་སྦྱོང་གང་འཚམས་མྱང་དགོས་བཟོ་འདུག གང་ལྟར་གནད་དོན་གསར་པ་ཞིག་གི་ལམ་ནས་ཁྱེད་རྣམ་པར་བསམ་བློ་གང་ཞིག་ར་སྤྲོད་ཐབས་མེད་པ་འདྲ། མཁས་པ་ཞིག་གིས་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་ཡོད་དེ། “སྒྲུང་འཏམ་པའི་འོས་འགན་ནི། ཀློག་པ་པོ་རྣམས་རྩེད་འཇོར་རོལ་དུ་འཇུག་པ་དང་སེམས་འགུལ་ཐེབས་སུ་འཇུག་པ་ཙམ་མིན་པར། བསམ་བློ་གཏོང་ཏུ་འཇུག་པ་དེའོ།།”(སྐད་ཆ་དེའི་ཚིག་རིས་ཇི་མ་ཇི་བཞིན་མི་དྲན་ཡང་དོན་དག་འདི་འདྲ་ཞིག་རེད།)ཞེས་ཟེར། ཁྱེད་ཀྱིས་ཀློག་པ་པོའི་ཡིད་འགུག་མི་ཐུབ་པར་འདོད་པའི་ལྟ་ཚུལ་དེ། སྐད་ཆ་འདིའི་ལྡོག་ཕྱོགས་ཀྱི་བསམ་བློ་དེ་ཡིན་པར་ཁོ་བོས་གོ་ཡོད་ལགས།

  26. བཀྲ་ཤིས་དོན་འགྲུབ། says:
    2013-07-19 at 1:40 pm

    བསམ་བློ་གཏོང་(དུ་)བཅོས།

  27. བན་དེ་བ། says:
    2013-07-19 at 1:53 pm

    བཀྲ་ཤིས་དོན་འགྲུབ་ལགས་དགོངས་པ་འཚང་མི་དགོས་་་་མི་སུམ་ཅུ་ལ་བསམ་པ་སུམ་ཅུ་ཡོད་རེད། དེ་བྱས་དུས་བསམ་ཚུལ་སྣ་ཚོགས་འབྱུང་སྲིད། ལྷག་པར་དུ་ཁྱེད་ཀྱི་རྩོམ་ལ་མི་ཚོས་དོ་སྣང་གིས་དཔྱད་པ་བྱས་འབྲས་སུ་བསམ་ཚུལ་བཤད་པ་རེད། བསམ་ཚུལ་དེ་དག་ཀྱང་བསམ་གཟས་སམ་ཁ་ཞེ་གཉིས་མེད་ཀྱིས་གཟས་པ་མ་རེད་དྲན། དྲ་འབུ་ངེད་ཅག་ནི་སྐབས་འགར་ཁ་རྩེད་ཀྱི་ཚུལ་དུ་ཤོད་པ་དང། སྐབས་རེར་བསམ་གཟས་ཀྱིས་འབྲི་བའང་ཡོད། གང་ལྟར་ཇི་ཙམ་གྱིས་དགག་བཞག་བྱེད་པ་དེ་རྩིས་ཀྱིས་མི་དེ་དག་གིས་ཁྱེད་དང་ཁྱེད་ཀྱི་རྩོམ་ལ་དོ་སྣང་བྱེད་པའི་རྟགས་རེད། དེ་མིན་ཆགས་སྡང་རྨོང་གསུམ་གྱིས་བཟི་བའི་རྩོམ་སྐྱག་དེ་རིགས་ལ་མི་ཚོས་དགའ་སྣང་མི་བྱེད། འོན་ཀྱང་མཆན་བུ་མང་ཙམ་འབྱུང་བའི་བརྒྱ་ཆར་བསམ་ན་བརྒྱ་ཆ་དགུ་བཅུ་གོ་དགུས་མི་དེ་ལ་སྣང་བ་མི་དེ་དང་དེ་ཡིས་བརྩམས་པ་ལ་མི་འདོད་པའི་རྣམ་འགྱུར་བཏོན་པ་ཙམ་རེད། ལྷག་པར་དུ་ཀླུ་སྨྱོན་ལྟ་བུ་རྩོམ་པ་པོ་ཞིག་གིས་ཁྱེད་ཀྱི་རྩོམ་ལ་དོ་སྣང་ཆེན་པོས་བཀླགས་པ་ནི་དེ་བས་ཀྱང་ཁྱེད་ཀྱི་རྩོམ་ལ་དགའ་སྣང་བྱུང་བའི་རྟགས་མཚན་རེད།

  28. བན་དེ་བ། says:
    2013-07-19 at 1:54 pm

    མི་དེ་དང་དེ་ཡིས་བརྩམས་པར་སྣང་བ་མི་འགྲོ་བའི་་་་་ཞེས་བཅོས་རོགས

  29. དབྱངས་ཅན་འབངས། says:
    2013-07-19 at 2:51 pm

    ང་ནི་རླུང་ལངས་རྒྱུ་ཕར་ཟད། སྤྲོ་སྣང་གིས་ཁེངས་ནས་བགྲོ་གླེང་བྱེད་བཞིན་ཡོད། བགྲོ་གླེང་བྱ་ཡུལ་དང་བྱེད་མཁན་ལ་རྣམ་དཔྱོད་ཡོད་པའི་ཐོག་ངར་ཤ་ཡོད་ན་བགྲོ་གླེང་བྱེད་ཀྱིན་བྱེད་ཀྱིན་ནང་དོན་ཇེ་ཟབ་དང་རིགས་པ་ཇེ་རྣོར་འགྲོ་བ་ཞིག་ལོས་དགོས། གོང་དུ་མཁས་པའི་འདོད་ཚུལ་དེ་ཡག་བྱུང་། ཁྱད་ཆོས་གསུམ་པོ་ཁྱེད་ཀྱི་སྒྲུང་རྩོམ་འདིར་ཇི་ཙམ་ཚང་མིན་དཔྱད་རྒྱུ་འདུག

  30. ཀླུ་སྨྱོན། says:
    2013-07-19 at 6:54 pm

    ང་ཡང་རང་ཉིད་ཚབ་མཚོན་བརྩམས་ཆོས་ཡོད་མེད་ལ་མ་ལྟོས་པར་ལོ་འདི་སྙེད་ཅིག་ལ་བརྩམས་སྒྲུང་བྲིས་ནས་ཡོང་བ་ཡིན། སྒྲུང་གཏམ་ཡག་ཉེས་ཕྲན་བུ་བཤད་ཐུབ་པའི་གདེང་ཚོད་ཡོད་མོད། གོ་བ་ལོག་སྒྲུབ་ཏུ་ཕྱིན་པ་ནི་ངས་རྩོམ་པ་པོ་དང་བརྩམས་ཆོས་ནང་གི་མི་སྣ་གཉིས་མི་གཅིག་ཏུ་བཞག་ནས་བསམ་ཚུལ་སྤེལ་བ་དེ་རྩོམ་པ་པོའི་བློས་མ་འཇུ་བ་རེད། དེ་བས་ངས་ཀྱང་ཁོ་ལ་ངར་སློང་ཕྱིར་གསེག་གཏམ་ཅུང་ཟད་ཐལ་བར། དེ་ནི་རྩོམ་པ་པོར་ཕོག་ཐུག་དེ་ལས་ཀྱང་ཆེ་ཙམ་ཞིག་འགྲོ་གཞིར་གྱུར་པ་རེད། ཁ་ཡག་ངོ་དགའ་མ་གཏོགས་མི་འགྲོ་བའི་རྩོམ་པ་པོ་ཞིག་བྱེད་ན་རྩོམ་ཡིག་བྲིས་རྗེས་དྲ་ངོས་སུ་སྤེལ་བ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆ་ཟེར་བ་དེ་ནི་སྦྲང་རྩི་ཏག་ཏག་མ་ཡིན་པ་ཡང་ཤེས་ན་ལེགས། ཉེ་ཆར་བོད་ནང་གི་དྲ་ངོས་སུ་ཚངས་དབང་དགེ་འདུན་བསྟན་པ་དང་བན་ཤུལ་དཔལ་མཁར་རྒྱལ་གཉིས་ཀྱིས་དྲ་འཛིང་བྱས་པ་འདིས་ང་ཚོར་རང་རེའི་རྩོམ་པ་པོ་དང་ཞིབ་འཇུག་པ་ཚོའི་བསམ་བློའི་དཀྱེལ་ཡངས་མིན་གྱི་གོ་བརྡ་གསལ་བོ་ཞིག་སྤྲད་ཡོད་པར་འདོད།

  31. མངའ་རིས་ཀརྨ་ says:
    2013-07-19 at 10:50 pm

    ཚང་མ་ལ་བཀྲ་ཤིས་བདེ་ལེགས།

  32. ཀླུ་སྨྱོན། says:
    2013-07-19 at 11:47 pm

    རྩོམ་ཡིག་འདི་སྒྲུང་གཏམ་གྱི་ཚད་དུ་མ་བཞག་པར་ཉིན་ཐོ་ཞིག་གི་ངོསནས་བལྟས་པ་ཡིན་ན་ངའི་སྡོམ་ཚིག་དེ་འགྲིགས་བསྡད་ཡོད་ལ། སྒྲུང་གཏམ་ཞིག་གི་ངོས་ནས་བལྟས་ན་དེའི་ནང་གི་མི་སྣ་དེའི་སེམས་ལ་ཟུར་དང་ངོས་དུ་མ་ནས་དཔྱད་དགོས་པར་འདོད་དོ།།

  33. གནམ says:
    2013-07-19 at 11:58 pm

    ཨ་བོ་ཀླུ་སྨྱོན་ལོ་ལོ།
    (ཉེ་ཆར་བོད་ནང་གི་དྲ་ངོས་སུ་ཚངས་དབང་དགེ་འདུན་བསྟན་པ་དང་བན་ཤུལ་དཔལ་མཁར་རྒྱལ་གཉིས་ཀྱིས་དྲ་འཛིང་བྱས་པ་འདིས་ང་ཚོར་རང་རེའི་རྩོམ་པ་པོ་དང་ཞིབ་འཇུག་པ་ཚོའི་བསམ་བློའི་དཀྱེལ་ཡངས་མིན་གྱི་གོ་བརྡ་གསལ་བོ་ཞིག་སྤྲད་ཡོད་པར་འདོད།)
    འདི་དྲ་བ་གང་ཞིག་ནས་ལྟ་ཐུབ་པ་རེད། རྩོད་དོན་ཅི་ཞིག་རེད། གསལ་ཁ་ཤིག་ཡིན་གཅིག་ཡོད་པར་གནང་ན་ང་ལ་ཕན་པ་ཡོང་བའི་དགེ་བ་བསགས་སྲིད། ཐུགས་འཇོག་གནང་། སྒྲུང་གཏམ་རྫུན་མ་དང་སེམས་པ་དམར་རྗེན་མ་གཉིས་ནས་སེམས་པ་དམར་རྗེན་མ་ཀློག་པ་ལ་དགའ་བོ་ཡོད།

  34. བཀྲ་ཤིས་དོན་འགྲུབ། says:
    2013-07-21 at 2:19 am

    ཀླུ་སྨྱོན་ཟེར་བ་དེ་ལ་ལབ་རྒྱུར། ཁྱོད་ཀྱིས་སྒྲོ་བཏགས་བྱས་པ་ལྟར་ངས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་བ་དེ་ཁ་ཡག་ངོ་དགའ་འཐོབ་ཕྱིར་མ་ཡིན་ཡང་། ངས་དོན་མེད་ཀྱི་མཐོང་ཆུང་དང་ཁྱད་གསོད་དེ་འདྲར་མགོ་བོ་བསྒུར་ཐུབ་ཀྱི་མེད་ལ། མཐོང་ཆུང་དང་ཁྱད་གསོད་ལ་མགོ་བོ་སྒུར་མཁན་དེ་ཚོར་ཁྱོད་ཀྱི་འདོད་པ་ལྟར་དུ་མི་དཀྱེལ་ཡང་ཅན་དུ་དེ་བས་ངོས་འཛིན་བྱེད་ཀྱི་མེད་པར་མ་ཟད། བྲན་གཤིས་ཅན་དུ་ངོས་འཛིན་བྱེད་ཀྱི་ཡོད། ལྟ་ཚཱུལ་གང་ཞིག་ལ་བགྲོ་གླེང་བྱེད་ཚེ་ད་གཟོད་དཀྱེལ་ཡངས་ཞེས་པའི་མིང་ཚིག་དེའི་འཇུག་ཡུལ་རྙེད་པ་རེད་མ་གཏོགས། བརྩམས་ཆོས་ཀྱི་ལེགས་ཉེས་ཙམ་ཡང་མ་གླེང་སྔོན་ནས་རྩོམ་མཁན་ལ་”གླེན་པ་དང་། ཤེས་པ་འཆལ་འཆོལ་དུ་གྱུར་པ། སེམས་སྐྱོན་ཅན་དང་རླུང་སྐྱོན་ཅན། བསམ་བློ་གུ་དོག་ཅན་”ཞེས་མཐོང་ཆུང་དང་ཁྱད་གསོད་ཀྱི་སྐད་ཆ་དེ་ཚོར་དཀྱེལ་ཡངས་ཞེས་པའི་མིང་ཚིག་གི་འཇུག་ཡུལ་རྙེད་ཐབས་མེད། ད་དུང་སྐད་ཆ་དེའི་རིགས་ལ་མིང་ཚིག་གཞན་ཞིག་གིས་བཤད་ན། མི་གཞི་དམའ་འབེབས་ཟེར། མ་གཞི་བྲན་བདག་གི་ལམ་ལུགས་རྒྱད་འཛིན་བྱེད་མཁན་ཚོར། ཁོ་ཚོའི་དབང་ཤཱུགས་་དེ་དུས་དང་བསྟུན་ནས་རྒྱུན་འཛིན་བྱེད་པར་ཐབས་ཤེས་སྣ་ཚོགས་ཡོད་དེ། དཔེར་ན་ད་ལྟ་ཀླུ་སྨྱོན་གྱིས་ལབ་པ་ནང་བཞིན་བརྙས་བཅོས་བྱས་ནས། དཀྱེལ་ཡངས་ཀྱི་མིང་ཚིག་བེད་སྤྱད་དེ་ཁོ་ཚོའི་དབང་ཤུགས་དེ་བརྒྱུད་འཛིན་བྱེད་འདོད་པ་ལྟ་བུ་རེད། ཀླུ་སྨྱོན་ཞཱུ་བ་ལགས། རྩོམ་པ་པོའི་ཚད་གཞི་ནས་ལྟ་རིན་མེད་ཅིང་། རྩོམ་རིག་གི་ངོས་ནས་གླེང་རིན་ཡེ་མེད་པའི་བརྩམས་ཆོས་ཀྱི་བདག་པོ་ཁྱེད་ལ། རྩོམ་པ་པོ་འགངས་ཆེན་ཞིག་ཏུ་ལྟ་ཐུབ་མཁན་གྱི་མི་གླེན་པ་དེ་ཚོའི་གྲས་སུ་ང་མེད་པར་མ་ཟད། མི་དེ་དག་དང་དང་འདྲ་བར་ཁྱེད་ཀྱི་མཐོང་ཆུང་དང་ཁྱད་གསོད་སྐད་ཆ་དེ་ཚོར་ལགས་སོ་དང་ལེགས་སོ་ཞུ་མཁན་དེ་འདྲ་ང་ནི་མ་གཞི་ནས་མིན་པས། བཙན་བྱོལ་ནང་གི་སྨྱུ་གུ་ཐོགས་མཁན་ཚང་མ་ཁྱེད་ཀྱི་འཕོངས་དྲི་སྣོམ་མཁན་མིན་པ་ཤེས་པར་མཛོད་ཅིག་གུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme