Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་གི་ཆབ་སྲིད་འཚུབ་སྤྱོད་ལ་དོ་སྣང་མི་བྱ་ཀ་མེད་རེད།

Posted on 2013-06-282013-06-28 By ཁ་བརྡ་ 2 Comments on རྒྱ་ནག་གི་ཆབ་སྲིད་འཚུབ་སྤྱོད་ལ་དོ་སྣང་མི་བྱ་ཀ་མེད་རེད།

སེར་སྨད་བློ་དགའ།

རྒྱ་ནག་ཆབ་སྲིད་འཚུབ་སྤྱོད་ལ་དོ་སྣང་མི་བྱ་ཀ་མེད་ཡིན་དུས། ཐོག་མར་ང་ཚོས་ད་ལྟའི་རྒྱ་ནག་གི་གཞི་རྩའི་ཁ་ཕྱོགས་དེ་ངེས་པར་དུ་མཐོང་དགོས། རྒྱ་ནག་གི་ཚོགས་ཆེན་གཉིས་བདུན་ཕྲག་གཉིས་ནས་འཇུག་སྒྲིལ་བ་དང་། སྲིད་འཛིན་གསར་པ་ཞི་ཅིན་ཕིན་གྱིས། ཏིན་ཞའོ་ཕིན་གྱི་རིག་པའི་གཞུང་ལུགས། ཅང་ཙེ་མིན་གྱི་མཚོན་བྱེད་གསུམ། ཧུའུ་ཅིན་ཐའོ་ཡི་ཚན་རིག་འཕེལ་རྒྱས་སྐོར་བསྐྱར་བརྗོད་དང་འབྲེལ། རྒྱ་ནག་གི་ཕུགས་འདུན་ནམ་རྨི་ལམ་མངོན་འགྱུར་དགོས་ན། ངེས་པར་དུ་རྒྱ་ནག་གི་དམིགས་བསལ་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོང་བྱེད་དགོས། ངེས་པར་དུ་རྒྱལ་གཅེས་རིང་ལུགས་སྲོག་ཤིང་བྱས་པའི་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་དགོས། ངེས་པར་དུ་རྒྱ་ནག་གི་རིགས་སོ་སོའི་མཐུན་སྒྲིལ་དམ་པོ་བྱས་ནས་སྟོབས་ཤུགས་གོང་བུ་གཅིག་ཏུ་སྒྲིལ་དགོས་ཞེས་བཤད། འདི་ནས་གསལ་པོ་ཤེས་པ་ནི། དམིགས་བསལ་ཅན་གྱི་སྤྱི་ཚོགས་རིང་ལུགས་དེ་རྒྱ་ནག་གི་སྤྱི་ཚོགས་གནས་བབ་དང་མི་རབས་གསར་པའི་བསམ་བློའི་ནང་རྒྱུག་པོ་མེད་པ་དང་། ལམ་ལུགས་དེ་རྒྱུན་འཁྱོང་ཐུབ་ཀྱི་མེད་པའི་ཐོག་མི་རིགས་རིང་ལུགས་ཀྱིས་སྲོག་ཤིང་བྱེད་པའི་མི་རིགས་ཀྱི་ང་རྒྱལ་ཉམས་གུད་དུ་གྱུར་པ། རྒྱ་ནག་གི་རིགས་སོ་སོའི་དམ་ཚིག་གཙང་མ་མིན་པ་དང་སྟོབས་ཤུགས་མཉམ་བསྐྱོད་བྱེད་ཐུབ་ཀྱི་མེད་པ་བཅས་ཀྱི་སེམས་ཁྲལ་དེ་འགྲེལ་བཤད་བྱས་པ་རེད་ཟེར་ནའང་འགྲིག
ཡང་། འགྲེལ་བརྗོད་དེའི་ནང་དོན་ནི། ཨ་རིའི་རྨི་ལམ་དང་འགྲན་ཟླར་ལངས་པ་ལྟ་བུའི་རྣམ་པ་ཕྱིར་མངོན་བཞིན། ཞི་ཡིས་བཤད་པ་ནི་རྣམ་འགྱུར་ཙམ་ལས་དོན་དངོས། དམར་པོའི་འགོ་ཁྲིད་རྙིང་པས་རྒྱུན་འཁྱོང་གསུམ་ཕུ་འདེད་བྱས་པ་སྟེ། འགྲོ་འདུག་སྤྱོད་གསུམ་གང་དུའང་གུང་ཁྲན་ཏང་གི་ལམ་སྟོན་བསྒུག་དགོས་ཞེས་པ་དེ་རེད། ཨ་རིའི་རྨི་ལམ་ནི་མང་གཙོ་ལ་ཡིད་ཆེས་དང་ཁྲིམས་གྱིས་མདུན་སྟོན་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་བཅས་ཡིན། གནད་དོན་དེ་གསུམ་གྱི་ཐ་སྙད་ཙམ་ཡང་དམར་པོའི་ཇུས་སྒྲིག་འདིས་འཛེམས་ཟོན་ཆེན་པོ་བྱ་དགོས་པའི་ནང་དོན་མུ་མཐུད་བཞིན་འདུག ཡང་། ཞི་ཡིས་བཤད་པའི་རྒྱ་ནག་གི་ཕུགས་འདུན་ནམ་རྨི་ལམ་དེ་འཆམ་མཐུན་བསྐྱར་སྒྲུབ་དང་འབྲེལ་བ་ཡོད་པ་ལྟ་བུར་ཚོར་འོང་། འོན་ཀྱང་། མའོ་ཙེ་ཏུང་གི་སྒུལ་ཤུགས་གཙོ་བོ་དེ། ཀྲུང་ཧཱ་མི་རིགས་ཡར་ལངས་ཡོད། ཅེས་པའི་འབོད་ཚིག་དེ་རེད། ཞི་ཅིན་ཕིན་གྱིས་དེའི་ལད་མོ་ལྟ་བུས་རྒྱ་ནག་གི་ཕུགས་འདུན་ནམ་རྨི་ལམ་ནི། གཞི་རྩ་མི་རིགས་ཆེན་པོའི་ཞེན་ཁོག་གི་མེ་ལྕེ་དེར་གཏད་འདུག་སྙམ། དེ་ལྟར་ན་སྤྱི་མཐུན་ནམ་འཆམ་མཐུན་རིང་ལུགས་ནི་དོན་གྱིས་རྒྱང་བསྐྱུར་བྱས་པ་ཡིན་པས་མི་རིགས་ཆུང་ཁག་གི་རེ་བ་དང་ཡིད་ཆེས་སྟོངས་འགོ་ཚུགས་པ་ནི་ཨ་ཅང་ཅང་།

ཧུའུ་ཅིན་ཐའོ་ཡི་གསོས་ཕྲུག་ལི་ཁི་ཆང་གིས། རྒྱ་ནག་གི་སྲིད་བློན་གྱི་མིང་ཐོག་ནས་སྒེར་སྐུལ་གསར་འགོད་ལྷན་ཚོགས་ཤིག་བསྡུས་པ་དང་ལྷན་ཚོགས་དེར། དང་ཐོག་རྒྱལ་ཕྱི་ནང་གི་གསར་འགོད་པ་༣༠༠༠ ལྷག་ཐོ་འགོད་བྱས་པ་དང་། མཐར་གསར་འགོད་པ་བརྒྱད་བརྒྱ་ཙམ་ལས་དེ་མིན་གྱི་གསར་འགོད་པ་ཡོངས་རྫོགས་ཕུད་རྒྱག་བཏང་བ་རེད། དེ་ནི་ཧུའུ་ཡིས་ཇུས་འགོད་ཅིག་ཡིན་པ་དང་ཧུའུ་ཡི་ཇུས་གཏོགས་དེས་རྒྱ་ནག་གི་འགོ་ཁྲིད་གསར་པའི་མདུན་ལམ་ལ་ནག་ཐིག་ཆེན་པོ་ཞིག་འཐེན་པ་དང་། ཇུས་འགོད་དེ་ཡིས། དུས་ཡུན་ཆོུད་ ༡ དང་། སྐར་ ༤༧ ཅན་གྱི་སྒེར་སྐུལ་གསར་འགོད་ལྷན་ཚོགས་ལ་གོ་སྐབས་མ་སྤྲད་པའི་ཨ་རིའི་གསར་འགོད་པས་གཙོས། ཕྱི་ཕྱོགས་ཀྱི་གསར་འགོད་པ་རྣམས་ལ་ཚོར་སྣང་ཅི་ཙམ་སྤྲད་ཡོད་མེད་དང་དེས་གོ་རྒྱུ་ག་འདྲ་བཏང་ཡོད་མེད། རྒྱ་ནག་གི་འགོ་ཁྲིད་གསར་པའི་རྒྱལ་ཇུས་མདུན་ལམ་ཐད་དོ་ཕོག་ཇི་ཙམ་ཐེབས་ཡོད་མེད་དེ་འདི་ནས་གསལ་བཤད་མི་དགོས་པ་ཞིག་རེད། ཕྱོགས་གཞན་ནས་ལི་ཁི་ཆང་གིས། ང་ཚོས་ཨོ་བྷ་མ་སྲིད་གཞུང་དང་ལྷན་དུ་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་རྒྱུར་མོས་མཐུན་ཡོད། ཅེས་དེ་སྔའི་ཧུའུ་ཡི་སྐབས་ཀྱི་ཨ་རྒྱའི་འབྲེལ་བ་དང་མི་འདྲ་བའི་འབྲེལ་བ་གསར་པ་ཞིག་འཛུགས་རྒྱུར་མོས་མཐུན་ཡོད་པའི་ངོ་གདོང་བསྟན་པ་རེད། གལ་ཏེ་ཨ་རིར་ནུས་པ་ཞིག་ཡོད་ན་ལི་ཡིས་བཤད་པའི་འབྲེལ་བ་གསར་པ་ཞིག་འཛུགས་རྒྱུ་ཞེས་པ་དེར་འཇུ་ས་ཞིག་ཏན་ཏན་ཡོད། རྒྱ་ནག་གི་འགོ་ཁྲིད་གསར་པའི་སྲིད་ཇུས་ལ་ཞག་རྩི་ཞིག་ཐོན་རྒྱུ་ཡོད་མེད་ཀྱང་གཞི་མདོ་དེ་ནས་གསལ་པོ་མཐོང་ངེས་ཡིན། ལི་ཡིས་མགོ་འཕང་མཐོ་པོས། ཕན་ཚུན་གཞི་རྩ་མེད་པའི་སྐྱོན་བརྗོད་མི་བྱེད་པར་དྲ་རྒྱ་སྲུང་སྐྱོབ་ཀྱི་དོན་དངོས་ཤིག་སྒྲུབ་ན་བཟང་ཞེས་ཨ་རིར་དགོད་བཤད་དང་སྡིགས་བཤད་ནན་པོ་བྱས་པ་འདི་ཡང་ཨ་རིས་གསལ་པོ་གོ་ཡོད་པའི་རེ་བ་ཡོད།

དབྱིན་ཇིའི་བྷི་བྷི་སིའི་གསར་འགོད་པས་ལི་ཁི་ཆང་གི་སྐད་ཆར་ཚིག་ཉུང་དོན་བསྡུས་དངོས་ཡོད་བདེན་ཐོག་གི་ཁྱད་ཆོས་དང་ལྡན་པ་ཞེས་གདེང་འཇོག་ཆེན་པོ་བྱས། ཨ་རིའི་གསར་འགོད་པས། བརྗོད་ཚིག་སྐམ་པོར་འཐམ་པའི་དེ་སྔའི་རྒྱ་ནག་གི་འགོ་ཁྲིད་དང་མི་འདྲ་བར་དབྱིན་ཡིག་དང་རང་དབང་གི་བསམ་བློ་ཅུང་མཐོ་པོ་ཡོད་པའི་ལི་ཁི་ཆང་ཞེས་གདེང་འཇོག་ཙམ་བྱས་པ་རེད། ལི་ལ་ཧུའུ་ཡི་བྱིན་རླབས་ཆེན་པོ་ཞུགས་ཡོད་ཐོག རྙིང་ཞེན་དང་རང་སྐྱོབས་ཀྱི་བག་ཆགས་སྲབ་སྲབ་མིན་པ་ནི་ངེས་པར་དུ་ཤེས་དགོས་པའི་གནད་དོན་ཞིག་ཡིན། ཞི་ལི་ཡིས་རྒྱ་ནག་གི་སྲིད་སྐྱོང་གི་དུས་རབས་འགོ་བརྩམས་པ་དང་། ཧུའུ་ཝུན་གྱི་ལོ་བཅུའི་འཁྲབ་ཚན་འཇུག་སྒྲིལ་བ་དུས་མཉམ་ལྟབུ་གྱུར་ཀྱང་། ཧུའུ་ཝུན་གྱི་ལོ་བཅུའི་ནང་དཔལ་འབྱོར་འཕེལ་རྒྱས་དང་དམག་ཤུགས་ཡར་རྒྱས་ཀྱི་ལེའུ་གཉིས་ནི་མངོན་གསལ་དོད་ཤོས་ཀྱི་འཕག་འཚག་དེ་ཡིན། དེ་ནི་རྒྱལ་ནང་གི་དྲོད་ཁུལ་ཁོ་ནར་བསྔགས་བརྗོད་ཐོབ་པའི་གསར་འགྱུར་ཞིག་ཡིན་པ་མ་ཟད། གུང་ཁྲན་གྱི་གསར་བསྒྲགས་ལས་དོན་པས་མཛུབ་རྩེ་དང་ལྕེ་རྩེ་གཉིས་ཀའི་གཡང་འབོད་ཁོ་ནའི་གྱེར་ཚིག་ཅིག་ཏུ་གྱུར་ཡོད།

དངོས་དམག་འཕེལ་རྒྱས་དང་དུས་མཚུངས་སུ་དཔོན་རིགས་ཀྱི་ལྐོག་ཟ་དང་དབུལ་ཕྱུག་གི་ཧེ་བག ཁོར་ཡུག་འབག་བཙོག་བཅས་ཀྱི་རུལ་དྲི་ཇེ་ཆེར་རྒྱས་པ་གཉིས་དོ་མཉམ་སྟེ། རུལ་སུངས་དེས་འགོ་ཁྲིད་གསར་པ་ཚོའི་སྒུལ་སྟོབས་ལ་བར་ཆད་བཏང་ཡོད་པ་ནི། ལི་ཁེ་ཆང་གི་གསར་འགོད་པའི་དྲི་ལན་ལས་གསལ་པོ་ཤེས་ཐུབ། རྒྱ་ནག་དམངས་ཁྲོད་ནས་ལོ་རེར་གཞུང་ལ་ངོ་རྒོལ་གྱི་གྲངས་འབོར་འབུམ་དྲུག་ལས་བརྒལ་བཞིན་པ་དེས་གང་མཚོན་གྱི་ཡོད་ཟེར་ན། རྒྱལ་ནང་གི་རུལ་སུངས་དེ་དཔལ་འབྱོར་གཅིག་པུའི་གནད་དོན་མིན་པར་ཆབ་སྲིད་ཀྱི་གནད་དོན་ཡང་ཚུད་ཡོད་པར་ཐེར་འདོན་བྱས་པ་རེད། དེས་དབང་གིས་རྒྱལ་སྲུང་གི་འགྲོ་གྲོན་ལས་ཀྱང་རྒྱལ་ནང་བདེ་འཇགས་ཀྱི་གྲོན་གཏོང་ཆེ་རུ་ཕྱིན་ཡོད་ཅིང་། སྐད་ཆ་འདི་ནུབ་ཕྱོགས་པའི་བསམ་བློར་ཤོང་གི་མེད་པ་འདྲ། འཆམ་མཐུན་སྤྱི་ཚོགས་གསོ་སྐྱོང་བྱེད་པར་ཁྲིམས་ལུགས་ཀྱིས་དབང་བསྒྱུར་དགོས་པ་དོན་དངོས་ཡིན་པ་འགོ་ཁྲིད་གསར་རྙིང་གཉིས་ཀར་གསལ་གསལ་རྗེན་རྗེན་ཡིན། སྤྱི་ཚོགས་ཀྱི་འགལ་ཟླའི་འོག་ནས་ཁྲིམས་ཀྱི་རྡོག་སྣར་བདེ་ཐབས་ཀྱི་འོད་ཟེར་ཞིག་རྩ་བ་ནས་རྙེད་ཐུབ་ཀྱི་མེད། དེ་ནི་ཁོང་ཚོའི་ཁོག་པའི་ནང་གི་སྡུག་བསྔལ་ཆེ་ཤོས་ཤིག་ཡིན་པས། སྲིད་བློན་རྙིང་པ་ཝུན་ཅ་པའོ་ཡིས་ངོ་ལྐོག་གཉིས་ནས་ཆབ་སྲིད་བཅོས་བསྒྱུར་ཐད་སྐད་ངན་ཤོར་བའི་གྲངས་ཀ་དེ་ཉུང་ཉུང་མིན་པ་དེ་རེད། ལྡོག་ཕྱོགས་ནས་ཝུན་ཅ་པའོ་ཙམ་མིན་པར་ཁོ་པའི་ཁྱིམ་བརྒྱུད་ལའང་ཕྱོགས་མང་པོར་དཀའ་ངལ་འཕྲད་པ་དེས། རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་ལས་འགན་ཁྱེར་མྱོང་བའི་སྐུ་ཞབས་ཧུའུ་ཡའོ་པང་གི་ལོ་རྒྱུས་ངང་གིས་ཕྱིར་དྲན་ཡོང་བ་ཞིག་རེད། ཧུའུ་ཅིན་ཐའོ་དང་ཝུན་ཅ་པའོ་གཉིས་ཀྱི་སྲིད་སྐྱོང་ལོ་བཅུའི་ནང་། འཆམ་མཐུན་འཛུགས་སྐྲུན་ཐད་ཁ་ནས་མོལ་བ་གཅིག་པུ་ལས་བྱ་བ་དངོས་ཀྱི་ཆ་ནས་ཡར་རྒྱས་ལ་ཇུས་ཉེས་ཤ་སྟག་བྱུང་ནས་ནང་ཁུལ་མི་འཆམ་མི་མཐུན་པར་གྱུར་ཐོག རྩོད་རྙིང་གིས་ཧམ་མཆོང་ཚོད་མེད་བྱས་པའི་རྐྱེན་གྱིས་རྒྱ་ནག་དེ། ཉིན་ཧོང་དང་ཧྤི་ལི་ཕིན། ཝེ་ཏི་ནམ་སོགས་ལ་རྒྱང་ཐང་རིང་དུ་ཕྱིན་ཡོད་པས། དེ་གྲུབ་འབྲས་རེད་དམ་ཁེ་ཕན་རེད་ཅེས་པའི་དྲི་བ་དེ་ངང་གིས་སླེབས་ཡོད་པ་རེད།

ཚོད་དཔག་བྱས་ན། འགོ་ཁྲིད་གསར་པ་ཚོས་ཧུའུ་ཝུན་གྱི་རྗེས་བཟློས་ལྟ་བུའི་དཔལ་འབྱོར་དང་དམག་ཤུགས་ཐད་ཀྱི་སྐད་གསང་མཐོ་པོ་ཡིན་ཡང་དོན་དངོས་ནི། ནུབ་ཕྱོགས་པའི་རང་དབང་གི་རིན་ཐང་ལ་འགྲམ་ཆུང་ལྡང་བཞིན་ཡོད་པ་འདྲ། གང་ནས་ཤེས་ཐུབ་ཟེར་ན། ཞི་ཅིན་ཕིན་གྱིས་སྣེ་ཁྲིད་པའི་དཔོན་ཁག་གསར་པ་འདིར་ཁྲིམས་ལ་མི་ལྟོས་པའི་ལམ་རྙིང་བཙན་སྐྱོང་བྱ་རྒྱུར་བློ་མི་བདེ་བ་དང་ཁྲིམས་ཀྱིས་དབང་བསྒྱུར་ལ་མོས་སེམས་ཆེན་པོ་ཡོད་པའི་རྣམ་པ་གསལ་པོར་གྱུར་པ་ཡོངས་གྲགས་ཀྱི་སྐད་ཆ་ཞིག་རེད། གུང་ཁྲན་གྱི་འགོ་གཙོ་མའོ་དང་ཏིན། ཅང་དང་ཧོའུ། ཞི་ཅིན་ཕིན་གྱི་བར་དུ་བརྩིས་པའི་དཔོན་རབས་ལྔ་ཡི་ནང་བོད་པར་ཉིན་གཤིབ་མཚན་གཤིབ་གྱིས་བོད་དྲི་བྲོ་བའི་ཚད་དུ་སླེབས་པ་ནི་ཧོའུ་ཅིན་ཐའོ་གཅིག་པུ་ཡིན་ལ། ཁོ་པ་བོད་ཀྱི་སྡུག་བསྔལ་ལ་རྒྱུས་མངའ་ཆེན་པོ་ཡིན་སྟབས། བོད་ཕྱི་ནང་གཉིས་ཀས་ཀྱང་རེ་བ་ཆེན་པོ་བཅངས་ཡོད། བསམ་ཡུལ་ལས་འདས་པ་ཞིག་ནི། ཧོའུ་ཡིས་བོད་ཀྱི་དགོན་སྡེ་ཁག་ཏུ་ཉེན་རྟོག་ལས་ཁུངས་དང་དྲག་ཆས་ཉེན་རྟོག་དམག་མིའི་སྟི་གནས་གཏན་འཇགས་བཙུགས་པ་དང་། རྒྱལ་གཅེས་ཆོས་གཅེས་ཟེར་བའི་བྱེད་སྒོ་རྟག་ཏུ་སྤེལ་བ་སོགས་བོད་ཡུལ་ལ་ཆེས་མུ་ནག་གི་འཇིག་རྟེན་ཞིག་བསྐྲུན་ཏེ། གང་ལྟར་ཧོའུ་ཝུན་གྱིས་ལོ་བཅུའི་རིང་བོད་ལ་རྒྱོབ་རྒྱོབ་གསོད་གསོད་ཀྱི་དུས་ངན་ཁོ་ནས་བསྐྱེལ་བ་རེད། དེར་བརྟེན་༸གོང་ས་མཆོག་གིས་རྒྱ་ནག་གཞུང་ལ་ཡིད་ཆེས་བརླགས་ཀྱང་རྒྱ་ནག་མི་མང་ལ་ཡིད་ཆེས་བརླག་མེད་ཅེས་གསུངས་པ་རེད། འགྲེལ་བཤད་དེ་དག་ལས། ཡང་སྙིང་བོད་ལ་ལྟ་རྒྱུ་ཅི་འདུག་ཟེར་ན། བོད་པས་ནི། རྒྱ་ནག་མི་མང་ལ་ཡིད་ཆེས་བྱ་ཆོག་པ་དང་རྒྱ་ནག་མི་མང་གི་སྒུལ་བསྐྱོད་ལ་སྒུགས་རྒྱུ་དེ་རེད། རྒྱ་ནག་མང་ཚོགས་ཀྱི་རང་དབང་གི་མདུན་ལམ་ཡང་མང་ཚོགས་སྡེབ་འགུལ་གྱི་རང་དབང་འཐབ་རྩོད་དང་དེའི་ནུས་ཤུགས་ལ་རག་ལས་ཡོད་པ་རེད། བོད་མི་གཅིག་པུའི་སྟོབས་ཤུགས་ཙམ་མིན་པར་དེར་རྒྱ་ནག་མི་མང་གི་ནུས་སྟོབས་སྡོངས་པ་ཡིན་ན། བོད་རྒྱ་ཕྱོགས་གཉིས་ཀྱི་མི་མང་ལ་བདེ་སྐྱིད་ཅིག་ཏན་ཏན་ཐོབ་འོང་སྙམ།
མིས་མི་ལ་ཡིད་ཆེས་ཀྱི་ཐོག་ནས་མདུན་ལམ་བཟོ་དགོས་པ་ནི་དོན་དམ་གྱི་ལས་དོན་དེ་ཡིན་པས། བོད་པས་༸གོང་ས་མཆོག་དང་རྒྱ་ནག་མི་མང་ལ་ཡིད་ཆེས་བྱ་རྒྱུ་དང་། དོ་བདག་རང་ཉིད་ཀྱི་ས་ནས་ནུས་པ་རེ་བེད་སྤྱད་དེ་བརྒྱུད་ལམ་འདྲ་མིན་ཐོག་ནས་རྒྱ་ནག་གི་མང་ཚོགས་དེ་གུང་ཁྲན་གྱི་ཁ་བསླུ་གཡོ་བསླུའི་འོག་ཏུ་མི་ཤོར་བ་བྱ་རྒྱུ་དེ་ཡིན། ད་བར་རྒྱ་ནག་གི་དཔོན་རིགས་ལ་བོད་པར་ཡིད་ཆེས་དང་བློས་འགེལ་བྱེད་པའི་སྙིང་སྟོབས་ཤིག་རྩ་བ་ནས་སླེབས་མ་མྱོང་བ་དེ་དོགས་གནས་ཆེན་པོ་ཞིག་ཡིན། བོད་པས་རྒྱ་ནག་གི་འགོ་འཁྲིད་ཡོད་ཚད་ལ་ཡིད་ཆེས་མི་བྱེད་ཟེར་མ་མྱོང་། རང་ཉིད་ཀྱི་ཕོར་པའི་ཆེད་དུ་མི་རིགས་དང་རིག་གནས་སོགས་བློས་གཏོང་ཐུབ་པའི་བྱམས་པ་ཕུན་ཚོགས་དང་པདྨ་འཕྲིན་ལས་ལྟ་བུར། བོད་མིས་ཡིད་ཆེས་བརླགས་ཟིན་པར་བསྐྱར་བརྗོད་བྱེད་ཀྱིན་ཡོད། གུང་ཁྲན་གྱི་ཡིད་ཆེས་བྱེད་ས་ནི། རྒྱལ་གཅེས་ཆོས་གཅེས་ཀྱི་བསླབ་བྱར་ཉམས་ལེན་གང་ཆེ་ཆེ་དང་། ཏང་ལ་བསྟོད་དབྱངས་འབུལ་མཁན་གྱི་གཞས་པ་དང་གཞས་མ་གང་དྲག་དྲག གོ་མིན་ཏང་དང་གུང་ཁྲན་ཏང་ནང་འཁྲུགས་ཀྱི་གློག་བརྙན་འཁྲབ་སྟོན་པ་གང་བཟང་བཟང་། གུང་ཁྲན་དང་ལྟ་བ་མི་མཐུན་པའི་རྒྱལ་ནང་གི་གྲངས་ཉུང་མི་རིགས་དང་རྒྱ་ནག་གི་དགྲ་ཟླར་གཏོགས་པའི་ཉིན་ཧོང་སོགས་ལ་གང་རྩུབ་རྩུབ་བྱེད་མཁན་དེ་ཚོ་རེད། རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོར་འགྱུར་བ་གསར་པའི་རེ་བ་དང་ནུས་པ་གཉིས་ཀ་ཆུང་བའི་ཐོག མི་མང་གི་སྟོབས་ཤུགས་ཀྱིས་རྒྱ་ནག་ལ་འགྱུར་བ་ཞིག་མ་ཕྱིན་ཚེ་དེ་ལས་གཞན་པའི་ཐབས་ལམ་ཞིག་ཧ་ལམ་མེད་པ་ལྟ་བུ་གྱུར་ཡོད། འཛམ་གླིང་ནང་མཁྲེགས་འཛིན་ཅན་གྱི་གཞུང་གི་འགྱུར་བ་དེ་དག་མང་ཚོགས་ཀྱི་སྟོབས་ཤུགས་ཉག་གཅིག་ལ་བརྟེན་ནས་བྱུང་ཡོད་པ་དེ་ང་ཚོས་དཔེ་དབྱིབས་སུ་ཉར་དགོས་པ་ཡིན།

རྒྱ་ནག་གི་མདུན་ལམ་ཐད། རྩ་བ་ནས་ར་མི་འཕྲོད་པ་ཞིག་ཡོད་པ་ནི། རྒྱ་ནག་གི་རྩ་ཁྲིམས་ནང་། རང་རྒྱལ་གྱི་དབང་ཆ་ཡོངས་རྫོགས་མི་མང་ལ་ཡོད་ཟེར་བ་དང་། ཕྱོགས་གཞན་ཞིག་ནས་ཏང་གིས་ཡོད་ཚད་ལ་མགོ་ཁྲིད་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས། ཟེར་བ་འདི་གཉིས་ཡིན། ཞི་ཅིན་ཕིན་གྱིས། རྒྱ་ནག་གི་ཕུགས་འདུན་ནམ་རྨི་ལམ་ནི་མི་མང་གི་རྨི་ལམ་ཡིན། ངེས་པར་དུ་མི་མང་དང་དམ་པོར་འབྲེལ་ནས་མངོན་འགྱུར་བྱེད་དགོས། ཟེར་བ་དེར་ལྟ་རྒྱུ་ཞིག་འདུག ཧུའུ་ཅིན་ཐའོ་ཡིས་མ་འགྲུབ་པའི་འཆམ་མཐུན་དེ་ཞི་ཅིན་ཕིན་གྱིས་ཇི་ལྟར་འགྲུབ་ཐུབ་བམ། ཞེས་པའི་དྲི་བ་དེར་ཞི་ཡི་སྐད་ཆ་དེས་ལན་ཏག་ཏག་ཕོག་འདུག་བསམ་པ་རེད། ཧུའུ་ཡིས་ལོ་བཅུའི་རིང་འཆམ་མཐུན་མ་འགྲུབ་པའི་རྒྱུ་མཚན་ནི། གཞི་རྩའི་འཆམ་མཐུན་ཞེས་པ་དེར་ནོར་འཁྲུལ་མེད་ཀྱང་། དེ་ཡོང་ཐབས་ཀྱི་ཐབས་ལམ་ནང་དྲག་ཤུགས་བེད་སྤྱོད་བཏང་བ་དང་མང་ཚོགས་ཀྱི་སྐད་ཆ་རྣ་རྒྱབ་ཏུ་གཡུག་ཅི་ཐུབ་བྱེད་པ། ཕན་ཚུན་དོགས་ཟོན་དང་གནོད་ཤུགས་སྤྲད་པ་སོགས་ལ་ཐུག་ཡོད་པ་རེད།
ད་དུང་། རང་ལུས་མེར་བསྲེགས་ཀྱི་ངན་སྐུལ་ཕྱི་ཕྱོགས་ནས་བྱས་པ་རེད་ཟེར་བ་དང་། བོད་མི་མང་གུང་ཁྲན་གྱི་འགོ་ཁྲིད་འོག་བདེ་སྐྱིད་ཀྱི་ཉི་མ་ཤར་ཡོད་ཟེར་བ་གཉིས་རྦད་དེ་ནང་འགལ་ཆགས་པ་རེད། དེ་ནི་མི་ལ་དོགས་པ་སློང་བའི་སྐད་ཆ་ཚབས་ཆེན་ཞིག་ཡིན་པ་དང་། བདེ་སྐྱིད་ཀྱི་ཉི་མ་ཤར་སའི་མི་དེས་རང་ལུས་མེར་བསྲེག་ཅིའི་ཕྱིར་གཏོང་བ་དང་ག་འདྲ་བྱས་ནས་གཏོང་དགོས་བྱུང་བ། ངན་སྐུལ་བྱེད་པའི་ནུས་པ་དེ་སུ་ཞིག་ལ་ཅི་འདྲའི་སླེབས་པ་རེད་དམ་ཟེར་ན། མདུན་ལ་ཐོན་ནས་ལན་འདེབས་བྱ་ངེས་ཤིག་རྙེད་ཁག་པོ་ཡིན། ཕྱོགས་གཞན་ཞིག་ནས་ཕྱིར་སྡོད་བོད་མི་ལ། བོད་ནང་གི་བོད་པ་ཚོར་(མཛུབ་མོ་གར་བསྟན་ཤར་) ཟེར་པའི་དཔེ་ལྟར་ནུས་ཤུགས་ཆེན་པོའི་ངན་སྐུལ་བྱ་རྒྱུའི་ནུས་པ་ཡོད་པར་དོན་གྱིས་ཁས་ལེན་བྱས་ཡོད་པས། ཕྱིར་གནས་བོད་མིར་ནུས་པ་དེ་འདྲ་ཞིག་ཡོད་ཚུལ་ཐད། རྒྱ་ནག་གཞུང་འབྲེལ་གྱི་ཐོག་ནས་འགྲེལ་བཤད་ཞིབ་གཙང་བྱ་རྒྱུར་དང་ལེན་བྱས་ཚེ། དེ་ནས་བཟུང་བོད་རྒྱ་ཕྱོགས་གཉིས་ཀྱི་འགྲེལ་བཤད་དེ་གཞི་ནས་གཙང་མ་ཆགས་འགོ་ཚུགས་པ་རེད།

སྣ་ཚོགས།

Post navigation

Previous Post: དགེ་རྒན་གྱི་སློབ་གསོ། ༼མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་བཤད།༽
Next Post: རྒྱལ་བའི་སྐུ་པར་བཤམ་ཆོག་པའི་རང་དབང་ནི་གཡོ་སྒྱུའི་སྲིད་བྱུས་ཤིག་རེད་འདུག

Comments (2) on “རྒྱ་ནག་གི་ཆབ་སྲིད་འཚུབ་སྤྱོད་ལ་དོ་སྣང་མི་བྱ་ཀ་མེད་རེད།”

  1. དབྱངས་ཅན་འབངས། says:
    2013-06-28 at 11:50 am

    དཔྱད་སྟངས་དང་བྲིས་སྟངས་གཉི་ག་སྣང་བ་ལ་ཕྱིན་སོང་། སྟག་ཤར་ཁྱོད་སྔོན་མ་མཐོང་དུས་ནས་དངོས་གནས་མི་ངར་པོ་དོ་མེད་ཅིག་ཏུ་མཐོང་སོང་ལ་དོན་དངོས་ཀྱང་ད་ག་རང་ཡིན་བཟོ་འདུག བྱས་ཙང་ཕོ་རྒོད་ཁྱོད་དྲང་པོའི་ཕྱོགས་སུ་མདུན་ལ་མ་གཏོགས་རྒྱབ་བཤིག་མི་བརྒྱབ་རྒྱུ་དེ་ངའི་རེ་བ་ཡང་ཡིན་ལ་ཡིད་ཆེས་ཀྱང་ཡིན། ཁ་དྲོ།

  2. བྱམས་པ་ལྷུན་གྲུབ། says:
    2013-06-28 at 12:10 pm

    དཔྱད་བརྗོད་སྤེལ་བར་ཡི་རངས་ཡོད། འོན་ཀྱང་འདི་ནི་ཞིབ་ཚགས་ཀྱི་དཔྱད་བརྗོད་ཅིག་ནི་རེད་མི་འདུག ཞིབ་ཚགས་སམ་སྤུས་ཚད་མཐོན་པོའི་དཔྱད་བརྗོད་ཅིག་ཡིན་ན་དེ་ལ་རྒྱབ་ལྗོངས་ཀྱི་ཁུངས་ལུང་དང་རྒྱུ་མཚན་ཡིད་རྟེན་འཕེར་བ་དུ་མ་ཞིག་དགོས། གང་ལྟར་ཁྱོད་ཀྱིས་གནས་དོན་འདི་བྲིས་པས་གླེང་སློང་དང་བསམ་གཞིགས་བྱེད་པའི་གཞི་དང་། དོགས་སློང་མང་པོ་བྱས་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme