Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔྱད་ཡིག་ཐོར་བུ། ༼འབྲོམ་སྟོན་གྱིས་ས་ཡི་ས་ག་ལ་བོད་ཀྱི་ས་བཅད་སྐོར་དྲི་ལན་དུ་མཛད་པ།༽

Posted on 2013-07-012013-07-01 By རེབ་གོང་བཀྲ་ཤིས། 12 Comments on དཔྱད་ཡིག་ཐོར་བུ། ༼འབྲོམ་སྟོན་གྱིས་ས་ཡི་ས་ག་ལ་བོད་ཀྱི་ས་བཅད་སྐོར་དྲི་ལན་དུ་མཛད་པ།༽

འདྲེན་ཁུངས། བོད་ལྗོངས་ཞིབ་འཇུག

བདེ་ལེགས་སུ་གྱུར་ཅིག
མཐོ་ལྡིང་གསེར་གྱི་ལྷ་ཁང་དུ།། རྒྱལ་བོ་ས་ཡི་ས་ག་ཡིས།། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ།། བོད་ཀྱི་གནས་ཚུལ་འདི་ཞུས་སོ།། བོད་ཀྱི་སྐྱབས་གནས་ས་ཡི་བདག ། ཐོགས་མེད་ལྡན་པའི་བློ་གྲོས་ཅན།། འབྲོམ་རྗེ་དམ་པ་ཚུར་གསོན་དང་།། རྒྱལ་བོ་ས་ཡི་ས་ག་ང་།། རྒྱ་གར་རི་ཐང་ཡངས་པོ་ནས།། བོད་ཡུལ་རི་སུལ་ཆེན་པོ་འདིར།། ཨ་ཏི་ཤ་ཡི་རྗེས་འབྲངས་ནས།། བདག་གི་ཡུལ་ལ་མཁས་ན་ཡང་།། རྒྱུས་མེད་ཡུལ་འདིར་མགོ་བོ་འཐོམས།། དེ་ཕྱིར་བོད་ཀྱི་ཡུལ་འདི་ན།། ཡུལ་གྱི་ས་བཅད་དུ་རུ་སྲིད།།

དེ་ལ་འབྲོམ་གྱིས་ལན་གསུངས་པ།། ས་བདག་རྒྱལ་བོ་ང་ལ་ཉོན།། སྤྱི་མིང་ཁ་བ་ཅན་ལྗོངས་ན།། སྒོས་མིང་དབུས་གཙང་ཁམས་གསུམ་ཟེར།། དྭགས་ཀོང་ལོང་པོ་ཉང་དང་བཞི།། མཐའ་འཁོབ་བྱང་ཐང་འབྲོག་དང་ལྔ།། ཡུལ་གྱི་ས་བཅད་བརྒྱད་དུ་གནས།། མངའ་རིས་ལ་ཡང་རྣམ་པ་གསུམ།། གཙང་ལ་གཡས་རུ་གཡོན་རུ་གཉིས།། ཟར་དང་འབྲིང་མཚམས་ལྷོ་མོན་གསུམ།། སྲད་དང་རུ་མཚམས་འུ་ཡིག་ཤངས།། ལ་ཕྲན་ལུང་ཕྲན་ཉིས་བརྒྱ་ཙམ།།
དབུས་ན་དབུ་རུ་གཡོ་རུ་གཉིས།། དབུ་རུ་ལ་ཡང་ལྷོ་བྱང་གཉིས།། ལྷོ་ན་འཕན་ཡུལ་སྟོད་ལུང་གཉིས།། བྱང་ན་ཞོ་དང་མལ་གྲོ་གཉིས།། ལུང་ཕྲན་ཆེན་པོ་ཉིས་བརྒྱ་གསུམ།། སྟོད་སྨད་ཆ་ལ་སྟོང་ཕྲག་བཞི།། ཁམས་ཀྱི་ཆ་ལ་ཉིས་བརྒྱ་བཅུ།། མདོར་ན་གངས་རིའི་ཁྲོད་འདི་ན།། ལུང་ཆེན་སྟོང་དང་ལྔ་བརྒྱ་ཡོད།། ལུང་སུལ་ཁྲི་དང་ཉིས་སྟོང་ཡོད།། རི་བོ་ཁྲི་ཕྲག་བཅུ་བཞི་ཡོད།། རི་ཕྲན་འབུམ་ཚོ་ཉི་ཤུ་ལྔ།། ཐང་ཆེན་སྟོང་དང་དྲུག་ཅུ་བདུན།། ཐང་ཕྲན་འབུམ་ཕྲག་བཅུ་བདུན་ཡོད།། ཆུ་བོ་ཆེན་པོ་བཞི་རུ་གནས།། ཆུ་ཕྲན་འབུམ་ཚོ་སུམ་ཅུ་ལྔ།། ཆུ་མིག་འབུམ་ཕྲག་བཞི་བཅུ་དྲུག ། བྲག་རི་ཁྲི་ཕྲག་དགུ་རུ་གནས།། ལམ་འཕྲང་ཁྲི་ཕྲག་བཅུ་དགུ་སྟེ།། བོད་ཡུལ་ཁྱོན་ནི་དེ་ཙམ་ཞིག །

ས་ཡི་ས་ག་ཆེས་མཚར་ནས།། འབྲོམ་ལ་སླར་ཡང་འདི་ཞུས་ནས།། བོད་ལ་ཤིང་སྒོ་དུ་ཞིག་ཡོད།། འབྲོག་ན་སྦྲ་ཁྱིམ་དུ་ཞིག་གནས།། སྡེ་དགོན་ལྷ་ཁང་གྲངས་ལ་དུ།། མིག་ཅན་ཁྱེད་ཀྱིས་བསྟན་དུ་གསོལ།།

འབྲོམ་རྗེས་དེ་ལ་ལན་གསུངས་པ།། ཤིང་སྒོ་འབུམ་ཚོ་ལྔ་སྟོང་ཡོད།། སྦྲ་ཁྱིམ་འབུམ་ཕྲག་ཉི་ཤུ་བཞི།། སྡེ་དགོན་ལྔ་བཅུ་རྩ་ལྔ་ཡོད།།

ས་ཡི་ས་ག་ཡ་མཚར་ནས།། སླར་ཡང་ཞིབ་ཏུ་འདི་ཞུས་པ།། བོད་ཀྱི་མི་ལ་སྐྱེས་པ་དུ།། ཟ་མ་བུད་མེད་ཅི་ཙམ་ཞིག ། དེ་དག་ཀུན་ལས་ཆོས་མཛད་དུ།། ཆོས་བྱེད་ཀུན་ལ་ཡར་འགྲོ་དུ།།

འབྲོམ་རྗེས་དེ་ལ་ལན་གསུངས་པ།། བོད་ན་སྐྱེས་པ་བྱེ་བ་གསུམ།། ཟ་མ་བུད་མེད་བྱེ་བ་བཞི།། ཆོས་ལ་སྤྱོད་པ་ཁྲི་ཕྲག་བཞི།། ཡར་འགྲོའི་ཆོས་པ་བཞི་བརྒྱ་སྟེ།། ས་ཡི་བདག་པོ་ཚུར་གསོན་དང་།། ངོ་བོའི་ལས་ཀྱི་མེ་ལོང་ལ།། ལས་ཀྱི་གཟུགས་བརྙན་སྣ་ཚོགས་འཆར།། འཁྲུལ་བ་མངའ་བ་རྗེ་ལ་བཤགས།། ས་བདག་ཐུགས་དགོངས་རྫོགས་པ་མཛོད།།

ལོ་རྒྱུས།

Post navigation

Previous Post: ༼བཙན་པོའི་སྙིང་སྟོབས་༽ལས། བོད་ཀྱི་སློབ་གསོ་དང་པེ་ཅིན་སྲིད་གཞུང༌།
Next Post: ཡོང་སྒོ་འབོར་ཆེན་ཅན་གྱི་བོད་ཀྱི་ཐེབས་རྩ།

Comments (12) on “དཔྱད་ཡིག་ཐོར་བུ། ༼འབྲོམ་སྟོན་གྱིས་ས་ཡི་ས་ག་ལ་བོད་ཀྱི་ས་བཅད་སྐོར་དྲི་ལན་དུ་མཛད་པ།༽”

  1. ཚེ་རིང་ནས། says:
    2013-07-01 at 4:29 am

    ཕྲན་འཕྲིན་རྣམས་སུ་འདི་འདྲ་ཡིག་འཁྱམས་ཤིག་འདུག ཏཱ་ལའི་བླ་མས་བློ་བཟང་སེང་གེ་“རྩིས་མེད་”བཏང་ནས་རང་ཉིད་ཀྱི་དབུ་ཁྲིད་གོ་གནས་གླེང་བ།
    ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་ཕྱི་ཟླ་༦ པའི་ཚེས་༡༥ ཉིན་ཨོ་སི་ཁྲུ་ལི་ཡར་བོད་མི་དང་ཧི་མ་ལ་ཡའི་དད་ལྡན་མང་ཚོགས་སྟོང་ཕྲག་བརྒལ་བར་མཇལ་ཁ་གནང་ཡོད་ཅིང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རང་བཙན་གྱི་དགོས་འདུན་འདོན་མཁན་མི་ཉུང་བ་ཞིག་ཡོང་གི་ཡོད་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཀྱང་རང་བཙན་དུ་བསྒྱུར་དགོས་པའི་རེ་འདུན་འདོན་མཁན་གྱི་ཚོགས་པའང་ཡོད་པའི་སྐོར་༧གོང་ས་མཆོག་གིས་བཀའ་གནང་དོན། བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་མཁན་དེ་ཁོང་ཉིད་གཅིག་པུ་ཡིན་ཞེས་དང་། (“ཚོགས་གཙོས་བོད་མི་ས་ཡ་དྲུག་གི་ཚབ་བྱེད་ཐུབ་ཀྱི་མ་རེད། སྲིད་སྐྱོང་བློ་བཟང་སེང་གེ་ལགས་བཙན་བྱོལ་དུ་ཡོད་པ་ཚོས་འོས་བསྡུ་བྱས་པ་རེད་མ་གཏོགས། ཁྱེད་རང་གིས་ཕལ་ཆེར་བོད་མི་ས་ཡ་དྲུག་གི་ཚབ་བྱེད་ཐུབ་ཀྱི་མ་རེད་དཱ། ངས་ཕལ་ཆེར་བྱེད་ཐུབ་པའི་བཟོ་འདྲ་ཞིག་ཡོད་པ་རེད་ཅེས་ལབ་རྒྱུ་བྱུང།” ༧གོང་ས་མཆོག་གི་བཀའ་སློབ་ཇི་བཞིན་སྒྲ་ཕབ་ཞུས། སྒྱུར་མཁན་གྱི་མཆན།) ཐད་ཀར་མིང་བཏོན་ནས་བོད་ཀྱི་གྲོས་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་དང། སྲིད་སྐྱོང་བློ་བཟང་སེང་གེ་གཉིས་ཀྱིས་བོད་ནང་གི་བོད་མི་ཚོའི་སྐུ་ཚབ་མཚོན་ཐུབ་ཀྱི་མེད་སྐོར་གསུངས་ཡོད་པ་རེད། གནད་དོན་དབྱེ་ཞིབ་པས་བརྗོད་པ་ལྟར་ན། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཏཱ་ལའི་བླ་མའི་དབུ་མའི་ལམ་ལ་ཡིད་ཆེས་མེད་པར། བཙན་བྱོལ་བོད་མིའི་ནང་ཁུལ་ཁ་བྲལ་འབྱུང་ཉེན་ཡོད་པའི་དུས་སྐབས་འདིར། ཏཱ་ལའི་བླ་མ་མཆོག་གིས་བསྐྱར་དུ་ཁོང་ཉིད་ཀྱིས་ད་གཟོད་བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་ཐུབ་པ་དང་། བོད་ཕྱི་ནང་གཉིས་ཀྱི་དབུ་ཁྲིད་དངོས་གནས་དེ་ཁོང་ཉིད་ཡིན་པ་དང་། དབུ་མའི་ལམ་ཤུགས་ཆེན་པོས་གསུངས་པ་ནི། ལངས་ཕྱོགས་ཀྱི་འཐབ་རྩོད་འབྱུང་ཉེན་ཡོད་པར་མངོན་པ་མ་ཟད། ཏཱ་ལའི་བླ་མས་བློ་བཟང་སེང་གེ་ལ་ཡིད་ཆེས་མེད་པར་བསྟན་པ་རེད།

    ཏ་ལཱའི་བླ་མ། ཁོང་ཉིད་གཅིག་པུས་བོད་མི་ཡོངས་ཀྱི་སྐུ་ཚབ་མཚོན་ཐུབ།
    ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་ཕྱི་ཟླ་༦ པའི་ཚེས་༡༥ ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཏཱ་ལའི་བླ་མ་མཆོག་གིས་ཟླ་འདིའི་ཕྱི་ཚེས་༡༥ ཉིན་ཨོ་སི་ཁྲུ་ལི་ཡའི་སི་ཌི་ནི་ཡི་སྤྲོ་གསེང་ལྟེ་གནས་སུ་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་རྣམས་ལ་ཆོས་འབྲེལ་གནང་སྐབས། བོད་མི་དང་འབྲུག་པ། སོག་པོ་སོགས་ཀྱི་དད་ལྡན་སྟོང་ཕྲག་བརྒལ་བར་དམིགས་བསལ་མཇལ་ཁ་གནང་ཡོད་པ་མ་ཟད་བཀའ་སློབ་ཀྱང་གནང་ཡོད་པ་རེད།
    དབུ་མའི་ལམ་གྱི་འཐབ་རྩོད་སྐོར་ངོ་སྤྲོད་གནང་སྐབས་༧གོང་ས་མཆོག་གིས་གསུངས་དོན། ལོ་རབས་༧༠ པའི་ནང་བོད་མི་ཚོས་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་ཁག་ལ་ཐབས་ཤེས་འདྲ་མིན་སྣ་ཚོགས་བརྒྱུད་དེ་འབོད་སྐུལ་བྱས་ཀྱང་། རྒྱབ་སྐྱོར་མ་རག་པའི་རྗེས། མཇུག་མཐར་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་རྩོད་པའི་དབུ་མའི་ལམ་གཏན་ལ་ཕབ་པ་དང་། རྒྱ་ཆེའི་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཡོད། ཏཱ་ལའི་བླ་མ་མཆོག་གིས་གསུངས་དོན། བོད་ནང་གི་བོད་མི་ཚོས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་པ་ནི་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་རེད་ལ། བོད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཡག་ཤོས་དེ་རེད།
    བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དུ་རང་བཙན་གྱི་ལྟ་བ་འཛིན་མཁན་ཡོད་པ་དང་། དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་ལངས་ཕྱོགས་བསྒྱུར་དགོས་པའི་དགོས་འདུན་འདོན་མཁན་གྱི་ཚོགས་པ་དང་སྒྲིག་འཛུགས་ཡོང་གི་ཡོད་པ་དེའི་སྐོར་༧གོང་ས་མཆོག་གིས་བཀའ་གནང་དོན། ཚང་མས་ངེས་པར་དུ་བསམ་བློ་ནན་ཏན་གཏོང་དགོས། ཏཱ་ལའི་བླ་མ་མཆོག་གིས་གསུང་དོན། བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་ཐུབ་མཁན་དེ་ཁོང་ཉིད་གཅིག་པུ་ཡིན་ཞེས་དང་། ཁོང་ཉིད་ཀྱི་འཁྲིས་སུ་ཡོད་པའི་སྤྱི་མཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་བརྡ་བསྟན་ནས། ཁོང་དང་སྲིད་སྐྱོང་བློ་བཟང་སེང་གེ་སུས་ཀྱང་བོད་ནང་གི་བོད་མི་ཚོའི་སྐུ་ཚབ་མཚོན་ཐབས་མེད། ཁོང་གིས་གསུངས་དོན། ངོས་རང་དགུང་ལོ་༡༦ ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་འགན་བཞེས་པ་ནས་བཟུང། དགུང་ལོ་༧༨ ལ་མ་སླེབས་བར་དུ་ཉམས་མྱོང་བསགས་ཡོད། དེའི་ཁར་བོད་ནང་གི་བོད་མི་ཚོས་ཡིད་ཆེས་བློ་གཏད་བྱེད་བཞིན་པས། གནས་སྟངས་འདི་འདྲ་ཞིག་གི་འོག་བཏོན་པའི་དབུ་མའི་ལམ་གྱི་ལངས་ཕྱོགས། གློ་བུར་དུ་བསྒྱུར་དགོས་ན་དེ་ནི་རྣམ་དཔྱོད་དང་ལྡན་པ་ཞིག་མ་རེད།
    ཏཱ་ལའི་བླ་མ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་སློབ་སྟོན་གནང་དོན། མི་རེ་ཟུང་གིས་བསམ་བློ་མ་བཏང་བ་དང་དངོས་ཡོད་གནས་ཚུལ་ལ་མ་ལྟོས་པའི་རྫུན་གཏམ་གྱིས་ཤུགས་རྐྱེན་ཐེབས་མི་རུང་ལ། མི་གཅིག་གཉིས་ཤིག་གི་རྗེས་སུ་གཡམ་རྒྱུགས་མི་བྱེད་པར། ཚང་མས་ངེས་པར་དུ་གཟབ་གཟབ་བྱེད་དགོས་པ་དང་། མགོ་སྐོར་མ་ཐེབས་པར་དགོས་པ་རེད་ཅེས་བཀའ་གནང་ཡོད། གནད་དོན་དབྱེ་ཞིབ་པས་བརྗོད་པ་ལྟར་ན། ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་དེས་བོད་མི་ཚོར། བཙན་བྱོལ་བོད་མིའི་དབུ་ཁྲིད་དངོས་གནས་དེ་ཁོང་ཉིད་ཡིན་པར་བསྟན་པ་རེད།
    ཏཱ་ལའི་བླ་མ་མཆོག་གིས་ཕྱི་ཟླ་༣ པའི་ཚེས་༢༩ ཉིན་ངྷ་རམ་ས་ལར་གསུང་ཆོས་ཤིག་གི་ཐོག་ཏུ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཞིབ་ཕྲའི་འགྲེལ་བཤད་བསྐྱོན་གནང་སྐབས་དམིགས་བསལ་གྱིས་གསུངས་དོན། “གཙོ་བོ་དེ་བོད་ནང་གི་བོད་མི་ཚོས་སྔར་བཞིན་ང་ལ་ཡིད་ཆེས་བློ་འགེལ་བྱེད་ཀྱི་ཡོད་པ་དང་། ཁོང་ཚོས་ང་ལ་དད་གུས་བྱེད་བཞིན་ཡོད། དེ་བཞིན། བཙན་བྱོལ་བོད་མི་ཚོས་ཀྱང་ཡིད་ཆེས་བློ་འགེལ་དང་དད་གུས་བྱེད་བཞིན་ཡོད། དེར་བརྟེན། ང་ལ་ད་དུང་འགན་ཁུར་ཆེན་པོ་ཡོད།” གནད་དོན་དབྱེ་ཞིབ་པས་བརྗོད་པ་ལྟར་ན། ཏཱ་ལའི་བླ་མ་མཆོག་གིས་ཐེངས་ཁ་ཤས་ཀྱི་གསུང་བཤད་ལས་བསྟན་པ་ནི། སྤྱིར་ཕྱི་ལོ་༢༠༡༡ ལོར་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་བྱས་ཟིན་ཀྱང་། དོན་དངོས་སུ་ད་དུང་རྒས་ཡོལ་བྱས་མེད་པར། བློ་བཟང་སེང་གེ་ནི་ཁོང་གི་བཀོལ་སྤྱོད་བྱེད་པའི་མི་ཙམ་ཞིག་ཡིན་པ་དང་། བོད་མིའི་དབུ་ཁྲིད་དངོས་གནས་དེ་ད་དུང་ཏཱ་ལའི་བླ་མ་མཆོག་ཡིན་པ་རེད། དེའི་ཁྲོད་ཀྱི་རྒྱུ་རྐྱེན་གཙོ་བོ་དེ་བློ་བཟང་སེང་གེ་སོགས་ཀྱིས་དབུ་མའི་ལམ་གྱི་ལངས་ཕྱོགས་མུ་མཐུད་དུ་རྒྱུན་འཛིན་ཐུབ་པར་ཡིད་ཆེས་མེད་པ་དེ་རེད། ཐེངས་འདིར་བློ་བཟང་སེང་གེ་སོགས་ལ་ཐད་ཀར་བོད་མི་ཡོངས་ཀྱི་ཚབ་མཚོན་ཐུབ་ཀྱི་མ་རེད་ཅེས་གསུངས་པ་ལས་ཀྱང་ཧ་ཅང་གསལ་པོ་ཤེས་ཐུབ། མ་འོངས་པར་ཉིན་ཞིག་བོད་རང་བཙན་གྱི་ཤུགས་རྐྱེན་གྱིས་ནང་ཁུལ་ཁ་བྲལ་བྱུང་བ་དང་མཉམ་དུ་བློ་བཟང་སེང་གེ་བཙན་གྱིས་ཕྱོགས་གཅིག་ཏུ་འདེད་པའི་སྔ་ལྟས་ཀྱང་ཡིན།

    ཁ་ཞེ་མི་མཚུངས་པའི་བོད་ཀྱི་གཞོན་ནུའི་ཚོགས་གཙོ།
    རྒྱ་ནག་སྲིད་གཞུང་གིས་འཇིགས་སྐུལ་རིང་ལུགས་པར་བསྒྲགས་པའི་བོད་ཀྱི་གཞོན་ནུ་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་ཏཱ་ལའི་བླ་མས་བཏོན་པའི་དབུ་མའི་ལམ་གྱི་ལངས་ཕྱོགས་ཐད། ཕྱོགས་ངོས་གཉིས་ཀྱི་རྣམ་འགྱུར་མངོན་ཡོད། ཕྱི་ཟླ་༥ པའི་ཚེས་༢༧ ཉིན་ཁོང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྟེང་། ཏཱ་ལའི་བླ་མ་མཆོག་གི་བཀའ་དགོངས་དང་འགལ་བའི་བྱ་སྤྱོད་རིགས་ལ་དགོངས་སེལ་ཞུས་ཡོད་པ་དང་། ཁོང་གིས། “གལ་སྲིད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཏཱ་ལའི་བླ་མ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དགོངས་དང་འགལ་བའི་ལས་ཀ་བྱས་ཡོད་ན། སྙིང་ཁོང་རུས་པའི་གཏིང་ནས་དགོངས་སེལ་ཞུ་རྒྱུ་ཡིན། ཚེ་དབང་རིག་འཛིན་གྱིས་ད་དུང་ཁས་ལེན་བྱས་དོན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོང་ས་ཏཱ་ལའི་བླ་མ་མཆོག་གི་ཅི་གསུང་བཀའ་བཞིན་བསྒྲུབ་རྒྱུ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མཉམ་འབྲེལ་བྱེད་རྒྱུ་ཡིན་པ་མ་ཟད་ལས་དོན་ཁག་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཟེར། ཡིན་ནའང་དེ་དང་མཉམ་དུ་བརྗོད་རྒྱུར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་མུ་མཐུད་དུ་རང་བཙན་གྱི་ལམ་དུ་བསྐྱོད་རྒྱུ་ཡིན་ཞེས་བརྗོད། ཕྱི་ཟླ་༦ པའི་ཚེས་༢ ཉིན་བཏོན་པའི་ཨེ་ཤི་ཡའི་བདུན་རེའི་དུས་དེབ་>>ཀྱི་སྟེང་དུ་འཁོད་པ་ལྟར་ན། བོད་རང་བཙན་གྱི་སྒྲིག་འཛུགས་ཁག་གིས་སྔར་ལས་ལྷག་པའི་སྟོབས་ཤུགས་ལྡན་པའི་འཐབ་རྩོད་ཀྱི་ནུས་པ་འདོན་ཐབས་ཀྱི་གྲ་སྒྲིག་བྱེད་བཞིན་པ་དང་། ཁོང་ཚོས་བོད་རང་བཙན་མཉམ་འབྲེལ་སྒྲིག་འཛུགས་ཤིག་འཛུགས་རྒྱུའི་ཇུས་འདོན་བཞིན་ཡོད་པ་རེད། གནས་ཚུལ་དེའི་ནང་འཁོད་དོན། དེ་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་པའི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་སོགས་བཙན་བྱོལ་བོད་མིའི་རང་བཙན་གྱི་སྒྲིག་འཛུགས་ཁག་གིས་བགྲོ་གླེང་ཚོགས་འདུ་ཐེངས་མང་འཚོགས་ཡོད་ཅིང་། དེའི་ཁྲོད་ཀྱི་ཕྱི་ཟླ་༩ པའི་ནང་སྒྲིག་འཛུགས་དང་ཤོག་ཁག་ལས་བརྒལ་བའི་རྒྱལ་སྤྱིའི་ནང་གི་བོད་རང་བཙན་གྱི་སྟོབས་ཤུགས་ཕྱོགས་གཅིག་ཏུ་སྤུངས་ཏེ། བོད་རང་བཙན་སླར་གསོའི་“བོད་རང་བཙན་གནའ་འབྲེལ་”འཐུས་མི་ཚོགས་ཆེན་འཚོགས་ཡོད། (དོན་དངོས་ཐོག་ཚོགས་འདུ་དེ་འདྲ་ཞིག་འཚོགས་པ་གོ་ཐོས་མེད་ཀྱང། མ་རྩོམ་དུ་ཡོད་པ་སོར་བཞག་གིས་བསྒྱུར་ཡོད། སྒྱུར་མཁན་གྱི་མཆན།)
    ཚེ་དབང་རིག་འཛིན་གྱིས་ཁ་གསལ་ངང་བརྗོད་དོན། ཁོང་རང་ཉིད་ཀྱིས་ཏཱ་ལའི་བླ་མ་མཆོག་གི་དབུ་མའི་ལམ་ལ་རྒྱབ་སྐྱོར་མེད། “བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་བོད་རང་བཙན་ཕུད་པའི་གཞན་གྲོས་མོལ་ཅི་འདྲ་ཞིག་ཡིན་ནའང་རྩིས་མེད་ཡིན།” གནད་དོན་དབྱེ་ཞིབ་པས་དཔྱད་བརྗོད་བྱས་པ་ལྟར་ན། ཐེངས་འདིའི་ཚོགས་ཆེན་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཆེས་གཞི་རྒྱ་ཆེ་བའི་བོད་རང་བཙན་གྱི་ཚོགས་ཆེན་ཞིག་ལ་ངོས་འཛིན་བྱས་ཡོད་པ་རེད།
    ཏཱ་ལའི་བླ་མ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་ཀྱི་འགལ་ཟླ་ནི་སྔོན་ནས་ཡོད་པ་ཞིག་ཡིན་པ་དང་། ཏཱ་ལའི་བླ་མ་མཆོག་གིས་ཐེངས་ཁ་ཤས་ཤིག་ལ་གསུང་དོན། “ཕལ་ཆེར་ཕྱི་ལོ་༡༩༧༤ ལོར་ཡིན། ང་ཚོས་ཐག་གཅོད་བྱས་ཟིན་པ་རེད། ང་ཚོ་དུས་ཚོད་སྔ་ཕྱི་ཞིག་མ་གཏོགས་རྒྱ་ནག་དབུས་གཞུང་གི་འོག་ཏུ་ལོག་རྒྱུ་རེད། བྱས་ཙང་“རང་བཙན་”ནི་ང་ཚོའི་བསམ་བློ་གཏོང་དགོས་པའི་གནད་དོན་ཞིག་རྩ་བ་ནས་མིན་པར། ངེས་པར་དུ་ཕྱོགས་སུ་མ་ལྷུང་བར་གཉིས་ཕན་དབུ་མའི་ལམ་ཞིག་གི་ཐོག་ཏུ་བསྐྱོད་དགོས། ཡིན་ནའང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ག་ལེར་ང་ཚོས་རང་བཙན་རྩོད་ལེན་མི་བྱེད་པའི་ལངས་ཕྱོགས་ལ་སྐྱོན་བརྗོད་བྱེད་ཡོང་གི་འདུག ”དེ་བཞིན་ཁོང་གིས་མུ་མཐུད་དུ་གསུང་དོན། ཁོང་གིས་རྒྱུན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་དངོས་ཡོད་གནས་ཚུལ་མིི་མཐུན་པ་རེད་ཅེས་སྐྱོན་བརྗོད་བྱེད་བཞིན་ཡོད་ཅེས་གསུངས།

    བློ་བཟང་སེང་གེའི་ཆབ་སྲིད་ལངས་ཕྱོགས་དངོས་ལ་ཉམས་ཚོད་ལེན་པ།
    ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་སྔོན་མ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཡིན་པ་དང་། ལོ་གཉིས་ཙམ་རིང་ལས་གནས་དེའི་ཐོག་ཕྱག་ལས་གནང་མྱོང་ཡོད། འོན་ཀྱང་། ཁོང་ད་ལྟ་བཙན་བྱོལ་བོད་མིའི་སྲིད་སྐྱོང་ཡིན་པའི་ཆ་ནས། ཁོང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་དང་ས་མཚམས་གསལ་པོར་བཅད་ཡོད།
    གསར་འགྱུར་བརྒྱུད་ལམ་ཁ་ཤས་ཀྱི་ནང་དུ་ངོས་འཛིན་བྱས་པ་ལྟར་ན། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་དབུ་ཁྲིད་ཀྱི་འགན་བཞེས་པ་ནས་བཟུང་། བློ་བཟང་སེང་གེས་བཙན་བྱོལ་བོད་མི་ཚོའི་དབུ་ཁྲིད་ནས་ཏཱ་ལའི་བླ་མ་མཆོག་གི་བཏོན་པའི་དབུ་མའི་ལམ་རྒྱ་ཡན་དུ་གཏོང་བཞིན་པ་དང་། དེའི་ཁར་ཏཱ་ལའི་བླ་མ་མཆོག་གིས་སྐུ་ན་ཕྲ་དུས་ནས་ནང་ཆོས་ལ་སློབ་སྦྱོང་བྱས་པའི་ཤུགས་རྐྱེན་གྱིས་བྱམས་བརྩེ་དང་ཉམས་ཆུང་རང་བཞིན་གྱི་ཆ་མཆིས་པས། ཕྱོགས་ཁ་ཤས་ཤིག་དང་ཐ་ན་བློ་བཟང་སེང་གེས་ཏཱ་ལའི་བླ་མ་མཆོག་“བཙན་ཁྲིད་”བྱེད་པ་ཞིག་རེད། ཏཱ་ལའི་བླ་མ་མཆོག་ལ་སྔོན་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དྲག་པོའི་ལམ་ཏུ་བསྐྱོད་པར་སྟངས་འཛིན་བྱེད་ཐབས་མེད་པར་གྱུར་ཟིན་པ་དང་། བོད་མི་དང་བོད་དོན་ལ་སེམས་ཁུར་བྱེད་པའི་མི་སྣའི་ཁྲོད་ཀྱི་མི་ཉུང་བ་ཞིག་གིས། བློ་བཟང་སེང་གེའི་སེམས་གཏིང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་སྔར་བཞིན་བོད་རང་བཙན་ཡིན་པའི་ཡིད་ཆེས་བྱེད་བཞིན་པ་རེད།
    ཡིན་ནའང་བློ་བཟང་སེང་གེས་ཉེ་ཆར་ཨ་རིར་སྤེལ་བའི་གཏམ་བཤད་ལས་མངོན་པ་ལྟར་ན། ཏཱ་ལའི་བླ་མ་མཆོག་གི་གཟི་བརྗིད་ལ་བརྟེན་ནས་རང་ཉིད་སྲུང་སྐྱོབ་བྱེད་བཞིན་པ་དང་། ཁོང་གིས་བརྗོད་དོན། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཤད་པའི་བོད་ཀྱི་“མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་”གིས་རྒྱ་ནག་གི་བདག་དབང་དང་མངའ་ཁོངས་གཅིག་གྱུར་ལ་རྩོད་པ་­­­བྱེད་ཀྱི་མེད་པར། “རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་ནང་དུ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་མངོན་འགྱུར་ཡོང་ཐབས་”དེ་ཡིན་ཞེས་དང་། ཁོང་གིས། འདི་ལྟ་བུའི་དབུ་མའི་ལམ་ནི་“ཞི་དུལ་དང་རྒྱུ་མཚན་ལྡན་པའི་ཐབས་ལམ་”ཞིག་རེད་ལ། རྒྱ་ནག་སྲིད་གཞུང་དང་བོད་མི་ཕྱོགས་གཉིས་ཀྱི་ངོས་ནས་བཤད་ན་“གཉིས་ཕན་”གྱི་གྲོས་འཆར་ཞིག་རེད་ཅེས་བརྗོད།།
    མ་རྩོམ་དེ་གསར་འགོད་པ་མན་ཅེ་ཡིས་བྲིས་པ་ཏོ་ཝེ་སོགས་རྒྱ་ཡིག་དྲ་རྒྱ་ཁག་གི་སྟེང་དུ་སྤེལ་འདུག་པ་རྒྱ་ཡིག་ལས་བོད་བསྒྱུར་བྱས།

  2. སྤོབས་པ་མཐའ་ཡས། says:
    2013-07-01 at 4:41 am

    རྒྱལ་བ་རིན་པོ་ཆེས་ཉེ་ཆར་ཨོ་སི་ཁྲིལ་ལི་ཡ་རུ་རྒྱ་མི་དེ་མི་རིགས་རླབས་ཆེན་ཞེད་པོ་ཞིག་ཡིན་ཚུལ་མང་པོ་ཞིག་གསུངས་ཡོད་འདུག ཡིན་ན་ཡང་ཁོང་རང་ཉིད་ཁོ་ནས་བོད་མི་ས་ཡ་དྲུག་གི་ཚབ་མཚོན་ཐུབ་ཚུལ་དེ་འདྲ་གསུངས་པ་ཐོས་པ་ཐེངས་དང་པོ་ཡིན།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-07-01 at 6:53 am

    རྒྱལ་བོ་ས་ཡི་ས་ག་ཡིས།། རྩ་བའི་མ་དཔེར་རྒྱལ་པོ་ཞེས་འདུག་གམ། རྒྱལ་བོ། ཞེས་འདུག ཅེས་དང་། འཁྲུལ་བ་མངའ་བ་རྗེ་ལ་བཤགས།། ས་བདག་ཐུགས་དགོངས་རྫོགས་པ་མཛོད།། བོད་སྤྱིའི་སྐད་ལྟར་དུ། འཁྲུལ་པ་མངའ་བ་རྗེ་ལ་བཤགས།། ས་བདག་ཐུགས་དགོངས་རྫོགས་པར་མཛོད།། ཅེས་མི་འདུག་གམ། ཞེས་སོ།

  4. མངའ་རིས་ཕྲིན་ལས། says:
    2013-07-01 at 8:17 am

    ཕྱི་ནང་བསྟན་པ་ཡོངས་དང་བྱེ་བྲག་བོད་བརྒྱུད་ནང་བསྟན་རིས་དུ་མ་ཆད་པའི་བསྟན་པའི་གཙུག་ནོར་བོད་མི་རིགས་ཀྱི་བླ་ན་མ་མཆིས་པའི་སྐྱབས་གནས་༧གོང་ས་མཆོག་གི་གསུང་བེད་སྤྱོད་ལོག་པ་མི་གཏོང་བའི་འབོད་བསྐུལ་ཞུ་བ་དང་ཆབས་ཅིག་བཀའ་སློབ་འདི་དང་འདི་འདྲ་བ་ཆོས་དང་འབྲེལ་བ་ཆེར་མེད་པ། ཆབ་སྲིད་ཀྱི་བཀའ་སློབ་རྣམས་དུས་དང་འཚམས་མིན་ལ་གཟིགས་ནས་འགྲེམ་སྤེལ་གནང་རྒྱུ་ལས། རྒྱལ་བའི་བཀའ་ཡིན་ཚད་ཡོངས་གྲགས་མ་གནང་ན་ལེགས་སྙམ། གང་ལ་ཞུ་ན་བཀའ་སློབ་འདི་འདྲ་བོ་ཡིན་ན་སྲིད་སྐྱོང་བློ་སེང་བོད་མིས་མགྲིན་ཚབ་མཚོན་མི་ནུས་པ་གསུངས་པ་དང་། གཞན་ཡང་དབུ་མའི་ལམ་ནས་ཆོལ་གསུམ་ཆིག་སྒྲིལ་གྱི་རང་སྐྱོང་རྩོད་བཞིན་པ་དེ་ལྟར་ཡང་ཨ་མདོ་སྔོན་མ་དགའ་ལྡན་ཕོ་བྲང་མངའ་འོག་མིན་ཚུལ་ཡང་ཡང་གསུངས་པ་དང་། གཞོན་ནུའི་ལས་འགུལ་ནི་སྤུ་གུའི་སྟུག་དྲི་དང་མཚུངས་པ་ཡིན་ཚུལ་སོགས་ཕན་གནོད་ཆ་མ་མཆིས་པའི་བཀའ་སློབ་རིགས་ཡོད་ཚེ་བསྟངས་འཛིན་གནང་རྒྱུ་དང་། དུས་ལ་བབས་ཚེ་ཡོང་གྲགས་གནང་རྒྱུ་སོགས་ཐབས་མཁས་ཀྱི་བྱ་བ་གནང་གལ་ཆེ་བ་ལས། དད་པ་གཅིག་པུས་ཆབ་སྲིད་ཀྱི་ལག་ཆར་འགྲོ་དང་མི་འགྲོ་དཔྱད་པ་གནང་གལ་ཆེ།

  5. བཀྲ་ཤིས་རྡོ་རྗེ། says:
    2013-07-01 at 12:33 pm

    མཆན་དང་པོ་ཚེ་རིང་གིས་གཏམ་འཆལ་དེར། ཁུངས་སྣེ་དགོས། ཤོད་སྟངས་ངན་པ་ཞིག་ལ་བསྒྱུར་ནས་བཤད་འདུག འདི་དག་ནི་མ་གཞི་ནང་དཀྲུགས་བྱེད་རྐྱེན་གཙོ་བོ་དེ་རེད། སྤྱིར་བཏང་༸གོང་ས་མཆོག་གི་བོད་མིའི་ཚབ་མཚོན་ཡིན་པར་ཤོད་མཁན་བོད་མི་ལས་ཕྱི་མི་མང་། དེ་གསལ་བོ་རེད། ༸གོང་ས་མཆོག་གི་དཔེ་འཇོག་སྟངས་ཤིག་གི་བཤད་ཡོད་མེད་ལ་ད་དུང་ལྟ་དགོས།

  6. ཚེ་རིང་ནས། says:
    2013-07-01 at 12:53 pm

    བཀྲ་ཤིས་རྡོ་རྗེས་བཤད་པར་ལྟས་ན། ངས་བཟོས་པ་རེད་ཟེར། གཞན་གྱིས་ངོ་དེབ་ཐོག་ཏུ་དེ་ག་རང་བཏང་འདུག ངས་དེ་ནས་བླང་སྟེ་འདིར་དྲངས་པ་ལས། དེ་ལ་ཚིག་གཅིག་ཀྱང་སྒྱུར་མེད།

  7. བློ་གྲགས། says:
    2013-07-01 at 11:30 pm

    དཀྲུགས་བཤིག་རྒྱ་ཡི་རྒྱུག་ཁྱིའམ་ཡང་དོལ་རྒྱལ་བ་གཅིག་སླེབས་འདུག་པས་གཟབ་གཟབ་བྱོས། བོད་རིགས་སྤུན་ཟླ་ཚོ། ༸གོང་ས་མཆོག་གིས་བཀའ་གང་གནང་མི་ངན་ཁྱེད་ཚོས་གཏོན་མི་དགོས་བཀའ་སློབ་ངོ་མ་ཉན་རྒྱུ་ཡོད་པས་མགོ་སྐོར་ཐེབས་མི་སྲིད། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

  8. བློ་གྲགས། says:
    2013-07-01 at 11:36 pm

    རྒྱལ་བའི་བཀའ་ལ་ཡོངས་གྲགས་བྱེད་མི་ཆོག་པ་ཅི་ཡང་མེད། སྲིད་སྐྱོང་བློ་སེང་ནི་༸གོང་ས་མཆོག་གིས་ཡོངས་གྲགས་སུ་སྲིད་སྐྱོང་སྟག་བྲག་གིས་གནང་བའི་སྲིད་དབང་རྩིས་སྤྲད་གནང་སའི་བོད་མི་དང་པོ་དེ་རེད། ཁོང་གིས་༸གོང་ས་མཆོག་གི་དགོངས་པ་མི་མཁྱེན་པ་ཡོང་མི་སྲིད་ལ། དོལ་རྒྱལ་བ་ཚོས་དཀྲུགས་བཤིག་རྒྱག་ཐབས་བྱས་པ་སྙིང་རེ་རྗེ། ད་འུ་ཐུག་ནས་ཆིག་བྱས་འདི་བྱས་མེད་པ་འདྲ། དོལ་རྒྱལ་གྱི་རྐུབ་ལ་རྒྱུགས་ན་ཐ་མར་ཡོང་རྒྱུ་དེ་རེད། གྲོགས་མེད་ཁེར་རྐྱང་དང་བཀྲ་མི་ཤིས་པ་ཁོ་ན་ལས་ཡོང་རྒྱུ་མེད་པ་གསལ་པོ་རེད། དཔེར་ན། ཕ་བོང་ཁའི་ཡང་སྲིད། ཁྲི་བྱང་པའི་ཡང་སྲིད། དགོན་གསར་སྤྲུལ་སྐུ། གྲྭ་སྒོམ། ཛེ་སྨད། ལུང་རིགས་རྣམ་རྒྱལ་སོགས་ལ་ལྟོས་ཤིག

  9. ལེགས་བཤད། says:
    2013-07-02 at 1:17 am

    ཆབ་སྲིད་དང་དད་པ་མ་བསྲེས་ན་ཡག་པོ་འདུག །ཆབ་སྲིད་ཀྱིས་བླ་མ་ཟོག་པོར་བཟོ་ཉེན་ཆེ།

  10. མངའ་རིས་ཕྲིན་ལས། says:
    2013-07-02 at 2:47 am

    ལེགས་བཤད་ལགས་བདེན་ཁ་འདུག་དེ་ག་རང་རེད། ཆབ་སྲིད་བཤད་སྐབས་དོལ་རྒྱལ་སོགས་ཆོས་དང་ལྷ་འདྲེའི་སྐོར་སྐད་ཆ་བཤད་བཤད་སྡད་ན་ཆབ་སྲིད་པ་རྫུན་མའམ་ཆོས་འབག་གྱོན་པའི་ཆབ་སྲིད་ཟེར། ཆོས་བཤད་སྐབས་ཆབ་སྲིད་དང་འབྲེལ་བའི་དོན་མེད་ཉོག་བཤད་བྱས་སྡད་པ་ཡིན་ན་དེ་ནི་ཆོས་ཀྱི་ཆེ་བ་དང་བླ་མའི་ཆེ་བ་སོགས་དམ་པའི་ཆོས་ནས་གསུང་པའི་ཁྱད་ཆོས་རྣམས་ཐལ་བའི་ནང་དུ་དོར་བ་དང་གཅིག་པ་རེད། དེ་གཉིས་ཀ་འདོད་ཅིང་གཉིས་ཀ་བཤོད་པ་ནི་གཉིས་མེད་སེངྒེ་འམ་ར་མ་ལུག་གི་བྱ་བ་གང་ལའང་ངེས་གཏན་མེད་པ་་་་་་་དེའི་མིང་ནི་་་་་་་རེད།

  11. མངའ་རིས་ཕྲིན་ལས། says:
    2013-07-02 at 6:57 am

    ཉེ་སྔོན་ནོར་ཝེ་རླུང་ཕྲིན་སོགས་གསར་ལམ་ཁ་ཤས་བརྒྱུད་༧གོང་ས་མཆོག་ནས་སྲིད་སྐྱོང་བློ་སེང་བོད་གཞིས་བྱེས་གཉིས་ཀའི་ཚབ་མཚོན་མི་ནུས་ཚུལ་གསུང་ཡོད། དེ་རྗེས་མི་རྗེ་སྲིད་སྐྱོང་མཆོག་ནས་འདི་འདྲ་ཞིག་གསུང་ཡོད། ༸གོང་ས་མཆོག་གི་འཆར་སྣང་གཞིར་བཟུང་བཙན་བྱོལ་ནང་ལ་དམངས་གཙོ་དགོས་ཀྱི་འདུག་ཅེས་བརྗོདཀྱི་ཡོད་སྟབས། ལྟ་གྲུབ་ཀྱི་ཐོག་ནས་འགལ་ཟླ་འགྲོ་ཡི་ཡོད་པའི་རྣམ་པ་ཞིག་འཐོན་ཡོང་གི་ཡོད། གང་ཡིན་ཟེར་ན། འཛམ་གླིང་ཐོག་བཙན་བྱོལ་སྒྲིག་འཛུགས་མང་ཆེ་བར་གཟིགས་དང་། མང་ཆེ་བའི་ནང་དམངས་གཙོ་ལག་ལེན་བསྟར་བཞག་པ་མེད། ལོ་རྒྱུས་ཐོག་ནས་ཀྱང་ཕལ་ཆེར་མེད། དེ་གང་ཡིན་ཞེ་ན། དམངས་གཙོ་དང་བཙན་བྱོལ་གཉིས་བར་ལ་ལྟ་གྲུབ་ཐོག་ནས་འགལ་ཟླ་ཞིག་རང་བཞིན་གྱིས་འགྲོ་གི་ཡོད་པ་རེད། བཙན་བྱོལ་ལ་ཡོད་པའི་སྒྲིག་འཛུགས་གང་འདྲ་ཞིག་ཡིན་ཡང་རྩ་དོན་རྩོད་མཁན་ཞིག་ཡིན་སྟབས། རྩ་དོན་རྩོད་མཁན་ལ་ཆིག་སྒྲིག་དང་མགོ་འཁྲིད་གཅིག འབོད་སྒྲ་གཅིག (Unity, Single leader, single voice ) དགོས་པ་དེ་གསལ་བོ་རེད། བཙན་བྱོལ་ལ་ཡོང་དགོས་དོན་ཡང་ཆིག་སྒྲིལ་དང་མགོ་འཁྲིད་གཅིག འབོད་སྒྲ་གཅིག་བྱས་ཏེ་ཕེབས་དགོས་ཀྱི་ཡོད་པ་རེད།

    དམངས་གཙོར་ལྟ་སྐབས་དུས་ཆིག་སྒྲིལ་ལ་ལྟ་གྲུབ་འདྲ་མིན་སྣ་ཚོགས་དགོས་ཀྱི་ཡོད་པ་རེད། མགོ་འཁྲིད་གཅིག་ལ་ཕྱོགས་འགལ་ཚོགས་པ་ཡིན་གཅིག་མིན་གཅིག་དགོས་ཀྱི་ཡོད། འབོད་སྒྲ་གཅིག་ལ་གཏམ་བརྗོད་རང་དབང་དགོས་ཀྱི་ཡོད། དེར་བརྟེན། དམངས་གཙོ་ཟེར་བ་དང་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་གཉིས་བར་ལ་ལྟ་གྲུབ་ཐོག་ནས་རང་བཞིན་གྱིས་འགལ་ཟླ་ཆགས་འགྲོ་ཡི་ཡོད། ང་ཚོ་བོད་མིའི་སྒྲིག་འཛུགས་འདི་དམངས་གཙོའི་ལམ་ལུགས་ཡིན་ཞེས་པ་དེ་གཞན་དང་མ་འདྲ་བ་ཞིག་ཡིན། ཐུན་མོང་མ་ཡིན་པ་ཞིག་ཡིན་ཟེར་བ་དེ་དངོས་ནས་རང་མཚོན་ཐུབ་ཀྱི་ཡོད། ཐུན་མོང་མ་ཡིན་པར་ཧ་ཅང་ཡག་པོ་ཡིན་པའི་གོ་བ་ཞིག་ཤོད་བཞིན་ཡོད་ཀྱང་། དེ་རྩོད་གཞི་རེད། ཡིན་ནའང་ཐུན་མོང་མ་ཡིན་པ་ཞིག་ཏན་ཏན་ཆགས་ཡོང་གི་ཡོད་ཅེས་གསུང་འདུག

  12. རྒྱང་མིག says:
    2013-07-02 at 12:11 pm

    ད་ནི་སྲིད་སྐྱོང་གིས་གོ་རྒྱུ་མེད་པའི་རྙོག་གཏམ་མང་པོ་བཤད་ཡོང་གི་འདུག བཤད་སྟངས་ལ་གཞིགས་ན་༧གོང་ས་མཆོག་ནི་ལག་པ་འཕྱི་ས་རང་དུ་བཞག་འདུག་པ་གསལ་བོ་རེད། བཙན་བྱོལ་སྒྲིག་འཛུགས་ནང་དམངས་གཙོའི་ལག་ལེན་བསྟར་མི་དགོས་ན། དམངས་གཙོའི་ལམ་ལུགས་ལ་བརྟེན་ནས་བཙུགས་པའི་དམངས་གཙོའི་ཀ་བ་གསུམ་ལྡན་དུ་བརྗོད་པའི་ད་ཡོད་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པ་ཡོངས་སུ་སྒོ་བརྒྱབ་བཞག་ན་འགྲིག་གི་རེད།
    འཛམ་གླིང་ཐོག་གི་བཙན་བྱོལ་སྒྲིག་འཛུགས་མང་ཆེ་བ་དང་བོད་གཉིས་གཏན་ནས་མི་འདྲ། མི་དགོས་སར་དེ་གཉིས་འོ་ཆུ་ནང་བཞིན་མཉམ་བསྲེས་བྱ་དགོས་དོན་མེད།

    སྲིད་སྐྱོང་གི་ཞེ་འདོད་ལྟར་ན། བཙན་བྱོལ་བོད་དམངས་ཀྱིས་དམངས་གཙོའི་ལམ་ནས་ཁྱེད་རང་བཀའ་ཁྲིར་བདམས་གྲུབ་རྗེས་ད་ནས་རྒྱ་དམར་གྱི་ལམ་ལུགས་ལྟར་མགོ་ཁྲིད་གཅིག་གི་ལྟ་བ་འདི་མུ་མཐུད་ནས་འཁྱེར་འདོད་ཡིན་ས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme