Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཟློག་བསྒྱུར།

Posted on 2013-06-232013-06-24 By ཁ་བརྡ་ 11 Comments on བཟློག་བསྒྱུར།

སྣ་ཚོགས་རང་གྲོལ།

ཕྱི་ཚུལ་གདན་ས་ཆེན་མོར་འགྲིམ་ཚུལ་སྟོན།།
ནང་སེམས་འཇིག་རྟེན་ཚོང་འབྲེལ་ལས་ལ་བྲེལ།།
ཕྱི་ནང་ཟློག་ནས་སྤྱོད་པའི་སེར་གཟུགས་ཚོར།།
དགེ་བཤེས་མིང་བྱང་སྤྲད་པར་བཟློག་ཏུ་གསོལ།། 

ཚེ་སྟོད་རིག་པའི་གཞུང་ལུགས་འབད་པས་བསྦྱངས།།
ཚེ་སྨད་ནུབ་ཕྱོགས་ལུང་པར་ཁྱི་བཞིན་ཉུལ།།
ཐོས་དོན་བསྒོམ་པ་མེད་པའི་སེར་གཟུགས་ཚོར།།
དགེ་བཤེས་མིང་བྱང་སྤྲད་པར་བཟློག་ཏུ་གསོལ།།

རང་ཕྱོགས་དཀར་པོ་ཡིན་པའི་སྒྲུབ་བྱེད་དང་།།
གཞན་ཕྱོགས་ངན་པའི་རྒྱུ་མཚན་མེད་ན་ཡང་།།
དཀར་ནག་བཙན་གྱིས་ལོག་པར་འགྲེལ་མཁན་ཚོར།།
དགེ་བཤེས་མིང་བྱང་སྤྲད་པར་བཟློག་ཏུ་གསོལ།།

དེང་རབས་རིག་པའི་བློ་མིག་ལྡོངས་པ་ནས།།
རང་མིང་འབྲི་བའི་ལག་རྩལ་མེད་པའི་བར།།
བརྡ་སྤྲོད་རིག་པ་དགྲ་རུ་འཛིན་མཁན་ཚོར།།
དགེ་བཤེས་མིང་བྱང་སྤྲད་པར་བཟློག་ཏུ་གསོལ།།

རྙིང་པ་ཐམས་ཅད་ནོར་འཁྲུལ་མེད་པར་བརྩིས།།
གསར་པ་ཡོད་ཚད་བདུད་ཀྱི་འཕྲུལ་དུ་བལྟ།།
གསར་རྙིང་འགལ་དུ་ལྟ་བའི་སེར་མོ་བར།།
དགེ་བཤེས་མིང་བྱང་སྤྲད་པར་བཟློག་ཏུ་གསོལ།།

གཞུང་ཆེན་ཐོས་རྩོད་བྱེད་པའི་ང་རྒྱལ་ཅན།།
ཉམས་ལེན་གཡའ་དང་བྲལ་བའི་འདོད་རྔམ་ཅན།།
རྨོངས་དད་མགོ་བོ་བསྐོར་བའི་གཡོ་སྒྱུས་ཅན།།
དགེ་བཤེས་མིང་བྱང་རེ་བ་བཟློག་ཏུ་གསོལ།།

ཆོས་ཀྱི་ར་བར་སྲིད་དོན་གླེང་ཁུལ་བྱེད།།
སྲིད་ཀྱི་ཁྲིམས་རར་ཆོས་ལུགས་དགོས་རབས་བཤད།།
ཆོས་སྲིད་ཟུང་འབྲེལ་སྨྲ་བའི་མགོ་བདེ་ཚོར།།
དགེ་བཤེས་མིང་བྱང་སྤྲད་པར་བཟློག་ཏུ་གསོལ།།

གཞུང་ཆེན་སློབ་གཉེར་དགྲ་ཡི་དྭངས་མར་བརྩིས།།
རང་ཁེ་གཞན་ཕམ་མི་ཚེའི་སྙིང་པོར་བལྟ།།
ཆོས་ཀྱི་དྲི་མ་བྲལ་བའི་སེར་གཟུགས་ཚོར།།
དགེ་བཤེས་མིང་བྱང་སྤྲད་པར་བཟློག་ཏུ་གསོལ།།

མཐར་ཐུག་གོ་འཕང་འཐོབ་ལ་མི་བརྩོན་པར།།
འཇིག་རྟེན་སྲིད་ཀྱི་ཁྲི་ལ་རྩོད་པ་ཅན།། 
འཕྲལ་ཕུགས་ཁེ་བཟང་ནོར་བའི་སེར་མོ་བར།།
དགེ་བཤེས་མིང་བྱང་སྤྲད་པར་བཟློག་ཏུ་གསོལ།།

ཚུལ་མཐུན་བུད་མེད་སྤྱོད་ན་ཧང་སང་བྱེད།།
ཚུལ་མིན་ཨེན་ཆུང་དེ་ཚོར་ཅི་དགར་སྤྱོད།།
གནས་ལུགས་ལྡོག་ནས་སྒྲུབ་པའི་སེར་གཟུགས་ཚོར།།
དགེ་བཤེས་མིང་བྱང་སྤྲད་པར་བཟློག་ཏུ་གསོལ།།

ཟུར་གནས་དྲང་བདེན་ཁ་ནས་མ་ཎི་དྲངས།།
ཕྱོགས་རིས་ཆགས་སྡང་ལག་གིས་ཉམས་ལེན་བྱེད།།
གཡོ་སྒྱུའི་ལས་ལ་བྱང་བའི་སེར་གཟུགས་ཚོར།།
དགེ་བཤེས་མིང་བྱང་སྤྲད་པར་བཟློག་ཏུ་གསོལ།།

སྙན་མོའི་ཚིག་གིས་གཞན་སེམས་བསླུ་བར་བྱེད།།
གཡོ་སྒྱུའི་ཐབས་ཀྱིས་ཕ་རོལ་དབང་དུ་བསྡུས།།
ཚེ་འདིའི་སླད་དུ་དགེ་བར་འཛེམ་མཁན་ཚོར།།
དགེ་བཤེས་མིང་བྱང་སྤྲད་པར་བཟློག་ཏུ་གསོལ།།

འཆད་པ་གླེན་ལྐུགས་ལྕེ་རྩེ་མེད་པ་འདྲ།།
རྩོད་པ་བསྡུས་གྲྭའི་གསར་བུར་འཇིགས་སྣང་སྐྱེས།།
རྩོམ་པ་རི་བོང་རྭ་ཡི་རྗེས་འགྲོ་ཅན།།
དགེ་བཤེས་མིང་བྱང་རེ་བ་བཟློག་ཏུ་གསོལ།
རྩོམ་རིག

Post navigation

Previous Post: རྩོམ་པ་པོ་ཚེ་རིང་འོད་ཟེར་གྱི་སྐད་ཆ།
Next Post: སྐྱེས་ཆེན་ལགས།

Comments (11) on “བཟློག་བསྒྱུར།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-06-24 at 12:07 am

    ཚུལ་མཐུན་བུད་མེད་སྤྱོད་ན་ཧང་སང་བྱེད།།
    ཚུལ་མིན་ཨེན་ཆུང་དེ་ཚོར་ཅི་དགར་སྤྱོད།།
    གནས་ལུགས་ལྡོག་ནས་སྒྲུབ་པའི་སེར་གཟུགས་ཚོར།།
    དགེ་བཤེས་མིང་བྱང་སྤྲད་པར་བཟློག་ཏུ་གསོལ།།
    ཞེས་པ་ལ།
    ཚུལ་མཐུན་བུད་མེད་སྤྱད་ན་དགའ་བ་བསྒོམས། །
    ཚུལ་མིན་ཨེན་ཆུང་འབྲེལ་ན་སྐྱུག་བྲོ་བ། །
    གནས་ལུགས་ལྡོག་སྨྲ་སྣ་ཚོགས་རང་གྲོལ་ལ། །
    དགེ་བཤེས་མིང་བྱང་སྤྲོད་པར་བཟློག་ཏུ་གསོལ། །

  2. བོད་ཀྱི་རྒྱལ་མཚན། says:
    2013-06-24 at 12:59 am

    ཚུལ་མཐུན་བུད་མེད་ཆག་སྤྱོད་འཇིག་རྟེན་མིའི་ལུགས་མཐུན།
    ཚུལ་མིན་ཨེན་ཆུང་ཆག་སྤྱོད་ཆོས་སྲིད་མིའི་ལུགས་འགལ།
    ཚུལ་མིན་བྱ་སྤྱོད་ཆོས་སྲིད་ལུགས་འགལ་སེར་གཟུགས་ཚོར།
    ཚུལ་མཐུན་དགེ་བཤེས་མིང་བྱང་སྤྲོད་པར་བཟློག་ཏུ་གསོལ།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-06-24 at 2:46 am

    ཆོས་ཀྱི་ར་བར་སྲིད་དོན་གླེང་ཁུལ་བྱེད།།
    སྲིད་ཀྱི་ཁྲིམས་རར་ཆོས་ལུགས་དགོས་རབས་བཤད།།
    ཆོས་སྲིད་ཟུང་འབྲེལ་སྨྲ་བའི་མགོ་བདེ་ཚོར།།
    དགེ་བཤེས་མིང་བྱང་སྤྲད་པར་བཟློག་ཏུ་གསོལ།།
    ཞེས་པ་ལ།
    ཆོས་ཀྱི་ར་བར་སྲིད་དོན་ལ་རྒྱས་ཁེངས། །
    སྲིད་ཀྱི་ཁྲིམས་རར་ཆོས་ལུགས་བྱིན་རླབས་བརླན། །
    ཆོས་སྲིད་ཟུང་འབྲེལ་སྨྲ་བའི་བྱང་སེམས་ཚོར། །
    དགེ་བཤེས་མིང་བྱང་ངེས་པར་སྩོལ་དུ་གསོལ། །

  4. ལུང་རྟོགས། says:
    2013-06-24 at 9:57 am

    གཞུང་ལུགས་ལེགས་པར་སྦྱང་པ་མ་བྱས་ཤིང་།།
    ཐོས་དོན་བསམ་པས་སྒྲོ་འདོགས་མ་བཅད་པར།།
    བ་ཕྱུགས་ལོ་ཤས་འཚོ་བའི་སེར་གཟུགས་ཚོར།།
    དགེ་བཤེས་མིང་བྱང་སྤྲད་པ་བཟློག་ཏུ་གསོལ།།

  5. ཅོ་རི་ཉི་མ། says:
    2013-06-24 at 10:16 am

    ཨོ་ཉི་དང་པདྨ་གཉིས་ཀྱིས་ཉོན་བྱོས། ཀརྨ་པ་ལ་བསྟོད་པ་བྲིས་པའི་འོག་གི་མཆན་སྒོ་བརྒྱབ་འདུག མཆན་བུ་བཏབ་ས་མི་འདུག་པས་འདི་ན་ཁྱོད་གཉིས་ལ་ལན་ཞིག་འཇོག་གི་ཡོད།
    པདྨ་ཡིས་ཨོ་ཉི་ལ་སྒོ་ཁྱི་རེད་ཅེས་འབོད་བཞིན་འདུག ཨོ་ཉིས་ཡང་ང་རང་གི་ལས་དབང་རེད་ཅེས་ཡིན་མདོག་མདོག་བྱས་ཀྱི་འདུག ཁྱོད་གཉིས་ཉོན་ཨ། བོད་གངས་ཅན་པའི་སྒོ་ཁྱི་ཟེར་བ་འདི་ཁ་ཞེ་གཉིས་ཀྱི་བོད་གངས་ཅན་པའི་ཕ་ཁྱིམ་ལ་བློ་དཀར་གཞུང་དྲང་དང་། དགྲ་རྐུ་ཇག་གྱི་ཐོག་སྟག་ལྟར་ངར་བའི་སྙིང་སྟོབས་ཅན་གྱི་བོད་གངས་ཅན་པའི་སྒོ་ཁྱིའི་མིང་འདི་མྱི་ཨོ་ཉི་ལྟ་བུ་ལ་འདོགས་ན་བོད་གངས་པའི་སྒོ་ཁྱིའི་མཚན་སྙན་ལ་གནོད་ཀྱི་འདུག རིན་གོང་ཡང་མར་ཆག་སྲིད་པ་རེད།

    བྱས་ཙང་སྤྲུལ་སྐུ་ཨོ་ཉི་ལྟ་བུ་ལ་སྒོ་ཁྱིའི་མིང་འཁུར་བའི་ཐོབ་ཐང་མེད་ངེས་ཡིན། དེ་བརྟེན་འདོགས་མཁན་གྱི་འདོགས་མི་ཆོག་ལ་མིང་ལེན་གྱི་ལེན་མི་ཆོག སྒོ་ཁྱིའི་མིང་འཁུར་པ་ལ་སྒོ་ཁྱིའི་ལས་ཀ་བྱེད་ཐུབ་དགོས། སྒོ་ཁྱི་ལྟ་བུའི་ཕ་ཁྱིམ་ལ་བློ་དཀར་དྲང་བ་དང་རྐུ་ཇག་ལ་གདུང་ལེན་བྱེད་མཁན་ཞིག་དགོས་ངེས་ཡིན། ཧཧཧ

  6. བན་དེ་བ། says:
    2013-06-24 at 12:06 pm

    གཞུང་ལུགས་པོད་ལྔ་མིག་གིས་མ་མཐོང་ཅིང།
    དགག་བཞག་སྤོངས་གསུམ་ཉིན་གཅིག་རྩོད་མྱོང་མེད།
    ལོ་གསུམ་ཟླ་གསུམ་སྐྱིད་ཉལ་རྒྱགས་མཁན་ཚོར།
    སློབ་དཔོན་མཁན་པོ་ཟེར་བ་བཟློག་གྱུར་ཅིག

  7. མ་ཧཱ་སིདྡྷི། says:
    2013-06-24 at 3:11 pm

    ད་ངས་བཟློག་བསྒྱུར་ཐ་མ་ཞིག་ནས་རྫོང་འདེབས་བྱེད་ཀྱི་ཡིན།
    གྲྭ་སའི་དགེ་བཤེས་ཉམས་ལེན་མེད།།
    དེ་ཡང་ཟློག་པའི་ཕྲིན་ལས་མཛོད།།
    རི་ཁྲོད་མཁན་པོར་ཐོས་པ་མེད།།
    དེ་ཡང་ཟློག་པའི་ཕྲིན་ལས་མཛོད།།
    ཕྱི་རྒྱལ་ཆེད་དུ་དགེ་བཤེས་གཏོང་།།
    དེ་ཡང་ཟློག་པའི་ཕྲིན་ལས་མཛོད།།
    སློབ་དཔོན་མཁན་པོ་སྒོར་མོས་ཉོ།།
    དེ་ཡང་ཟློག་པའི་ཕྲིན་ལས་མཛོད།།
    མདོར་ན་ཆ་མི་སྙོམ་པ་ཡི།།
    ཐོས་བསམ་འགལ་འདུའི་ལྟག་སྤྲོད་པ།།
    མཁན་པོ་དགེ་བཤེས་མིང་འཛིན་རྣམས།།
    ཕྱོགས་མེད་ཕྱོགས་བྲལ་གནས་སུ་དེངས།།
    ཨོྃ་ཐོས་པ་མེད་པའི་མཁན་པོ་སློབ་དཔོན་གཙྪ་གཙྪ་སྭཱ་ཧཱ། སྒོམ་པ་མེད་པའི་སྤྲུལ་སྐུ་དགེ་བཤེས་གཙྪ་གཙྪ་སྭཱ་ཧཱ།
    ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

  8. ཀརྡོ་གཉེར་ཕྱག་པ་ says:
    2013-06-25 at 4:47 am

    ཨོྃ་ཐོས་པ་མེད་པའི་མཁན་པོ་སློབ་དཔོན་གཙྪ་གཙྪ་སྭཱ་ཧཱ། སྒོམ་པ་མེད་པའི་སྤྲུལ་སྐུ་དགེ་བཤེས་གཙྪ་གཙྪ་སྭཱ་ཧཱ།
    ས་མ་ཡཱ༔ རྒྱ་རྒྱ་རྒྱ༔
    ཞེས་པའི་དོན་གང་ཡིན་ནམ། དངོས་གནས་ཚིག་འགྲེལ་མ་ཤེས་ནས་དྲིས་པ་ཡིན་པས་་་་་

  9. ལེགས་བཤད། says:
    2013-06-25 at 11:06 am

    རྗེ་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ་ཞེས་བྱ་བ་བཞུགས་སོ།།
    ________________________________________
    དགེ་བཤེས་ཤེས་རབ་རྒྱ་མཚོ།
    ༄༅།།རྗེ་བཙུན་འཇམ་དཔལ་དབྱངས་དང་གཉིས་སུ་མ་མཆིས་པའི་བླ་མ་དམ་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་ཞབས་ ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། ཚེ་རབས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ།
    ཕན་བདེའི་གཟུགས་འཆར་དངུལ་དཀར་མེ་ལོང་ལ།། དག་གཙང་ཙམ་གྱིས་ཉིན་མཚན་ཁ་སྦྱོར་ཞིང་།། མངོན་ཤེས་རྫུ་འཕྲུལ་སྦ་བའི་ཐུགས་དམ་ཅན།། སྐྱབས་གཅིག་དྲིན་ཆེན་བླ་མ་བློ་བཟང་གྲགས།། བདེ་སྐྱོང་སྣོད་དང་ཕུར་བུའི་ཆེ་བ་མེད།། ཆང་དང་བུད་མེད་སྤྱོད་པའི་འཕྲུལ་མཛངས་མེད།། སྐལ་ངན་རྨོངས་པ་སླུ་བའི་སྙིང་སྟོབས་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། རང་ཤར་རང་གྲོལ་རྫིག་པོའི་རྟོགས་པ་མེད།། དུས་གསུམ་གཟིགས་པའི་ཉམས་དང་ལུང་བསྟན་མེད།། ཕ་རོལ་གསོད་པའི་མཐུ་དང་ནུས་པ་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། རང་བཟོའི་བརྡ་ཆད་སྤེལ་བའི་གཞུང་འགྲེལ་མེད།། འགལ་འདུའི་སྟོང་གསོབ་ཚིག་བཀྲའི་ཝུ་བ་མེད།། མ་རེག་ཐུག་པའི་རྒྱུས་གཏམ་ཁ་ཕོ་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། གྲུབ་རྟགས་སྤྱི་བོར་སྤུངས་པའི་རལ་བ་མེད།། ལུས་ཕྲའི་འཁོར་དང་ཤ་ཆང་ལོངས་སྤྱོད་མེད།། དྭངས་མ་འདོད་རྒུར་འཇོ་བའི་བདེ་ཆེན་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། ལྷ་མཐོང་འདྲེ་མཐོང་སྤྱན་དང་མངོན་ཤེས་མེད།། བླུན་དད་འདྲེན་པའི་ལྟས་དང་བརྟག་དཔྱད་མེད།། རྙེད་བཀུར་ཟབ་ལམ་སྒྲུབ་པའི་འདག་སྦྱར་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། དབེན་གཞིས་སྟོང་བའི་སྐུ་ཡི་ཏིང་འཛིན་མེད།། འབྲུ་གསུམ་མ་དམིགས་ངག་གི་ཏིང་འཛིན་མེད།། ངེས་ཤེས་བྲལ་བའི་ཐུགས་ཀྱི་ཏིང་འཛིན་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། རང་ཉམས་ཁུངས་མེད་འདོན་པའི་སྤོབས་པ་མེད།། རྒྱལ་བའི་བཀའ་ལས་འགོངས་པའི་སྙིང་སྟོབས་མེད།། ས་རྡོ་རྨི་ལམ་ལུང་གི་ཆོས་གཏེར་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། འདུལ་བའི་ཁྲིམས་ཀྱིས་མ་གོས་ལུང་གཙང་མེད།། དམ་པ་སྒྲོལ་བའི་ཕཊ་དང་ཧཱུཾ་སྒྲ་མེད།། སོར་རྟོག་དཔྱད་སྒོམ་སྤོང་བའི་ཐོམ་ཡོར་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། མདོ་སྔགས་ཉམས་ལེན་གདན་གོས་སོ་སོར་མེད།། ཕན་ཚུན་སྤོང་བའི་རྭ་དང་མཆེ་བ་མེད།། བཤད་སྲོལ་མཐའ་དག་འདྲེས་པའི་ཁྲུས་རྫིང་མེད།།འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ ཕྱག་འཚལ།། ལག་རྗེས་རྐང་བས་བསུབ་པའི་སུག་བཞི་མེད།། དཔྱད་ན་གཏད་སོ་བྲལ་བའི་འཇའ་རིས་མེད།། རྨོངས་ཡུས་བརྗིད་པོར་ཆགས་པའི་སྤྲིན་ཕུང་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། ཚད་ལྡན་མཁས་པ་སྨོད་པའི་ལྕེ་རྩལ་མེད།། ཆོས་མཐུན་རྒོལ་བའི་ཐོག་གི་འཇིགས་པ་མེད།། སྡོམ་གསུམ་དྲི་ཡིས་ཁོར་ཡུག་བཏང་བ་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། མ་སྦྱངས་མཁས་པའི་རང་བྱུང་འབྲས་བུ་མེད།། མ་བསྒོམས་གྲོལ་བའི་རྟོགས་པ་ཀློང་རྡོལ་མེད།། མ་བཤིག་ཞིག་པའི་སྒྲིབ་པ་རང་ལོག་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། རང་ཉིད་མ་གྲོལ་གཞན་སྒྲོལ་གདམས་པ་མེད།། རང་ཉིད་མི་ཤེས་གཞན་སློབ་འཆད་རྩོམ་མེད།། རང་ཚོད་མ་རྟོགས་དུས་གསུམ་རིག་པ་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། རྟག་ཆད་མཐའ་རུ་གོལ་བའི་ལྟ་བ་མིན།། བྱིང་ཕྲའི་ཀློང་དུ་འབྱམས་པའི་སྒོམ་པ་མིན།། བག་མེད་གླང་ཆེན་སྨྱོན་པའི་སྤྱོད་པ་མིན།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། གནག་རྫིས་ཕྱུགས་ངོ་བགྲང་བའི་འཆད་པ་མིན།། དམུས་ལོང་གཟུགས་ལ་རྟོག་པའི་རྩོད་པ་མིན།། བྱིས་པས་བྱེ་མ་སྤུངས་པའི་རྩོམ་པ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། མ་སྦྱངས་རི་ནས་བརྡོལ་བའི་མཁས་པ་མིན།། རྐུན་པོ་ནོར་ལ་འཇབ་པའི་བཙུན་པ་མིན།། རང་སྲོག་གཅོད་ལ་མཛའ་བའི་བཟང་པོ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། འཁྲུལ་བ་རང་ཞིག་རལ་བའི་རྟོགས་ལྡན་མིན།། སྨན་ཤར་མཁའ་འགྲོས་དབང་བསྐུར་སློབ་མ་མིན།། སྦྱོར་སྒྲོལ་ཨ་ཏི་གསང་བའི་རིག་འཛིན་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། རིག་པའི་སྣང་བ་མ་མཐོང་མིག་སེར་མིན།། ཟེར་སྒྲོས་མ་ཎི་འདོན་པའི་མཆུ་དམར་མིན།། འགལ་འདུའི་ཚིག་ཉམས་བཀྲ་བའི་མདོངས་མཐའ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། མ་རྟོགས་ཁུང་བུར་ཉལ་བའི་སྦྲུལ་ནག་མིན།། ལོག་རྟོག་ལྗོན་རྩེར་འཁྱུག་པའི་སྤྲེའུ་མིན།། སོམ་ཉིའི་འབུ་སྲིན་ཟ་བའི་བྱིའུ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། འཇིག་རྟེན་ཕ་རོལ་འཇོམས་པའི་དགྲ་སྟ་མིན།། འདི་སྣང་བདེ་ལ་རྒྱས་པའི་པདྨ་མིན།། མཐོང་ཚད་བདེན་པའི་འཛིན་པའི་ལྕགས་ཀྱུ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། དམ་པ་སྨོད་ལ་མི་འཇིགས་རྡོ་རྗེ་མིན།། བླུན་པོའི་འཁོར་མང་སྡུད་པའི་ཞགས་པ་མིན།། ཕན་བདེའི་བྲག་རི་གསིལ་བའི་ཐོག་མདའ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། མང་དུ་ཐོས་པའི་ལུས་རྩལ་ཞུམ་པ་མིན།། དྲི་མེད་རིགས་པའི་མཆེ་སྡེར་རྟུལ་བ་མིན།། ལེགས་པར་བཤད་པའི་གཡུ་རལ་གཟི་ཆུང་མིན།།འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། མདོ་རྒྱུད་ཆུ་གཏེར་ཆེ་ལ་འཇིགས་པ་མིན།། ཡང་དག་ཐབས་ཀྱི་སྣ་ཞགས་ཐུང་བ་མིན།། སྐྱེས་སྦྱངས་ཤེས་རབ་སོ་རྣོན་བྲུལ་བ་མིན།། འབྲོག་རིའི་གླང་བོ་དེ་ལ་བདག་ཕྱག་འཚལ།། བཤད་སྲོལ་གཤེགས་པའི་བཤུལ་ལམ་གཡང་ས་མིན།། སྨྲ་ངན་ཝ་མོས་དབྱི་བའི་དོགས་གནས་མིན།། རྗེས་འབྲང་འཇིགས་པས་བ་སྤུ་གཡོ་བ་མིན།། འབྲོག་རིའི་ཁྱུ་མཆོག་དེ་ལ་བདག་ཕྱག་འཚལ།། ཕྲག་དོག་རྨོངས་པའི་ས་ཡིས་གནོན་ནུས་མིན།། སྤངས་རྟོགས་ཡལ་འདབ་ར་བར་ཤོང་བ་མིན།། ལེགས་བཤད་དྲི་བཟང་ཕྱོགས་རེར་འཐུལ་བ་མིན།། འབྲོག་རིའི་དཔག་བསམ་དེ་ལ་བདག་ཕྱག་འཚལ།། མཐའ་བྲལ་གནམ་འཕང་གཅོད་ལ་ཞུམ་པ་མིན།། ཀུན་མཁྱེན་དག་གསལ་གསེར་མིག་ལྡོངས་པ་མིན།། གཞུང་ངན་གདུག་སྦྲུལ་ཡན་པོར་གཏོང་བ་མིན།། འབྲོག་རིའི་མཁའ་ལྡིང་དེ་ལ་བདག་ཕྱག་འཚལ།། རང་བྱུང་ཚངས་པས་རི་མོར་སྤེལ་བ་མིན།། བླུན་པོའི་བསྟོད་བསྔགས་རྟ་ཡིས་དྲངས་པ་མིན།། མཁས་རློམ་ཆུ་རྒྱན་སྨྲ་བའི་གོ་སྐབས་མིན།། འབྲོག་རིའི་ཟླ་བ་དེ་ལ་བདག་ཕྱག་འཚལ།། འཇམ་དབྱངས་མཁྱེན་རབ་རལ་གྲི་ཆག་པ་མིན།། གསང་དབང་མཐུ་ནུས་རྡོ་རྗེ་འཐོར་བ་མིན།། འཕགས་མཆོག་བརྩེ་ཆེན་མེ་ཏོག་ཟུམ་པ་མིན།། རིགས་གསུམ་གཅིག་བསྡུས་བླ་མ་བློ་བཟང་གྲགས།། སྙིང་ནས་དྲན་པའི་གསོལ་འདེབས་གླིང་བུའི་གདངས།། དད་གུས་སོར་རྩེས་ལྡེམ་པོར་བསྒྱུར་བ་ནི།། ངོ་མཚར་དཔག་ཡས་ཡིད་དགའ་ཆོས་འཛིན་ནས།། ཡབ་གཅིག་འཇམ་དཔལ་སྙིང་བོས་གསན་དུ་གསོལ།། འཇམ་དབྱངས་མཁྱེན་རབ་ཉི་མ་ཞུ་བའི་ངོགས།། རྒྱལ་ཀུན་དགོངས་པའི་པདྨོ་རྣམ་རྒྱས་པ།། ད་དུང་སྨྲ་མཁས་དབྱངས་ཅན་བྱེ་བས་བཟུང་།། དགྱེས་འཛུམ་གསར་བའི་ཐིགས་ཕྲེང་སྤྲོ་བར་མཛོད།། བརྩེ་ཆེན་བྱིན་རླབས་དྲི་བཟང་འཛིན་པའི་དཔལ།། རྣམ་དཔྱོད་དལ་གྱིས་འཁྱིལ་བའི་ལང་ཚོ་ནི།། ཁྱོད་ཀྱི་ལེགས་བཤད་མཚོ་ལས་མི་འཕོ་ཞིང་།། ཟབ་གསང་དོག་པ་མངར་བོས་སྙེམས་པར་མཛོད།། དབང་བོ་སྙིགས་མའི་ཡང་མཐར་ལྷུང་བ་ཡི།། རྨོངས་པ་རྣམས་ཀྱི་རོལ་རྩེད་འདི་དགོངས་ལ།། མཁྱེན་བརྩེ་མི་ཟད་གསང་བའི་འཕྲུལ་འཁོར་གྱིས།། ཡང་དག་རྡོ་རྗེའི་མིག་གི་སྣང་བ་སྩོལ།། རྨོངས་ཞེན་འཁྲུལ་བའི་དྲི་མ་བསལ་དུ་གསོལ།། ཟབ་དོན་དག་པའི་རི་མོ་མཇལ་དུ་གསོལ།། ངེས་ལེགས་བདུད་རྩིའི་རོ་མཆོག་མྱོང་དུ་གསོལ།། མཁའ་མཉམ་ལས་ཅན་བདེ་ལ་སྦྱོར་དུ་གསོལ།། དེང་སང་སྐྱེ་བོ་ཕལ་ཆེར་བློ་མིག་ལྡོངས།། ལེགས་བཤད་ཉེས་བཤད་འབྱེད་པའི་མཐུ་རྩལ་ཆུང་།། ཇི་ལྟར་བྱས་ཀྱང་དོན་དུ་འགྱུར་དཀའ་བ།། བརྩེ་བས་དགོངས་ལ་མྱུར་དུ་བསྐྱབ་ཏུ་གསོལ།། དེ་ཕྱིར་རྨོངས་ཞེན་གྲགས་པའི་རྗེས་སུ་འབྲང་།། ཡིན་ལུགས་བརྡ་ཡིས་སྦྲན་ན་ཚུར་ལ་བསྡོ།། ལས་ངན་མགོ་བསྐོར་ཁྲམ་པའི་སྤྱོད་ལ་རངས།། བརྩེ་བས་དགོངས་ལ་མྱུར་དུ་བསྐྱབ་ཏུ་གསོལ།། དུས་གསུམ་མཁས་མཆོག་ཀུན་གྱི་བགྲོད་གཅིག་ལམ།། རྨོངས་པའི་འཁྲི་ཤིང་གཅོད་པའི་རལ་གྲི་ཆེ།། གཞུང་དོན་ཐང་མར་བརྡལ་བ་སྐྱོན་དུ་སེམས།། བརྩེ་བས་དགོངས་ལ་མྱུར་དུ་བསྐྱབ་ཏུ་གསོལ།། སྒོ་ངའི་མཐིལ་ནས་ནམ་མཁའི་ལོ་རྒྱུས་སྨྲ།། མཁས་པའི་དྲི་གཏུགས་འགོག་པའི་གཡོ་ཟོལ་བྲིན།། བླུན་སྒོམ་ལྷ་མཐོང་འདྲེ་མཐོང་མཆོག་ཏུ་འཛིན།། བརྩེ་བས་དགོངས་ལ་མྱུར་དུ་བསྐྱབ་ཏུ་གསོལ།།
    ཕྱི་ཡི་སྤྱོད་ཚུལ་གནས་བརྟན་ཨུ་པ་ལི།། ནང་གི་རྣལ་འབྱོར་དཔལ་ལྡན་ས་ར་ཧ།། གསང་བ་འཆད་རྩོམ་རྩོམ་པ་འཇམ་དཔལ་དབྱངས།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག།། ཉི་མའི་གཉེན་གྱི་གསུང་རབ་མ་ལུས་པ།། གདུལ་བྱ་གཅིག་གི་གདམས་པར་འགལ་མེད་འཆད།། ཕྲ་ཞིབ་ལུང་རིགས་ཐིག་ལས་འཛུར་བ་མེད།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། ཡང་དག་ལྟ་དང་གསང་ཆེན་བིད་ཀ་ར།། གངས་ཅན་མཁས་རློམ་ཆུ་གཏེར་ཀློང་བྱིང་ཚེ།། གསར་བཤད་གསེར་མིག་གཟུགས་ཀྱིས་འདོན་མཁས་པ།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། གཞན་སྟོང་བདེན་གྲུབ་ཡོད་མིན་མེད་མིན་སོགས།། སྨྲ་བ་ངན་པའི་རི་ཚོགས་འཁྲུགས་པའི་ཚེ།། རིགས་ལམ་རྩེ་བརྒྱ་འབར་བས་གཞོམ་མཛད་པ།།མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། མདོ་དང་སྔགས་ཀྱི་ཆོས་ཚུལ་གང་ལའང་།། རྗེ་བཙུན་མཁྱེན་པའི་གཏེར་དང་རང་རང་གི། གདམས་པའི་ཆུ་མགོར་སྒྲོ་འདོགས་ལྷག་མེད་བཅད།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། རང་བཞིན་མེད་དང་མེད་པ་དོན་གཅིག་སོགས།། ཆོས་ཉིད་དཔྱད་བཟོད་སྨྲ་བའི་ཐལ་འགྱུར་སྲོལ།། བྱུང་ཚེ་ལེགས་བཤད་སྣང་བ་འབུམ་ཕྲག་སྤྲོས།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། གང་སྣང་དགག་བྱ་མཉམ་བཞག་ཡུལ་མེད་སོགས།། ཆེན་པོ་རྣམས་ཀྱང་རྒྱ་ལ་ཐིམ་པའི་ཚེ།། མཁྱེན་རབ་གྲི་སོ་རྣོན་པོས་དུམ་བརྒྱར་གྲོལ།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། རྒྱལ་ཀུན་དགོངས་པ་ཟད་སར་བསྐྱལ་བའི་མཐུས།། ཟབ་དོན་དགྲོལ་བའི་གསུང་ཟུར་ཕྲ་མོས་ཀྱང་།། རྒོལ་ངན་གླང་བོ་འབུམ་སྡེ་གཅིག་ཅར་འཇིག།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག།། དེ་ཚེ་འདོད་ཡོན་ཆང་གིས་མྱོས་པ་འགའ།། སུན་འབྱིན་ལྟར་སྣང་གློག་དམར་འཕེན་ལ་བརྩོན།། བ་སྤུའི་རྩེ་ཡང་མི་གཡོ་རི་ཡི་དབང་།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། མ་འོངས་སྲིད་པའི་སྐྱེ་ཕྲེང་ཐམས་ཅད་དུ།། བློ་བཟང་རྒྱལ་བའི་བསྟན་དང་མི་འབྲལ་ཞིང་།། ཚང་ལ་མ་ནོར་དགེ་ལྡན་བཀའ་བརྒྱུད་ཀྱི།། གདམས་པས་འགྲོ་བའི་མགོན་པོ་མྱུར་ཐོབ་ཤོག།
    ཅེས་རྗེ་བཙུན་འཇམ་དཔལ་དབྱངས་དང་གཉིས་སུ་མ་མཆིས་ཤིང་སྐྱེ་རྒུ་རྣམས་ལ་གཅིག་ཏུ་བརྩེ་བའི་གཞན་དབང་དུ་གྱུར་བ་གངས་རིའི་ལྗོངས་འདིར་འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་སྲོལ་དཔལ་ལྡན་ཐལ་འགྱུར་བའི་རང་ལུགས་ཕྱིན་ཅི་མ་ལོག་པར་འགྲེལ་བ་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་སྨྲ་བའི་ཁྱུ་མཆོག གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་ཚོགས་ཀྱི་སློབ་དཔོན་ཆེན་པོའི་ཆེན་པོར་བཞུགས་པ་དག་གིས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་ཡུལ་དམ་པར་གྱུར་པ། ཕྱི་སོ་སོར་ཐར་བའི་བརྟུལ་ཞུགས་བརྟན་པོ་ལ་གནས་ཤིང་ནང་གསང་བ་སྔགས་ཀྱི་རྣལ་འབྱོར་ཟབ་མོ་ལ་རྩེ་གཅིག་ཏུ་གཞོལ་བའི་བདག་ཉིད་ཆེན་པོ། བཀའ་དྲིན་མཚུངས་མེད་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་འཇམ་ མགོན་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་ལ་སྙིང་ཐག་པ་ནས་ བསྟོད་ཅིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ ཀྱི་རྫིང་བུ་ཞེས་བྱ་བ་འདི་ནི། ༧རྗེ་བླ་མའི་རིང་ལུགས་ལ་མི་ཕྱེད་པའི་དད་པ་བརྟན་པོ་དང་ལྡན་ཞིང་ཞི་དུལ་བག་ ཡོད་ལ་གནས་པའི་མང་ཐོས་དགེ་བའི་བཤེས་གཉེན་ཁྲི་བྱང་ཡོངས་འཛིན་ཕུ་ཁང་པ་བློ་ བཟང་ཚུལ་ཁྲིམས་ནས་འདི་ལྟ་བུ་ཞིག་བྲི་དགོས་ཞེས་ཡང་ཡང་ནན་ཏན་མཛད་པ་ལྟར། བཀའ་དང་དགོངས་འགྲེལ་གྱི་ལེགས་བཤད་མང་པོ་རྣ་ལམ་དུ་སོན་པའི་མཐུ་ལས་ཆོས་དང་ཆོས་མིན་གྱི་རྣམ་དབྱེ་འབྱེད་པའི་སྤོབས་པ་ཅུང་ཟད་དགེ་ཞིང་འཇམ་མགོན་བླ་མ་ས་ གསུམ་གྱི་སྒྲོན་མེ་གང་གི་རྗེས་སུ་དད་གུས་ཀྱིས་མངོན་པར་ཕྱོགས་པའི་ལུང་རིགས་ རབ་འབྱམས་སྨྲ་བ་ཤེས་རབ་རྒྱ་མཚོར་འབོད་པས་དགོས་དབང་གིས་དགག་ཕྱོགས་ནས་བརྩམས་ཏེ་ཤིན་ཏུ་གོ་སླ་བར་མཁས་གྲུབ་བྱེ་བའི་བསྟི་གནས་སེ་ར་ཐེག་པ་ཆེན་པོའི་གླིང་ དང་ཉེ་བར་ཆར་འཁོད་དབེན་པའི་གནས་མཆོག་ཆུ་བཟང་རི་ཁྲོད་དུ་དད་གུས་རྩེ་གཅིག་པས་སྦྱར་བ་ཚེ་རབས་ཀུན་ཏུ་ཞྭ་སེར་རིང་ལུགས་དྲི་མ་མེད་པ་དང་མི་འབྲལ་བའི་རྒྱུར་ གྱུར་ཅིག། །།

  10. ལེགས་བཤད། says:
    2013-06-25 at 12:12 pm

    སྣ་ཚོགས་རང་གྲོལ་ཁྱོད་ཀྱིས་གོང་གི་བསྟོད་ཚིག་དེ་ཡང་ཡང་སྐྱོར་རོགས་ཞུ། རི་བོ་དགེ་ལྡན་པའི་ཁྱད་ཆོས་དེའི་སྟེང་དུ་ཡོད་པ་རེད།

  11. ཀརྡོ་གཉེར་ཕྱག་པ་ says:
    2013-06-25 at 6:58 pm

    ་་་་་་ མཐུ་ལས་ཆོས་དང་ཆོས་མིན་གྱི་རྣམ་དབྱེ་འབྱེད་པའི་སྤོབས་པ་ཅུང་ཟད་དགེ་ཞིང་འཇམ་མགོན་བླ་མ་ས་ གསུམ་གྱི་སྒྲོན་མེ་གང་གི་རྗེས་སུ་དད་གུས་ཀྱིས་མངོན་པར་ཕྱོགས་པའི་ལུང་རིགས་ རབ་འབྱམས་སྨྲ་བ་ཤེས་རབ་རྒྱ་མཚོར་འབོད་པས་དགོས་དབང་གིས་དགག་ཕྱོགས་ནས་བརྩམས་ཏེ་་་་་་་་ ཟེར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme