Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རཀ་ར་རིན་པོ་ཆེར་རྗེས་དྲན་ཞུ་བ། ༼ཚན་པ་གཉིས་པ༽

Posted on 2013-07-112013-07-12 By ཁ་བརྡ་ 24 Comments on རཀ་ར་རིན་པོ་ཆེར་རྗེས་དྲན་ཞུ་བ། ༼ཚན་པ་གཉིས་པ༽

གཉིས། རཀ་ར་རིན་པོ་ཆེ་དང་ཁོང་གི་དཔེ་ཁྲིད།

རྡོ་རྗེ་དབང་ཕྱུག

ངེད་ཅག་སྐོར་ཞིག་ས་རཱ་རིགས་ལམ་སློབ་གཉེར་ཁང་དུ་ཞུགས་ཤིང་སློབ་སྦྱོང་དངོས་གཞི་མགོ་འཛུགས་ཞུས་པའི་ཉིན་ནི་ཕྱི་ལོ་ ༡༩༩༥ ལོའི་ཟླ་ ༤ ཚེས་ ༡ ཉིན་རེད། སློབ་གྲྭར་ཞུགས་ནས་ཉིན་བཅུའི་མཚམས་ཏེ། ཟླ་ ༤ ཚེས་ ༡༠  ལ་སློབ་གྲྭ་གསར་པར་རིག་གནས་འཛིན་གྲྭ་གསར་པ་བསྡུས་པའི་མཛད་སྒོ་ཚུགས། དེ་ནི་ད་ནས་ཡར་རྩིས་པས་ལོ་ངོ་བཅུ་བདུན་ལྷག་གི་ཡར་སྔོན་ལ་རེད། སྐབས་དེའི་མཛད་སྒོ་དེའི་སྐབས། ཞིང་གཤེགས་རྒན་དམ་པ་བློ་བཟང་རྒྱ་མཚོ་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བ་དེ་ད་དུང་ཡང་དྲན་ཡུལ་ན་འདུག དེ་དུས་རྒན་དམ་པས་གནང་བའི་བཀའ་སློབ་དེ་ཚོ་རྡོག་ལ་སྒྲིལ་ན། “ད་ལྟ་ཁྱེད་རང་ཚོ་སློབ་སྦྱོང་བྱེད་དུ་འཛོམས་ཡོད་པ་རེད། ཧུར་ཐག་བྱེད་དགོས་རེད། དཀའ་ལས་རྒྱག་དགོས་རེད། ང་ཚོ་མཐུན་རྐྱེན་སྒྲུབ་མཁན་ཚོའི་ངོས་ནས། ས་ཐག་རིང་པོ་ནས་གདན་འདྲེན་ཞུ་དགོས་ནའང་འདྲ། གང་ལྟར། ཁྱེད་རང་ཚོར་སློབ་སྦྱོང་ཚད་ལྡན་ཞིག་སྤྲོད་པར་འབད་པ་བྱེད་ཀྱི་རེད། དེའི་ཐད་ནས་ཁྱེད་རང་ཚོས་སེམས་ཁྲལ་བྱེད་མི་དགོས།” ཞེས་པ་འདི་རེད།

དངོས་གནས་སློབ་གཉེར་གྱི་ལོ་ཡུན་ལོ་ངོ་གཉིས་དེའི་རིང་། ས་རཱའི་དགེ་རྒན་ཚོ་གཞིར་བཞག་ཐོག རཀར་རིན་པོ་ཆེ་ལོ་སྔ་རྗེས་གཉིས་སུ་ཆེད་དུ་གདན་ཞུ་གནང་ནས་སློབ་ཁྲིད་གནང་བ་དང་། དེ་བཞིན། སྐབས་མཚམས་འགར་མཁས་དབང་ཟམ་གདོང་རིན་པོ་ཆེ་སོགས་གདན་འདྲེན་ཞུས་པ་དེ་དག་གིས་ཀྱང་སློབ་སྐུལ་གཏམ་བཤད་དང་། དུས་ཐུང་རིང་དཔེ་ཁྲིད་གནང་བ་སོགས་གོ་སྐབས་ཡག་པོ་བྱུང་། ད་ལྟ་བསམས་ན། དེ་དུས་ཀྱི་ལོ་ངོ་གཉིས་དེ་སྐལ་བ་བཟང་པོའི་ལོ་ངོ་གཉིས་ཡིན་པར་ངེས་པ་རྙེད་པའི་ཁར། ལོ་ངོ་གཉིས་དེ་ཕྱིར་དྲན་བྱེད་རིན་ཡོད་པའི་ལོ་ངོ་གཉིས་ཡིན་པར་ཡང་བསམ་གྱིན་ཡོད། ཕྱིར་དྲན་བྱེད་རིན་ཡོད་པ་དེ་དག་ཕྱིར་རྟོག་གིས་དྲན་རིམ་ལྟར་ཐར་ཆགས་སུ་འགོད་པར་འདོད།

སཱ་རར་ཕེབས་སྐབས་སཱ་རའི་དགེ་སློབ་རྣམས་དང་ལྷན།

ང་ཚོ་ས་རཱར་སྡོད་སྐབས། རཀར་རིན་པོ་ཆེ་མཆོག་ལོ་སྔ་རྗེས་གཉིས་༼༡༩༩༥ དང་ ༡༩༩༦༽ལ་ཆེད་ཕེབས་ཀྱིས་སྙན་ངག་མེ་ལོང་ལེའུ་དང་པོ་དང་གཉིས་པ། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལས་རྒྱལ་པོ་རབ་གསལ་གྱི་རྟོགས་བརྗོད། མགདྷ་བཟང་མོའི་རྟོགས་བརྗོད། སྤྲིན་བཞོན་གྱི་རྟོགས་བརྗོད་སོགས་ཡལ་འདབ་བཅུ་གཅིག་དངོས་ཁྲིད་བསྐྱངས། དེ་ཡང་ལེགས་སྦྱར་ཡི་གེའི་ནང་ཡོད་པ་དང་བོད་ཡིག་ནང་ཡོད་པ་གཉིས་བསྡུར་དཔྱད་ཀྱིས་གསལ་ཁ་གང་ཐོན་གྱིས་ཁྲིད་གནང་གི་རེད། ཁོང་གིས་འཁྲིད་པའི་ཡལ་འདབ་དེ་ཚོ་ནི། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལས་སྙན་པའི་ཚད་མཐོ་ཤོས་དང་། ཁོང་ལ་དགེ་འདུན་ཆོས་འཕེལ་ནས་བརྒྱུད་པའི་ཁྲིད་རྒྱུན་ཡོད་པའི་གྲས་ཀྱང་ཡིན་པར་གསུངས། གཞན་ད་དུང་ཀླུ་ཀུན་ཏུ་དགའ་བའི་ཟློས་གར། བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་སོགས་ཀྱི་འཆད་འཁྲིད་ཀྱང་བསྐྱངས།

རཀར་རིན་པོ་ཆེས་ས་རཱ་ནས་འཆད་ཁྲིད་གནང་བའི་སྐབས་དེར། ས་རཱ་རིགས་ལམ་སློབ་གཉེར་ཁང་གི་དགེ་སློབ་ཙམ་ལས་བརྒལ་ཏེ། གདན་ས་ཁག་ནས་བླ་སྤྲུལ་དགེ་བཤེས་ཁག་ཅིག་དང་། དེ་བཞིན་གཞོན་སྐྱེས་ཤེས་ཡོན་པའང་གང་འཚམ་ཞིག་ཕེབས། དེ་གྲས་ནས་རྫ་ཆོས་རྗེ་རིན་པོ་ཆེ་དང་། དགེ་འདུན་རབ་གསལ་སོགས་སྐོར་ཞིག་གིས་ངེད་ཅག་ས་རཱའི་རིག་གནས་འཛིན་གྲྭ་གཉིས་པོར་རིག་གནས་སྐོར་ནས་གཏམ་བཤད་དང་བགྲོ་གླེང་འདུ་འཛོམས་གནང་བ་སོགས་ཀྱང་བྱུང་།

རཀར་རིན་པོ་ཆེ་ས་རཱ་རིགས་ལམ་སློབ་གཉེར་ཁང་དུ་ཕེབས་ཀྱི་ཡོད་པའི་གསར་འགྱུར་དེ་དང་རེ་བ་དེ། ད་དུང་དངོས་གཞིའི་འཆད་ཁྲིད་ལ་ངང་སྒུག་བྱས་པའི་དུས་ཚོད་དེ་ནི་བྲེལ་ཤ་ལངས་པ་ཞིག་གི་ངང་ནས་རྫོགས། ལྷག་ཏུ་དཔེ་ཁྲིད་ཀྱི་དུས་ཡུན་དེ་ནི་མིག་རྡེབ་ཐེངས་ཙམ་ལ་རྫོགས་པ་རྫོགས་པར་གྱུར་པ་ལྟ་བའི་ཚོར་སྣང་དེ་ད་ལྟ་ནའང་འདུག དེ་ནི་ཁོང་གི་ཁྲིད་རྩལ་དང་། ཕྱོགས་གཞན་ཞིག་ནས་ཁོང་གིས་འཁྲིད་སྟངས་དེས་རེད། སླ་ནས་མགྱོགས་ཁྲིད་དང་དཀའ་ས་ནས་དལ་འཁྲིད་གནང་བ་དེ་དང་། ད་དུང་སྐབས་མཚམས་རྣམས་སུ་སྒྲུང་གཏམ་དང་མཚར་གཏམ་སྙན་པོ་དེ་འདྲ་ཡང་སེར་གསུང་གི་ཡོད་པ་དེས། རང་བཞིན་གཤིས་ཀྱིས་ཉན་མཁན་ཚོའི་དོ་སྣང་དེ་ཁོང་གི་སྟེང་ལ་བསྡུས་འགྲོ་བ་ཞིག་ཡིན། ཕལ་ཆེར་སྐབས་དེར་ལྷན་དུ་འཛོམས་པ་དག་ལའང་ཚོར་སྣང་འདི་ཡོད་ངེས།

ཡང་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་འཆད་ཁྲིད་སྐབས། དགེ་འདུན་ཆོས་འཕེལ་གྱིས་ཚིགས་བཅད་འདི་ཨམ་སྐད་ཀྱི་གདངས་ཀྱིས་འདི་ལྟར་སྐྱོར་གནང་སྟེ་འཁྲིད་སོང་ཞེས་ཚིགས་བཅད་རེ་འགའ་ཞིག་ཨམ་སྐད་ཀྱི་གདངས་ཀྱིས་སྐྱོར་བར་བྱེད། ལན་རེར། སྔོན་གྱི་ལོ་ཙཱ་བ་ཚོས་འདི་ལྟར་བསྒྱུར་འདུག་སྟེ། དེ་ལས་འདི་འདྲ་བར་བསྒྱུར་བ་ཡིན་ན་གོ་སླ་བ་འདུག་ག་ཞེས་འགྱུར་གྱི་སྐོར་ནས་གསལ་ཁ་འདོན་པ་སོགས་ཀྱང་གནང་གི་ཡོད།

ད་ལྟའང་གསལ་པོར་དྲན་པ་ཞིག་ལ། རིན་པོ་ཆེས་སྙན་ངག་མེ་ལོང་མ་འཁྲིད་གནང་སྐབས། “སྙན་ངག་མཁན་ལ་གྲུབ་མཐའ་མེད་ཟེར་བ་ཡིན་པས། སྙན་ངག་པ་ལ་ཕྱོགས་རིས་མེད་པ་ཞིག་དགོས་པ་རེད།” ཅེས་གསུང་གི་ཡོད། དེ་བཞིན་ཁོང་གིས་ང་ཚོར་སྙན་ངག་གི་དཔེར་བརྗོད་འབྲིར་འཇུག་སྐབས་ལ་མཚོན་ན། སྐབས་རེར་ཚིགས་བཅད་ཀྱི་ལམ་ནས་དཔེ་བརྗོད་འཇོག་འཇུག་པ་དང་། ལན་རེར་ཚིགས་ལྷུག་གི་ལམ་ནས་དཔེར་བརྗོད་འབྲིར་འཇུག་པ་དང་། སྐབས་འགར་སྤེལ་མའི་རྣམ་པ་ནས་དཔེར་བརྗོད་འབྲིར་འཇུག་གི་ཡོད། དེ་དུས་ཁོང་གིས་གསུང་ཡག་ལ། ཚིགས་བཅད་ཀྱིས་དཔེར་བརྗོད་རྒྱག་པ་ལས་སླ། ལས་སླ་བ་དེ་གོམས་ཀྱང་སླ། ཚིགས་ལྷུག་གིས་དཔེར་བརྗོད་འགོད་པ་ཅུང་དཀའ། དེར་ངེས་པར་བྱང་བ་དགོས་ཞེས་ནན་གསུང་གནང་གི་ཡོད། ཁོང་གིས་སྙན་ངག་ཁྲིད་སྟངས་དེ་ནི། ༼སྙན་ངག་མེ་ལོང་༽གསུང་སྐད་སྒྲ་འཇུག་ཞུས་ཡོད་པ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་ན་བླུ་ཡོན་ཞུ་རྒྱུ་ཡོད་པའི་འཁོར་ཐག་ནང་གཅིག་ལ་གཉིས་སུ་གསལ་ཡོད་པ་ལྟར་ལགས་པས། ངས་ཁོང་གི་འཁྲིད་སྟངས་དེ་ཞིབ་ཚགས་དང་ནན་འབྲི་བྱེད་པ་ལས། འོད་སྡེར་དེར་གསན་པ་ཡིན་ན། གསལ་ཁ་ཐོན་ཆེ།

ཕེབས་ཐེངས་གཉིས་པའི་སྐབས། ཁོང་གིས་གཙོ་ཆེར་སྙན་ངག་མེ་ལོང་དང་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་སོགས་འཆད་འཁྲིད་གནང་ཞིང་། དེ་སྐབས་ཁོང་གིས་བོད་ཀྱི་སྲིད་དོན་རྒྱལ་རབས་ཀྱི་སྙིང་དོན་ཁག་ཅིག་མདོར་བསྡུས་སུ་བགྱིས་པའི་རྒྱལ་རབས་ཟིན་བྲིས་ཤིག་བསྣམས་ཕེབས་འདུག་པ་དེར། ངེད་ཅག་སྐོར་ཞིག་ནས་སྲིད་དོན་རྒྱལ་རབས་དང་དེབ་ཐེར་གཞན་ཁག་ཅིག་དང་བསྡུར་དཔྱད་ཀྱི་ལས་ཀ་བྱེད་རྒྱུ་བྱུང་།

ཕྱི་ལོ་ཉིས་སྟོང་གི་ནང་ལ། ཐེངས་གསུམ་པར་ཆེད་ཕེབས་གནང་བའི་དེ་སྐབས།  རིགས་སློབ་མ་ལག་དང་། བཙུན་དགོན་སྒྲོལ་མ་གླིང་སོགས་སུ་གནས་བརྒྱད་དང་སྤྲིན་གྱི་ཕོ་ཉ། ཁོང་གིས་བརྩམས་པའི་ལུང་སྟོན་པའི་བསྟན་བཅོས་སོགས་འཆད་ཁྲིད་བསྐྱངས་པ་དེ་སྐབས་གུས་པ་བཅར་རྒྱུའི་དུས་ཚོད་མ་རག་ཀྱང་། ནོར་གླིང་ཉམས་ཞིབ་དང་མཐོ་སློབ་ལ་རིག་གནས་སྐོར་ལས་འཕྲོས་པའི་གསུང་གླེང་ཆེད་གདན་ཞུ་ཞུས་པ་དེ་སྐབས་བཅར་རྒྱུ་བྱུང་། གང་ལྟར། སྐབས་དེར་དཔེ་ཁྲིད་ཞུ་བར་བཅར་ཐུབ་མ་སོང་ཡང་། ཁད་ཉེའི་སྟབས་ཀྱིས་མཇལ་མོལ་གོ་སྐབས་ཡང་སེར་བྱུང་བའི་བར་གསེང་འཕྲོས་གླེང་ལ། དེ་སྔར་ཁོང་གིས་ཟིན་བྲིས་སུ་བཏབས་ཤིང་། ངེད་ཅག་སྐོར་ཞིག་ནས་བསྡུར་དཔྱད་ཞུ་ཁུལ་བྱས་པའི་རྒྱལ་རབས་དེའི་སྐོར་བཀའ་འདྲི་ཞུས་པར། “མགོ་ན་རོགས་རེད། ལག་པ་ཁོ་རང་མ་འཆང་བར་ལོ་འགའ་ཕྱིན། ད་ལྟའི་རྩིས་བྱས་ན། ཕལ་ཆེར་དེའི་སྐོར་ལ་ལག་པ་ཡང་བསྐྱར་འཆང་རྩིས་མེད། དེང་སང་རྒྱལ་རབས་ལོ་རྒྱུས་ཀྱི་དེབ་དེ་འདྲ་ཡག་པོ་ཐོན་ཡོང་གི་འདུག བྱུང་ན། གང་ལ་ལེགས་པའི་ཆ་ཡོད་པའི་ཚན་པ་དེ་ཚོ་མཉམ་དུ་བསྡུས་ནས། དེབ་ཅིག་བསྒྲིགས་པ་ཡིན་ན། མི་མང་པོའི་རྣམ་དཔྱོད་ཕྱོགས་གཅིག་ཏུ་བསྡུས་པའི་ཁྱད་ཆོས་དང་ལྡན་པ། ཡག་པོ་ཞིག་ཡོང་བ་འདུག ད་གསར་པ་ཞིག་བྲིས་ནས་དགོས་པ་ཨེ་ཡོད།” གསུངས། དཔེ་ཁྲིད་སྐོར་གྱི་དྲན་འཆར་འདི་ཙམ་ཡིན། ཁོང་གི་དགོངས་པ་བཞེས་ཕྱོགས་དང་། བརྩམས་ཆོས་ལ་ཁོང་རང་ཉིད་ཀྱི་ལྟ་སྟངས་སྐོར་སོགས་རིམ་པས་དྲན་ཐོར་འགོད་འདོད།

རྩོམ་རིག

Post navigation

Previous Post: མཚན་མོའི་རོལ་དབྱངས།
Next Post: སེམས་ནང་གི་རང་བཙན་ཨེ།

Comments (24) on “རཀ་ར་རིན་པོ་ཆེར་རྗེས་དྲན་ཞུ་བ། ༼ཚན་པ་གཉིས་པ༽”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-07-11 at 3:02 am

    གནས་བརྒྱད་ཐ་སྙད་ཐི་གུའི་ཆོས་བྲཇོད་ནང་ལ།
    རཀ་ར་རིན་པོ་ཆེས།
    མིང་ཚིག་བརྗོད་པ་ཡི་གེ་དང་། །
    བརྡ་དང་ཐ་སྙད་སྦྱོར་བའི་ཚུལ། །
    ལུང་དུ་སྟོན་པའི་ཡན་ལག་ཀུན། །
    ཡོངས་སུ་ཚང་སླད་འདིར་འབད་བགྱི། །

    མེས་པོ་རྣམས་ཀྱི་ཞལ་ཆེམས་ལ། །
    གནའ་བོའི་བརྡ་ཞེས་མ་འཇིགས་པར། །
    ཡང་དག་སྒྲ་སྦྱོར་རྨང་གཞི་ཡི། །
    ཐིག་རྩའི་བསྟན་བཅོས་འདི་རྣམས་ཟུངས། །

  2. ཀརྡོ་གཉེར་ཕྱག་པ་ says:
    2013-07-11 at 3:06 am

    ཆོས་བྲཇོད་འདི་ཆོས་བརྗོད་ལ།

  3. བོད་ཀྱི་གཡག says:
    2013-07-11 at 4:58 am

    མཁས་དབང་འཇམ་དབྱངས་ནོར་བུས་རཀ་ར་རིན་པོ་ཆེའི་རྗེས་དྲན་གྱི་རྩོམ་ཡིག་མ་བཀོད་བར་དུ་ད་བར་དུ་སུས་ཀྱང་རཀ་རའི་སྐོར་ལ་གླེང་སློང་དང་རྗེས་དྲན་བྱེད་མཁན་བྱུང་མེད། མཁས་དབང་འཇམ་ནོར་གྱིས་རྗེས་དྲན་གྱི་རྩོམ་ཡིག་སྤེལ་རྗེས་གཞི་ནས་ཁོང་གི་སློབ་མ་དང་དགེ་སློབ་ཀྱི་འབྲེལ་བ་ཡོད་ཟེར་མཁན་དེ་ཚོ་གཉིད་སད་པ་ལྟར་འུར་རྒྱག་ཁུལ་བྱེད་པ་འདི་ནི་ཁོང་གི་སློབ་མ་ཡིན་པའི་འུར་གཏམ་མིན་པའི་རེ་བ་ཡོད་ལ། གནས་ཚུལ་འདིས་ང་ཚོའི་རྩོམ་པ་པོ་དང་མཁས་པ་ཡིན་ཟེར་མཁན་དེ་ཚོས་འགན་གང་འདྲ་ཞིག་ཁུར་གྱི་ཡོད་མེད་གསལ་བསྟོན་བྱས་ཡོད་སྙམ།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-07-11 at 5:34 am

    ད་ལྟའང་གསལ་པོར་དྲན་པ་ཞིག་ལ། རིན་པོ་ཆེས་སྙན་ངག་མེ་ལོང་མ་འཁྲིད་གནང་སྐབས། “སྙན་ངག་མཁན་ལ་གྲུབ་མཐའ་མེད་ཟེར་བ་ཡིན་པས། སྙན་ངག་པ་ལ་ཕྱོགས་རིས་མེད་པ་ཞིག་དགོས་པ་རེད།” ཅེས་གསུང་གི་ཡོད། ་་་་་ཟེར།

  5. ཀརྡོ་གཉེར་ཕྱག་པ་ says:
    2013-07-11 at 5:43 am

    བོད་ནང་ས་སྐྱེས་རྡོ་སྐྱེས་ཡིན་པ་ཙམ་མ་ཟད། ལྷ་སའི་སྐུ་དྲག་གི་ཁྲག་རྒྱུན་ཡོད་ལ། ལྷ་སའི་སྲོལ་རྒྱུན་སློབ་ཐོན་ཡང་བྱུང་བ་རྣམ་པ་གཉིས་ཏེ། བདག་གི་རིག་གནས་དགེ་རྒན་དང་། སྨན་རྩིས་ཁང་གི་སྨན་རྩིས་དགེ་ཆེ་མཁས་དབང་བར་ཞི་ཕུན་ཚོགས་དབང་རྒྱལ་མཆོག་དང་། སུད་སིའི་རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར་མཆོག་རྣམ་གཉིས་ནི། བྱེས་འབྱོར་བློ་གསར་རྣམས་ལ། བཀའ་དྲིན་ཆེ་ལ། དྲན་གསོ་ཞུ་འོས་པའི་མི་སྣ་དྲག་ཆེན་མཁས་དབང་སྙན་གྲགས་ཅན་གཉིས་རེད་སྙམ་ལགས།

  6. ཆབ་བྲག་ཕོ་ཉ། says:
    2013-07-11 at 7:11 am

    སྐུ་ཞབས་རྡོ་རྗེ་དབང་ཕྱུག་ལགས་ཀྱིས་དོན་གྱི་མཁས་པར་དོན་གྱི་དྲན་གསོ་རེ་གནང་བཞིན་པར་ཡི་རང་བསྔགས་བརྗོད་ཞུ།
    གཟུར་གནས་མཁས་དབང་དུ་བཀུར་ཆོག་ཆོག་གི་ཁོང་ཚང་ནི། བདག་རང་ཉིད་ལ་མཚོན་ན་ཡང་སྙན་དངགས་ཀྱི་གཞུང་དང་བསྟན་བཅོས་གཉིས་ཆ་ནས་དངོས་གྲུབ་ཀྱི་བདུད་རྩིའི་ཐིགས་པ་འགའ་རེ་རག་མྱོང་མཁན་གྱི་དྲིན་དུ་ཆེ་བའི་དགེ་རྒན་ནང་གི་གཅིག་ཡིན། ཡིད་ཕངས་པ་ཞིག་ཁོང་ཚང་གི་བརྩམས་ཆོས་རྣམས་ལ་བདག་གཅེས་པར་སྐྲུན་ཐུབ་མེད། (ངས་དེ་དུས་རིགས་སློབ་ཁང་མ་ལག་གཉིས་ལ་རེ་བ་འདི་བཏོན་མྱོང) ད་ལྟ་ཁོང་གི་སློབ་ཁྲིད་སྒྲ་འཇུག་དང་བརྩམས་ཆོས་ཁག་ཕྱོགས་སྒྲིག་གིས་དེབ་ཕྲེང་སྤུས་དག་འགའ་འདོན་རྒྱུར་འགན་རེ་འཁུར་ན་འདོད། གལ་ཏེ་འདིའི་སྐོར་ལ་འགན་ལེན་གནང་མཁན་འདྲ་བྱུང་མེད་ན། ང་ཚོ་ཁག་ཅིག་གིས་འོས་འགན་འདི་ངེས་པར་སྒྲུབ་དགོས།

  7. འབྲོག་ཕྲུག says:
    2013-07-11 at 9:34 am

    རཀ་རའི་དགེ་ཕྲུག་ཚོས་རཀ་རའི་རྩོམ་འཐོར་རྣམས་ཕྱོགས་གཅིག་ཏུ་སྡུས་ནས་དེབ་གཟུགས་སུ་བཟོ་རྒྱུ་དེ་ངེས་པ་དོན་གྱི་རྗེས་དྲན་རེད། མཁས་པ་ཨེ་ཡིན་དེ་ནས་གསལ་ཡོང་། རྒྱལ་ཁམས་ཀྱིས་ཁ་གྲག་ཡོང་། སོ་སོའི་དགེ་རྒན་སོ་སོས་མཁས་པ་རེད་ཟེར་རྒྱུ་རེད།
    གཉིས་པ། རཀ་རས་མི་ཚེ་གཅིག་ལ་བོད་ཀྱི་རིག་གནས་བཤད་ཀྱང་། རང་གི་མིང་དེ་བོད་ཀྱི་བརྡ་སྤྲོད་དང་མཐུན་པ་བྲི་མ་ཐུབ་པ་དེ་རཀ་ར་སོགས་བོད་ཀྱི་མཁས་པ་མིང་ཅན་དག་གི་ཁྱད་ཆོས་སུ་མཐོང་། དགེ་ཕྲུག་ངར་མ་རེ་ཡོད་ན་ཁོང་གི་མིང་དེ་བོད་སྐད་རེད་དམ་ཡང་ན་རྒྱ་སྐད་རེད། གོ་དོན་སོགས་ཤོད་མཁན་ཡོད་ན་ཨ་མའི་བུ་ཡིན། དགེ་རྒན་གྱི་མིང་གི་གོ་དོན་ཙམ་ཡང་མི་ཤེས་པ་འགའ་ཞིག་གིས་སྙན་ངག་བཤད་རབས་དང་། བརྡ་སྤྲོད་ཁྲིད་རབས་སོགས་བཤད་སྡད་ན་གནམ་ལ་སྤུར་ཚུལ་ཞིག་ཏུ་མཐོང་ངེས།

  8. གནམ says:
    2013-07-11 at 9:47 am

    ཧ་ཧ། རཀ་ར། ཧ་ཧ། རག་ར། ཤེས་ནི་ཡོད་ན་ཤོད་ཡ། འཇམ་དབྱངས་ནོར་བུ་ཁོང་གི་ཤ་ཁྱག་ཞིག་ཡིན་ན། ཁོང་ལ་དྲིས་དང་།

  9. BONPO says:
    2013-07-11 at 9:54 am

    རཀ་ར་དང་རག་ར་་་གང་ལབ་ཀྱང་ཁོང་གི་སྐུ་གོང་མ་དེ་ཚོའི་མཚན་ནས་བྱུང་བ་ཞིག་རེད་འདུག། དེ་འདྲ་ཡིན་དུས་སྐུ་ཐོག་གོང་མ་ཚོའི་རྣམ་ཐར་དང་ལོ་རྒྱུས་འདྲ་ཡོད་ན་དེ་ཚོའི་ནང་དུ་གསལ་ཡོད་འགྲོ། །

  10. ཅོ་རི་ཉི་མ། says:
    2013-07-11 at 9:54 am

    བྲག་ཆ་བ། རཀ་ར་དོན་གྱི་མཁས་ཡིན་པར་ཤེས་ཀྱི་ཡོད་ན་ཁྱོད་ཚོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་མྱ་ངན་གྱི་གུས་ཚིག་གཅིག་བསྒྲགས་པར་གོ་མྱངས་མེད། ག་རེ་རེད་དམ། ཁྱོད་ཚོས་རཀ་ར་ལགས་རྩོམ་པ་པོ་བརྩི་ཡི་ཡོད་དམ།་

  11. ཡེ་ཤེས་དཔལ། says:
    2013-07-11 at 11:59 am

    ༼མཁས་དབང་འཇམ་དབྱངས་ནོར་བུས་རཀ་ར་རིན་པོ་ཆེའི་རྗེས་དྲན་གྱི་རྩོམ་ཡིག་མ་བཀོད་བར་དུ་ད་བར་དུ་སུས་ཀྱང་རཀ་རའི་སྐོར་ལ་གླེང་སློང་དང་རྗེས་དྲན་བྱེད་མཁན་བྱུང་མེད། མཁས་དབང་འཇམ་ནོར་གྱིས་རྗེས་དྲན་གྱི་རྩོམ་ཡིག་སྤེལ་རྗེས་གཞི་ནས་ཁོང་གི་སློབ་མ་དང་དགེ་སློབ་ཀྱི་འབྲེལ་བ་ཡོད་ཟེར་མཁན་དེ་ཚོ་གཉིད་སད་པ་ལྟར་འུར་རྒྱག་ཁུལ་བྱེད་པ་འདི་ནི་ཁོང་གི་སློབ་མ་ཡིན་པའི་འུར་གཏམ་མིན་པའི་རེ་བ་ཡོད་ལ། གནས་ཚུལ་འདིས་ང་ཚོའི་རྩོམ་པ་པོ་དང་མཁས་པ་ཡིན་ཟེར་མཁན་དེ་ཚོས་འགན་གང་འདྲ་ཞིག་ཁུར་གྱི་ཡོད་མེད་གསལ་བསྟོན་བྱས་ཡོད་སྙམ།༽ཟེར་པར་གནས་ལུགས་འདུག་སྙམ།

  12. བོད་ཀྱི་རྒྱལ་མཚན། says:
    2013-07-11 at 12:02 pm

    རག་ར་སྤྲུལ་སྐུའི་དགེ་ཕྲུག་དང་ཁོང་གིས་དཀའ་དྲིན་སྐྱོངས་བའི་སློབ་དགེ་མང་དག་ཞིག་གིས་ཁོང་ལ་དཀའ་དྲིན་རྗེས་དྲན་གྱི་མཆོད་སྟོད་གནང་བ་ནི་འོས་པ་ཞིག་རེད། ལྷག་ཏུ་ཁོང་མཁས་པའི་རྣམ་དཔྱད་ཀྱིས་སློབ་ཚོགས་དང་མི་རིགས་ཀྱི་ལ་ཞེན་སོགས་ལ་དྲིན་ཆེན་གྱི་མི་བུ་ཞིག་ཡིན་ན་ཁོང་ཞལ་བཞུགས་པའི་སྐབས་སུ་མཆོད་སྟོད་འདི་བཞིན་མ་བྱུང་བའི་ཅི་ཞིག་གིས་བྱུང་བ་རེད། ཁོང་འདས་ནས་ལོ་འཁོར་གྱི་རྗེས་སུ་མ་གཏོག་བོད་ཀྱི་རྩོམ་པ་པོ་དང་སྙན་ངག་པ་དེ་དག་གིས་ཁོང་གི་སྐོར་ཞལ་མ་གྲགས་པ་གང་ཡིན་ནམ། བོད་ལ་བྱས་པ་ཅན་གྱི་མི་བུ་དག་སྐུ་འཚོ་བཞུགས་སྐབས་སུ་དཀའ་དྲིན་བསམ་གཞིགས་མེད་པར་དྲིན་ལེན་ལོག་མཇལ་བྱས་པ་དང་དེ་དག་འདས་ཚ་བའི་རྗེས་སུ་མཆོད་མཆོད་དང་སྟོད་སྟོད་བྱེད་རྒྱུ་ནི་བོད་པའི་མིའི་གཤིས་རེད།

    འོ་རེད། རཀར་རམ་རཀ་ར། ཡང་ན་རག་ར་ཅེས་པའི་མིང་ཚིག་འདི་དག་གི་གོ་དོན་དང་གང་ཞིག་དག་པ་ཡིན་མིན་སྐོར་སློབ་ཚོགས་དང་མཁས་དབང་རྣམ་པས་དཔྱད་གླེང་མེད་པ་འདི་ཡང་ཡ་མཚན་གྱི་གནས་སུ་མཐོང་། གོང་དུ་དྲ་གྲོགས་འགས་གསུངས་པ་བཞིན་བོད་ཀྱི་བརྡ་དག་ལ་མཁས་པའི་མི་བུ་ཞིག་གིས་རང་གི་དངོས་མིང་དེ་ཡང་བོད་ཀྱི་བརྡ་དག་དང་མི་མཐུན་པའི་སྤྱོད་པ་ནི་མ་འོས་པ་ཞིག་རེད། འདིའི་སྐོར་ཐོག་མ་གླེང་མཁན་ནི་དྲ་གྲོགས་རོང་བཙན་པ་ཡིན།

  13. བོད་ཀྱི་རྒྱལ་མཚན། says:
    2013-07-11 at 12:06 pm

    དྲིན་ལན་ལ་བཅོས།

  14. འདྲེ་རྐང་ཐོ། says:
    2013-07-11 at 1:56 pm

    བཀླགས་ཡིན་་་་འབྲི་སྟངས་ཀྱང་མཁས་ཆེན་ཁོང་གི་སློབ་མ་ཞིག་ལོས་ཡིན་བསམ་བསམ་བྲིས་གནང་འདུག་་་་་བཀའ་དྲིན་ཆེ།

  15. རྒྱང་མིག says:
    2013-07-11 at 2:02 pm

    བོད་ཀྱི་མཁས་པ་རྒན་རབས་པ་ཁོང་སྐུ་གཤེགས་པར་མྱ་ངན་ཞུ། ཁོང་གི་རྗེས་འཇུག་སློབ་མ་ཚོས་ཁོང་ལ་རྗེས་དྲན་ཞུ་ཆེད་དུ་ཁོང་དང་འབྲེལ་ཡོད་ཀྱི་རྩོམ་ཡིག་འབྲི་བཞིན་པར་དགའ་བས་བརྟས། དེ་བཞིན་འཇམ་ནོར་དང་། དགེ་འདུན་རབ་གསལ། ཀླུ་སྨྱོན། རྡོ་རྗེ་དབང་ཕྱུག་བཅས་ཀྱིས་སྔ་རྗེས་སུ་སྐབས་དེའི་རང་གི་དྲན་སྣང་དག་ཡི་གེར་བཀོད་དེ་རྗེས་དྲན་ཞུས་པ་དེ་ཡག་པོ་རེད།
    རྡ་སར་ཡང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་རྗེས་དྲན་ཚོགས་འདུ་ཞིག་ཆེད་བསྐོངས་ཐོག དེར་ལོ་རྒྱུས་སྨྲ་བ་བཀྲ་ཤིས་ཚེ་རིང་དང་། ཆུང་ཚེ་རིང་། བསོད་ནམས་རྒྱལ་མཚན་སོགས་ཀྱིས་གནད་ལ་འཁེལ་བའི་གཏམ་བཤད་སྤེལ་འདུག་པ་དག་ཡི་རང་གི་གནས་སུ་འཁུམས།

  16. གཅན བཟོད་རྒྱ། says:
    2013-07-11 at 2:28 pm

    ༼རག་ར་རིན་པོ་ཆེ་ལ་དགེ་ཆོས་སྐོར་བཅར་འདྲི།༽ འདི་ཡང་ཡག་པོ་ཞིག་དྲིས་འདུག

    http://www.paldengyal.com/?p=403

  17. སྤོབས་པ་མཐའ་ཡས། says:
    2013-07-11 at 7:56 pm

    ངས་སྔོན་མ་ཞིག་ལ་རཀ་རས་བྲིས་པའི་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་དེ་བཀླགས། དགེ་འདུན་ཆོས་འཕེལ་རང་གི་རྩོམ་གཤིས་ལས་མཐོང་ཐུབ་པའི་མི་སྣ་དེ་དང་རཀ་རའི་ཡིག་ཆའི་ནང་དུ་དགེ་འདུན་ཆོས་འཕེལ་ཞིག་བཞེངས་ཡོད་པ་དེ་གཉིས་ལ་ཁྱད་པར་ཞིག་ཚོར་སོང་། དེ་ང་རང་གི་ཚོར་བ་ཙམ་རེད། ངའི་དགེ་རྒན་མཁས་དབང་ཆེ་གེ་མོ་ཟེར་ནས་རང་ཉིད་ཡར་འགྱོག་ཐབས་དེ་ལ་དགེ་འདུན་ཆོས་འཕེལ་གྱིས་ཟུར་ཟ་ཞིག་ཀྱང་བྱས་ཡོད་པ་རེད། རཀ་རའི་གནས་བརྒྱད་འགྲེལ་བ་ལ་ཝ་ར་ན་སའི་དགེ་རྒན་ཞིང་གཤེགས་པདྨ་རྒྱལ་མཚན་གྱིས་སྡོམ་ཚིག་འདི་བརྒྱབ་ཡོད་པ་རེད། སླ་ས་སླ་ས་དེ་ཚོ་ལ་མང་པོ་མང་པོ་བཤད། དཀའ་ས་དཀའ་ས་དེ་ཚོ་ལ་High Jumping and Long Jumpingགིས་སོང་འདུག གསུངས་ཡོད་པ་དེ་རེད། མི་བདེན་སྙམ་ན་ཞིང་གཤེགས་དགེ་རྒན་པདྨ་རྒྱལ་མཚན་གྱི་སུམ་རྟགས་གསུངས་སའི་སྒྲ་འཁོར་དེ་ཚོ་ལ་ཉན་ན་དེང་སང་ཡང་ཉན་ཆོག་ཆོག་རེད། ཝ་ནི་སློབ་གྲྭའི་དཔེ་མཛོད་ཁང་ལ་ཡང་མང་པོ་ཡོད།

  18. སྤོབས་པ་མཐའ་ཡས། says:
    2013-07-11 at 8:15 pm

    སྤྱིར་ན་གནས་བརྒྱད་ལ་ད་ང་ཚོས་གླགས་ཁེལ་ས་མ་རེད། འདི་ཡག་པོ་ཞིག་ཡིན་ས་རེད། ཡིན་ན་ཡང་ཁྲིད་རྒྱུན་ལྟ་བུ་ཁ་གསལ་པོ་མེད་པར་ལོ་མང་པོ་འགོར་སོང་བས་ད་འདི་ལ་མོ་འདེབས་པ་ལྟ་བུའམ་ཚོད་དཔག་ལྟ་བུའི་འགྲེལ་བ་མ་གཏོགས་ཡིད་བརྟན་ཁེལ་བའི་འགྲེལ་བཤད་ཅིག་སུས་ཀྱང་ཕོག་གི་མེད་པ་འདྲ།

  19. འོད། says:
    2013-07-11 at 11:01 pm

    སྤྱིར་ང་ཚོའི་དེ་རིང་སང་ཉིན་གྱི་གླེང་སྟངས་འདི་རྗེས་དྲན་ཞུ་ཕྱོགས་ནས་ཚུར་འཕྲོས་པ་ཞིག་ཡིན་ངེས་རེད། ཡིན་ནའང། གླེང་བ་ཟེར་བ་འདིས་གཏིང་ཟབ་ལོད་ག་ཚོད་ཅིག་གླེང་ཐུབ་ཀི་ཡོད་མེད་ལ་མ་ལྟོས་པར། ངོ་ཤེས་ཚུལ། ཇ་འཐུང་ཚུལ། ཁ་བརྡ་བྱས་ཚུལ། འཆམ་འཆམ་བྱས་ཚུལ་སོགས་ཀྱང་གླེང་ཆོག་གི་ཡོད་སྟབས། དེ་གེ་མ་རེད་ལབ་ཐུབ་མདོག་ཁ་པོ་མ་རེད།

    ཡིན་ནའང། དཔེར་ན། རཀར་ལྟ་བུ་གླེང་དུས་ཅིའི་ཕྱིར་གླེང་དགོས་པ་རེད། གང་ནས་མགོ་བཙུགས་ཏེ་གླེང་གི་ཡིན། གླེང་ནས་ངོ་འཕྲོད་དགོས་པ་ག་རེ་འདུག འཕྲོད་དགོས་པའི་རྒྱུ་མཚན་ཅི་ཞིག་རེད། དེ་རྣམས་དང་པོ་ནས་གཏན་འབེབས་མ་གནང་དུས། མི་གླེང་མི་ཐུབ་པ་དང། མཁས་དབང་གླེང་མི་ཐུབ་པ་དེ་གསལ་བོ་རེད།

    སྤྱིར་རླུང་མ་ལངས་ཏེ། རཀར་ལྟ་བུ་གླེང་ན་ཤུགས་ཆེ་ཤོས་ནང་ཆོས་དང་འབྲེལ་ནས་གླེང་དགོས་པ་རེད། ཁོང་གི་མཁྱེན་དཔྱོད་གང་ནས་ཐོན་འདུག ནང་དོན་རིག་པར་ཤེས་ཚད་ག་འདྲ་འདུག དེ་ལས་འཕྲོས་པའི་རིག་པའི་གནས་གཞན་ལ་གཟིགས་ཕྱོགས་ག་འདྲ་འདུག དེ་རྣམས་གོང་འོག་མ་སྒྲིག་དུས་དེ་ག་ཟིག་རེད་བསམས།།

  20. གཞོན་ནུ་ཟླ་མེད། says:
    2013-07-12 at 12:32 am

    ཁ་ཤས་རཀ་ར་ཟེར་བའི་མིང་འདི་ལ་རྨོང་ནས་ས་ལྡིང་གནམ་ལྡིང་བྱེད་གི་ཡོད་ན། ༼ཚ་བ་དཔའ་ཤོད་རཀ་ར་ཀརྨ་དཀོན་མཆོག༽ གི་རྣམ་ཐར་ཀློག་དང་ཤེས་ནི་རེད། མིང་རེ་རེ་བཞིན་བྱིས་ཕྲུག་གི་ཁ་ནང་ལ་ཨ་མས་འབུ་འཇོག་འཇོག་སུས་བྱེད་ཐུབ། རཀ་ར་ཟེར་ན་ཐུབ་བསྟན་ཆོས་དར་གཅིག་བུ་མ་རེད། ཁོང་མ་སྐྱེས་པའི་སྔོན་ནས་རཀ་ར་གཞན་དག་ཡང་ཡོད་ནི་རེད།

  21. ཀརྡོ་གཉེར་ཕྱག་པ་ says:
    2013-07-12 at 12:52 am

    རཀ་ར་ཟེར་ན་ཐུབ་བསྟན་ཆོས་དར་གཅིག་བུ་མ་རེད། ཁོང་མ་སྐྱེས་པའི་སྔོན་ནས་རཀ་ར་གཞན་དག་ཡང་ཡོད་ནི་རེད། ་་་་་་ཟེར།

  22. གཞོན་ནུ་ཟླ་མེད། says:
    2013-07-12 at 2:04 am

    རཀ་ར་སྐུ་ཕྲེང་དང་པ་དང་གཉིས་པ་དེ་ཚོ་བཀའ་རྒྱུད་པ་རེད། འ

  23. ཀརྡོ་གཉེར་ཕྱག་པ་ says:
    2013-07-12 at 2:43 am

    ཁྲག་ཐིགས་ལས་སྐྱེས་པའི་ལྗང་མྱུག་ནང་།
    ཧོར་གཙང་འཇིགས་མེད་ཀྱིས།
    བཙན་བྱོལ་བགྲེས་རབས་རྩོམ་པ་བོའི་ནང་ནས་སྙན་ངག་གི་གཤིས་ཀ་ཡོད་པའི་སྙན་རྩོམ་འབྲི་མཁན་ནི་ཟམ་གདོང་བ་དང་རཀ་བ་ཐུབ་བསྟན་ཆོས་དར་གཉིས་ཡིན། ཟམ་གདོང་བའི་སྙན་ངག་ལ་དོན་གྱི་གནད་འདུ་ཚབས་ཆེ་ཞིང་གཏན་ཚིགས་ཀྱི་སྲོག་ཤེད་དར་ལ། ཉེ་རབས་རྩོམ་པ་བོ་དགེ་འདུན་ཆོས་འཕེལ་གྱི་སྐྱོ་ཉམས་དང་འདྲེས་པའི་སྙན་ངག་གི་གཤིས་ཀ་ཡང་གང་འཚམ་ཡོད་ཅིང་། རཀ་ར་བའི་སྙན་ངག་ཕལ་ཆེར་ལ་ནག་མོ་ཁོལ་གྱི་སྙན་ངག་གི་གཤིས་ཀ་ཡོད་པས་མཛེས་ཉམས་ཆེ་བ་ལགས། ་་་་ཟེར།

  24. ཀརྡོ་གཉེར་ཕྱག་པ་ says:
    2013-07-12 at 7:37 am

    དེ་རིང་དྲུག་པ་ཚེས་བཞི་ཆོས་འཁོར་དུས་ཆེན་ལ། ཡུལ་ཝ་ར་ཎ་སི་དང་། སྟོན་པས་བདེན་བཞིས་གསུང་ཚུལ་སྐོར་ལ་ཆེད་རྩོམ་གཅིག་ཀྱང་མེད་པ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme