Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རོ་བསྲེགས་ཤིང་འདྲེ་བཏུལ་བ།

Posted on 2013-07-102013-07-10 By ཡེ་ཤེས་ 22 Comments on རོ་བསྲེགས་ཤིང་འདྲེ་བཏུལ་བ།

ཀླུ་སྨྱོན།
དེ་རིང་ནི་བདག་གི་ལག་ཡོང་ཧ་ཅང་བཟང་བའི་ཉིན་ཞིག་ཡིན་ལས་ཆེ་སྟེ། ཞོགས་པའི་ཆུ་ཚོད་བརྒྱད་པ་ཟིན་མ་ཐག་ཨ་རི་བ་ཕྱུག་རྒན་བཟའ་མི་གཉིས་ཀྱིས་རླངས་འཁོར་ནག་པོ་ཕར་བལྟས་ན་རིན་གོང་ཧ་ཅང་ཆེན་པོ་ཞིག་ལོས་ཡིན་བསམས་པ་ཞིག་བསྐོར་ཡོང་ནས་བདག་བུད་མེད་དེའི་ཕ་རྒན་གྱི་རོ་བསྲེག་སར་གཤིན་ཆོག་འདོན་དུ་སྤྱན་འདྲེན་བྱས། ཆུ་ཚོད་གཅིག་ཙམ་གྱི་ལམ་ཐག་བརྒྱུད་དེ་རོ་ཁང་གི་འཁྲིས་སུ་འབྱོར་དུས་ཉི་འོད་ཚ་བོ་ཞིག་སྤྱི་གཙུག་ནས་འབར་བར་བྱེད། ནམ་རྒྱུན་ཅག་ཅག་གི་སྐད་ཅོར་བར་མེད་དུ་རྒྱག་པའི་བྱེའུ་དག་ཀྱང་གནས་འདིར་ཉི་མའི་ཚ་དྲོད་ཀྱིས་ཚིག་ཟིན་པ་ལྟར་གོ་ཐོས་ཅི་ཡང་མི་འདུག
གཤིན་པོ་དེ་ལོ་དགུ་བཅུ་གོ་གསུམ་སྟེང་གྲོངས་པ་རེད་འདུག་ལ་ལུས་ཀྱི་ཁྲག་ཕྱིར་འཐེན་ཟིན་པས་གཤིན་པོའི་ངོ་གདོང་དེ་འགྱིག་ལས་གྲུབ་པ་བཞིན་ཧ་ཅང་དཀར་ཞིང་གཙང་བ་ཞིག་ཏུ་མཐོང་། བེམ་པོ་རོ་སྒམ་སྟབས་བདེ་ཞིག་གི་ནང་དུ་བཞག་འདུག་ལ་ཧོབ་སྟེ་བལྟས་ན་ལོ་ལོན་ཞིག་གཉིད་ཁུག་པ་འདྲ་བོ་འདུག འཁྲིས་དེའི་རོ་བསྲེགས་འཕྲུལ་ཆས་ཆེན་པོ་ཞིག་མི་སྡུག་པའི་ཚུལ་དུ་ཡོད་པ་དང་། རོ་ཁང་ལས་རོ་བསྲེགས་པའི་དྲི་མ་ངར་བོ་ཞིག་ཀྱང་མཁའ་དབུགས་བརྒྱུད་དེ་ཁ་དང་སྣ་ནང་དུ་འཚང་ཡོང་ལ། དེས་སེམས་ཁམས་ལ་མི་བདེ་བ་དང་མི་རྟག་པའི་ཚོར་བ་ཞིག་བར་མེད་དུ་སྟེར། བུད་མེད་དེའི་ངུ་ཤུམ་གྱི་ཀློང་ནས་གཤིན་པོའི་བེམ་པོ་རོ་བསྲེག་འཕྲུལ་ཆས་ཀྱི་ཁོག་པར་དྲངས་སོང་། ངས་སྐྱབས་འགྲོ་སེམས་བསྐྱེད་དང་སྤྱོད་འཇུག་དང་བཟང་སྤྱོད། འོད་མཚན་དང་མ་ཎི་སོགས་བཏོན། སེམས་ནང་རྗེ་མི་ལས། རོ་ཞེས་བྱ་མཐོང་ན་འཇིགས་པ་དེ། །དུས་ད་ལྟ་ལུས་ཀྱི་རྩ་ན་གདའ། །།ཞེས་པ་དེ་དྲན་ཡོང་། གཤིན་ཆོག་གྲུབ་རྗེས་བུད་མེད་དེས་འབུལ་བའི་དོད་དུ་ཡིག་ལྐོགས་དཀར་པོ་ཞིག་ངའི་ལག་ཏུ་གཏད། དེའི་ནང་དུ་ཨ་སྒོར་བརྒྱ་ཡན་ཆད་ཏན་ཏན་ཡོད་སྲིད་ལ་ཡོད་ཀྱང་འོས། དེ་ནས་ཕྱིར་ལོག་པའི་ལམ་ཁར་ཟ་ཁང་ཞིག་ཏུ་སོང་ནས་ཉིན་གུང་གི་ཟ་མ་བརྒྱགས་ཐག་ཆོད་ཅིག་ཟོས། ཟས་རིན་ཡང་སྦྱིན་བདག་མས་སྤྲད།
ནང་ལ་འབྱོར་ནས་ཆུ་ཚོད་གཅིག་གི་རྗེས་སུ་ཝི་ཏི་ནམ་བུད་མེད་ཅིག་དང་མོའི་ཁྱོ་ག་ཨ་རི་བ་གཉིས་འབྱོར་ཏེ་ཁོང་ཚང་གི་ཁང་པ་རབ་གནས་ལ་གདན་འདྲེན་ཞུས། མོ་རང་སྤྱི་ལོ་ ༡༩༨༦ལོར་ཨ་རིའི་འབྱོར་རྗེས་ད་ལྟའི་ཁྱོ་ག་འདི་ལ་གཉེན་བསྒྲིགས་པ་རེད་འདུག ཁོ་ཚང་གི་ཁང་པ་ཡངས་ཤིང་རྒྱ་ཆེ་ལ་ར་སྐོར་ཡང་དེ་བཞིན་མཛེས་ཤིང་བརྗིད་ཆགས། ཟླ་ཤས་སྔོན་ནས་ཁང་པའི་ནང་དུ་གདོན་འདྲེ་འཛུལ་བ་བཞིན་དགོང་མོ་རེ་རེར་གཉིད་མི་ཡོང་ཞིང་འཇིགས་སྣང་ཞིག་དབང་མེད་དུ་ཡོང་བར་བརྗོད། ཐོག་མར་ཁང་པའི་ནང་འཛུལ་དུས་བདག་ལ་ཡང་ཚོར་བ་ཁྱད་མཚར་ཞིག་བྱུང་། ངས་ཁོང་ཚང་གི་སྟོན་པའི་རྡོ་སྐུ་དེའི་འོག་ཏུ་རང་གིས་ཁྱེར་བའི་སྒྲོལ་ལྗང་དང་རིག་བྱེད་མའི་ཐང་ཀ་བཤམས། སྒྲོལ་ལྗང་གི་སྐུ་པར་ཆུང་ཡང་རིག་བྱེད་མའི་ཐང་ཀ་ཆེ་ཞིང་བྷ་ག་གདེངས་ཡོད། གསང་སྔགས་ནི་གསང་སྔགས་རང་ཡིན་པས་དེ་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་འོས། ངས་སྐད་ཤུགས་ཆེན་པོས་སྒྲོལ་ཆོག་ཚར་གཅིག་དང་རང་ཉིད་ཀྱིས་བརྩམས་པའི་རིག་བྱེད་མའི་བསྟོད་པ་དང་སྦྲེལ་ཏེ་གཟུངས་སྔགས་ལན་མང་བགྲངས། སྣང་སྲིད་ཟིལ་གནོན་གུ་རུ་རིན་པོ་ཆེའི་སྐུ་བསྟོད་དང་མཚན་སྔགས་ཀྱང་བགྲངས། ཁོང་བཟའ་ཚང་གཉིས་ཀྱིས་ངའི་འཁྲིས་དེར་ལག་པ་ཐལ་མོ་སྦྱར་ནས་གསོལ་བ་ཤབ་ཤུབ་ཏུ་འདེབས། རིམ་བཞིན་ངའི་སེམས་ལ་ཚོར་བ་སྐྱིད་པོ་ཞིག་བསླེབས། རྗེ་བཙུན་སྒྲོལ་མས་ཚེ་གང་བོར་བདག་བསླུ་མ་མྱོང་། འདྲེ་དང་གདོན་གང་ཞིག་ཁང་པ་འདིའི་ནང་ཡོད་ཀྱང་ད་ནས་བཟུང་རྗེ་བཙུན་སྒྲོལ་མའི་སྐྱབས་འོག་ཏུ་འཛུལ་ཟིན་པས་བྱང་ཆུབ་ཀྱི་སེམས་ལ་ཉམས་ལེན་བྱེད་པའི་སེམས་ཅན་ཞིག་ཏུ་གྱུར་པའི་མོས་པ་བྱས། བྱམས་དང་སྙིང་རྗེའི་སེམས་ཚོར་དུས་དང་དུས་སུ་སྐྱེ་བར་ལྷ་མོ་རིག་བྱེད་མས་དྲན་སྐུལ་བྱེད་འོས། རྣལ་འབྱོར་བའི་དམ་ལས་འདས་ཚེ་གུ་རུ་དྲག་པོས་ཟིལ་གྱིས་མནན་ཏེ་དྲག་ཏུ་གཟིར་བར་དམིགས། ཕྱིར་ལམ་ལ་ཆས་ཁར་སྦྱིན་བདག་མས་ཡིག་ལྐོགས་དཀར་པོ་ཞིག་སྤྲད། དེའི་ནང་དུ་ཡང་ཨ་སྒོར་བརྒྱ་ཡན་ཆད་ཡོད་ངེས་ལ་ཡོད་ཀྱང་འོས།

རྩོམ་རིག

Post navigation

Previous Post: དགེ་རྒན་གྱི་སློབ་གསོ། ༼མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་བཤད།༽
Next Post: བསྟོད་ཚིག་མེ་ཏོག་ཆུན་པོ།

Comments (22) on “རོ་བསྲེགས་ཤིང་འདྲེ་བཏུལ་བ།”

  1. རོང་པོ་མཇོ་ན་ནས་ says:
    2013-07-10 at 1:19 am

    ཧཧཧཧ་ངས་ཉིད་ཀྱི་ཤོག་ཁུག་ནང་གྲངས་ཇི་ཙམ་ཡོད་མེད་ཧ་ཅང་ཤེས་འདོད་ཆེ་དེ་་ངོ་མ་སེམས་ནས་དྲན་པས་དེ་གར་མཆན་བྲིས་པ་ཡིན་་་་

  2. རྒྱ་མཚོ་ཆེན་པོ་ says:
    2013-07-10 at 1:32 am

    ཁྱེད་ཀྱི་རྩོམ་ང་རང་གིས་བཀླགས་ཟིན་པའི་ནང་ནས་སྙན་ཤོས་ཀྱི་གྲས་གཅིག་རེད་ཞག སྙན་རྩོམ་དངོས་གྲུང་དེ་དག་མུ་མཐུད་མཐའ་བསྐྱལ་བ་ཡིན་ན་ཀློག་པ་པོ་ཚོར་སེམས་ཚོར་ལྷག་མ་ཟུར་དུ་མི་དགོས་པར་ཡིད་ཚིམ་ཆ་ཚང་བ་ཐོབ་ངེས། ད་ལན་ཁྱེད་ལ་རོ་བསྲེག་གི་འབུལ་བ་ཡིག་སྐོག་དཀར་པོའི་ནང་དུ་ཨ་སྒོར་བརྒྱ་ཡས་མས་མིན་པར་དངུལ་འཛིན་དམ་cheuqeནང་ཀླད་གོར་གྱིས་གང་ཡོད་པ་ཞིག་ལ་གྱུར་བ་སྨོན།

  3. རྒྱ་མཚོ་ཆེན་པོ་ says:
    2013-07-10 at 1:40 am

    ང་རང་སྒེར་ངོས་ལ་ཆ་བཞག་པ་ན་ཡིག་ཆ་ཁག་བཀླག་རྒྱུར་དགའ། ཚིག་ཉོག་
    ་དང་ཚིག་ཧྲག་སྤངས་ཏེ་འཇམ་རྩོམ་དངོས་གྲུང་བཅོས་གྲུང་གཉིས་གར་དགའ་བས་ཁྱེད་རྩོམ་ལ་ཐག་ཐོགས་མེད་ཅིང་ལག་རྩལ་བདེ་བས་ན་མུ་མཐུད་སྙན་རྩོམ་གང་མང་བསྐུར་བའི་རེ་བ་ཆེ། དཔེར་ན་རྩོམ་ཡིག་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ལྟ་བུ་ནི་ཧ་ཅང་སྙན།

  4. བན་དེ་བ། says:
    2013-07-10 at 2:30 am

    ཧ་ཧ་ཧ་ཡིག་ཀོག་དཀར་པོ་དེ་ལམ་བར་དུ་ཁ་ཕྱེས་ཡོད་ཐག་ཆོད་རེད། ག་ཚོད་ཡོད་མེད་གསུང་རོགས། མང་པོ་ཡོད་ཀྱང་ང་ཚོས་སློང་མི་ཡོང་་་སྦས་གསང་མེད་པར་གསུང་ན་ལེགས་པོ་འདུག ཨ་ཁུ་འདིས་གདོན་འདྲེ་དེ་བཏུལ་་ཡོད་ས་མ་རེད། དེར་བཤམས་པའི་སྒྲོལ་མའི་བ་ག་དམར་ལ་མདངས་ཆགས་པ་དེ་དང་ཡིག་ཁོག་དཀར་པོ་དེ་གཉིས་ཀྱིས་དམིགས་པ་སེམས་རྩེ་གཅིག་ཏུ་བཞག་ཏུ་མ་བཅུག་ཐག་ཆོད་འདུག
    གདོན་འདྲེ་དེ་གཅིག་བྱས་ན་ཨ་ཁུ་འདི་ལ་ཁོག་པའི་གཏིང་ནས་བགད་མོ་ཤོར་ཡོད་མདོག་ཁ་བོ་རེད། མི་ཆུང་ཆུང་ཁ་ཆུང་ཆུང་འདི་ཡིས་སྣང་སྲིད་གཟིལ་གནོན་ཞེས་མིག་ཟིམ་ཟིམ་ཁ་གཉེར་གཉེར་བྱེད་དུས་གདོན་འདྲེ་མ་ཟད་ཡོན་བདག་དེ་ཚོའང་ཁོག་བགད་ཤོར་ཡོད་བཟོ་འདུག

  5. གནམ says:
    2013-07-10 at 2:42 am

    སྐུ་ཚེ་རིང་། ད་ཡིན་ན་ཨ་ཁུ་ལ་ཁ་ལྟ་སྒྲིག་གི་ཡིན། རྗེས་མར་རྒྱུ་ཐོག་ལ་རྒྱག་ན་ཐང་གི། ཁྲག་འཐུང་འདི་སྒོར་འཐུང་ཟིག་གི་ཡང་ཆགས་ཡོད་ས་རེད། ཧཧ།

  6. གཞོན་ནུ་ཟླ་མེད། says:
    2013-07-10 at 2:47 am

    ངས་སྔོན་མ་ནས་བཤད་ཡོད། ཨ་རི་ནས་ཆོས་ལ་འགྲེལ་བཤད་རྒྱགས་པ་ལས་གདོན་འདྲེས་འདུལ་དུ་སོང་ན་ཡོང་སྒོ་ཆེ་ནི་རེད། ཨ་རི་མགོ་སེར་ཚོས་ནང་ན་གདོན་འདྲེས་ཁེངས་བསྡད་ཡོད། གདོན་འདྲེས་འདུལ་སྐབས་རང་གི་ནམ་རྒྱུན་གྱི་ཡི་དམ་ཁྲོ་བོ་ཞིག་བསྒོམས་ནས། རྒྱ་མཚོ་ཆན་པོའི་ཕ་རོལ་ཏུ་སོང་ཤིག་སོགས་ཟེར་ཞོར་ལ། ཡུངས་ཀར་ཡང་གཏོར། ཁྱོད་ཀྱི་ཐོད་པའི་སྟེང་དུ་དོམ་ར་གྱོན་ལ། ལག་པའི་ནང་དུ་ཐུམ་ར་གཡུག དེ་ནས་ཉམས་ཡོད་ནི་རེད།

  7. གནམ says:
    2013-07-10 at 2:53 am

    ལག་པ་ཐལ་མོ་སྦྱར་ནས།
    ལག་པས་ཐལ་མོ་སྦྱར་ནས།
    ལག་ཐལ་མོ་སྦྱར་ནས།
    ལག་པའི་ཐལ་མོ་སྦྱར་ནས།
    ད་ཡིན་ན། བོད་ཡིག་འདི་ཁག་ཙམ་འདུག་གི་ཨ། ཅིག་གསུངས་དང་།

  8. ཀརྡོ་གཉེར་ཕྱག་པ་ says:
    2013-07-10 at 3:06 am

    རོ་འཁྲུལ་ཆས་ཀྱིས་བསྲེགས། འདྲེ་སུས་བཏུལད་ཏམ། ལགས།

  9. བདག་པོ། says:
    2013-07-10 at 8:53 am

    དེ་འདྲ་གནང་ན་ཀླུ་སྨྱོན་ལ་ཆོས་ཀྱི་དྲི་མ་ཏོག་ཙམ་འདུག དེ་རིང་བཀྲིས་བདེ་ལེགས་ཞུ་ཡག་ཡིན།
    རྒྱུ་མཚན་ནི། སྟུ་བཤད་དང་མཇེ་བཤད་མེད་པས་ཡིན།

  10. གཞོན་ནུ་ཟླ་མེད། says:
    2013-07-10 at 8:58 am

    ༼སྒྲོལ་ལྗང་གི་སྐུ་པར་ཆུང་ཡང་རིག་བྱེད་མའི་ཐང་ཀ་ཆེ་ཞིང་བྷ་ག་གདེངས་ཡོད།༽ཡག་པོ་ཀློག་མི་འདུག་བདག་པོ། འདི་སྟུ་བཤད་མ་རེད་པས།

  11. གཞོན་ནུ་ཟླ་མེད། says:
    2013-07-10 at 9:00 am

    སྟུ་མཇེ་མེད་ན་ཡི་གེ་འབྲི་མི་ཤེས།།
    སྟུ་མཇེ་མེད་ན་གློག་ཀླད་ཁ་མི་འབྱེད།།
    སྟུ་མཇེ་མེད་ན་ཆོས་ཀྱི་དྲི་མི་བྲོ།།
    སྟུ་མཇེ་སྤྲུལ་བའི་སྐུ་ལ་གསོལ་བ་འདེབས།། ཧཧ

  12. ཀརྡོ་གཉེར་ཕྱག་པ་ says:
    2013-07-10 at 10:12 am

    ཀླུ་སྨྱོན་ལགས་ཀྱིས། རྒད་པོའི་ཕུང་པོ་གཞུགས་འབུལ་དང་། ནང་མིའི་འདྲེ་གདོན་རྐྱེན་སེལ་མཛད་པ་འདྲ།

  13. ཀརྡོ་གཉེར་ཕྱག་པ་ says:
    2013-07-10 at 10:14 am

    ཁོས་ལག་པ་ཐལ་མོ་སྦྱར་ནས།
    ལག་པས་ཐལ་མོ་སྦྱར་ནས།
    ལག་ཐལ་མོ་སྦྱར་ནས།
    ཁོས་ལག་པའི་ཐལ་མོ་སྦྱར་ནས།

  14. ལུང་རྟོགས། says:
    2013-07-10 at 10:18 am

    སྟུ་མཇེ་གཉིས་ཀྱིས་འཇིག་རྟེན་བདེ་ལ་སྦྱོར།།
    སྟུ་མཇེ་གཉིས་ཀྱིས་ཆོས་པ་ལམ་སྣེ་ཟིན།།
    སྟུ་མཇེ་གཉིས་ཀྱིས་ཡོད་ཚད་དབང་དུ་བསྒྱུར།།
    སྟུ་མཇེ་གཉིས་ལ་མི་གུས་སུ་ཞིག་ཡོད།།

  15. ཀརྡོ་གཉེར་ཕྱག་པ་ says:
    2013-07-10 at 11:33 am

    གཉིས་ཀྱི་ གཉིས།
    མཇེ་སྟུ གཉིས་ཀྱི་ བདེ་སྦྱོར་ གཉིས། །
    མཇེ་སྟུ་ གཉིས་ཀྱི་ དབང་ཤེད་ གཉིས། །
    ཕོ་མཚན་ མོ་མཚན་ མིང་གཉིས་ གཉིས། །
    རྡོ་རྗེ་ པདྨའི་ བྱིན་རླབས་ གཉིས། །
    ཧ་ཧ་ ཧི་ཧི་ ཧུ་ཧུ་ གཉིས། །

  16. BONPO says:
    2013-07-10 at 11:51 am

    གཤེན་རབ་ཀྱི་དཀའ་དྲིན་ནི་དེང་སང་ཡང་བོད་ལ་མཁོ།
    གཤིན་པོ་ཡི་ལམ་སྣ་དེ་གཤེན་པོས་ནི་འདྲེན་པར་བྱེད།
    ལྷ་གསོལ་དང་འདྲེ་བཀར་བ་ཡུག་ཕུད་ཀྱི་ཆོ་གས་ནི།
    བོན་རྒན་དང་བན་རྒན་ལ་ཡིག་ལྐོགས་ཀྱི་ཆར་པ་འབེབ། །

  17. ལོག་སྨྲ་ཚར་གཅོད། says:
    2013-07-10 at 2:42 pm

    རང་ཁ་རང་གིས་གསོ་བ་འཇིག་རྟེན་ལུགས།། རང་ཁ་གཞན་གྱིས་གསོ་བ་བླ་མའི་ལུགས།། གསོན་པོར་བཅའ་ཁྲལ་བསྡུ་བ་དཔོན་པོའི་ལུགས།། ཤི་པོར་བཅའ་ཁྲལ་བསྡུ་བ་བླ་མའི་ལུགས།།

  18. བློ་བཟང་། says:
    2013-07-10 at 3:39 pm

    དེས་སེམས་ཁམས་ལ་མི་བདེ་བ་དང་མི་རྟག་པའི་ཚོར་བ་ཞིག་བར་མེད་དུ་སྟེར།
    ཕྱིར་ལོག་པའི་ལམ་ཁར་ཟ་ཁང་ཞིག་ཏུ་སོང་ནས་ཉིན་གུང་གི་ཟ་མ་བརྒྱགས་ཐག་ཆོད་ཅིག་ཟོས།

    སྐུ་ཉིད་དྲན་པ་བརྟན་པོ་རང་མེད་པ་འདྲ། དེ་འདྲའི་རྗེད་ཆོག་ཆོག་ལ་ཨང་། ཧིཧི་

  19. མྱི་ཡག says:
    2013-07-10 at 5:48 pm

    དོ་རྡོ་ཚང་གི་སྤྲུལ་སྐུ་ཡིན་ན་འདྲེ་འདུལ་རྒྱུ་ད་ལས་སླ་བོ་ཡིན་ནི་རེད། དོ་རྡོ་སྤྲུལ་བཏུལ་ནས་སྐད་གྲགས་ཡོད་ནི་རེད།

  20. མྱི་ཡག says:
    2013-07-10 at 5:49 pm

    དོ་རྡོ་ཚང་གི་སྤྲུལ་སྐུ་ཡིན་ན་འདྲེ་འདུལ་རྒྱུ་ད་ལས་སླ་བོ་ཡིན་ནི་རེད། དོ་རྡོ་སྤྲུལ་སྐུ་གདོན་འདྲེ་བཏུལ་ནས་སྐད་གྲགས་ཡོད་ནི་རེད།

  21. གངས་སྨྱུག says:
    2013-07-11 at 4:05 am

    རོ་སྲེག་སར་བལྟས་རྗེས་འདྲེ་ཡོད་སར་སོང་དུས་ཌོ་ལར་༢༠༠ རག་སོང་ལབ་ན་འཚམ་ཤོས་རེད་འདུག

  22. ཉེར་གཅིག་པའི་ཅོང་བརྡ། says:
    2013-07-14 at 5:13 am

    ཡོང་སྒོ་ཧྲ་གི།
    ཤུགས་རྒྱོབས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme