སངས་རྒྱས་དཀོན་མཆོག
—–རྒན་ཨ་འཇམ་ལགས་སློབ་གྲྭ་དང་བྲལ་སྐབས་སྐྱེལ་མ་ཞིག་གི་ཚུལ་དུ།
སེམས་ཀྱི་ཉི་འོད་སོར་མོའི་བར་ནས་ཤོར།།
རེ་བཞག་ལྗང་ཁུའི་ཁ་དོག་བྲང་ལ་ཕོག།
འཚོ་གནས་ནང་སྙིང་དབུལ་བའི་གནས་མལ་ན།།
དེ་རིང་ཁྱེད་ཉིད་འགྲོ་བར་ཞེ་བློ་འཕངས།།
ཤེས་རབ་སྤྱན་གྱི་རིན་ཐང་བསམ་ཡོང་ན།།
ཕུགས་བསམ་གླིང་ཕྲན་འདི་ཡི་ལས་དབང་དེ།།
ད་ནི་ཚར་སོང་བསམ་པའི་འཆར་སྣང་དེས།།
ཡང་ཡང་བསམ་གཞིགས་ཤིག་གིས་སྣན་ནས་ཡོང་།།
ལོ་ཟླ་འགྲོགས་པའི་དུས་ཡུན་མི་རིང་ཡང་།།
ནང་སེམས་འདྲེས་པའི་བག་ཆགས་དེ་ལས་ཐུ།།
རྒྱབ་རི་ཞིག་གི་སེམས་བརྟེན་བསམ་ཡོང་ན།།
ང་ཚོ་གཅིག་པུར་ལྷག་པའི་སེམས་འཚབ་ཅིག།
དཔྱིད་ཀྱི་ནམ་ཟླ་མ་ཚེས་དུས་ཚོད་འདིར།།
ས་གཞི་ནར་སོན་མེད་པའི་ཁོར་ཡུག་འདིར།།
བྱེའུ་ཕྲུག་ཐང་ལ་ལྷུང་བའི་ངང་ཚུལ་འདི།།
བསམ་ཞིང་བསམ་ན་ཞེ་ན་ནག་ཐིག་ཅིག།
མི་ཡི་ནུས་མཐུ་མཐའ་མེད་རྒྱ་མཚོ་རེད།།
དེ་ཡི་ཕུགས་བསམ་ཉིད་ཀྱི་འགྲོ་དོན་རེད།།
འདི་ལྟའི་སྙིང་སྟོབས་ཡིད་ལ་སྒོམ་ཡོང་ན།།
ད་དུང་དེ་ནས་ལྷག་པའི་རེ་འདུན་ཞིག།།
གང་ལྟར་ད་ནི་དུས་ཚོད་སླེབས་སོང་བས།།
བདེ་མོའི་ནང་གི་སྐད་ཆ་འདི་ལྟར་ཡིན།།
ཉིད་ཀྱི་མདུན་ཕྱོགས་སྔར་ལས་ཡངས་བར་སྨོན།།
སེམས་ཀྱི་རེ་འདུན་ཅི་བཞིན་འགྲུབ་པར་ཤོག།
ཉིད་ཀྱིས་གནས་འདིར་བཞག་པའི་ཞབས་རྗེས་དང་།།
ང་ཚོའི་སེམས་ལ་སྒྲོན་པའི་མེ་འོད་དེ།།
སླར་ཡང་གངས་ལ་ཉི་འོད་མ་འཕྲོས་བར།།
བློ་སྙིང་བྲང་གསུམ་བར་ན་འབར་ནས་ཡོད།།
དད་དང་ཆགས་པ་ནོར་བའི་དུས་དེ་ནི། །
རང་ལ་དངོས་སུ་བབས་པའི་སྐབས་ཤིག་རེད། །
རྟག་ཏུ་ཡིད་ལ་བརྣག་པའི་རྒན་ལགས་ཁོང་། །
སླར་ཡང་བྱོན་པའི་རེ་སྒུགས་ལུས་བྱེད་ཨང་། །
རྒན་ལགས་འགྲོ་སོང་བར་ང་ཚོ་ཀུན་ལ་ཕམ་ཉེས་ཆེན་པོ་ཞིག་བྱུང་སོང་།
ཅི་ཕྱིར་ཨ་འཇམ་ཕྱིན་སོང་བ་རེེད། དུས་ཚོད་ཀྱིས་རེད་དམ་ཕུགས་འདུན་གྱིས་རེད་དམ།